DJYD-KABUM-10-THA-009
DJYD-KABUM-10-THA-009
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་ སྤུ་གྲིའི་ཚེ་སྒྲུབ་ཀྱི་ཕྲིན་ལས་འཆི་མེད་འདོད་འཇོའི་ དགའ་སྟོན་ཅེས་བྱ་བ་བཞུགས་སོ། །
(1བ)ཨོཾ་སྭ་སྟི། གཞོམ་བྲལ་མི་ཤིགས་རྡོ་རྗེ་སེམས་དཔའི་དངོས། བསྒྲེས་རྒུད་ཡོངས་བྲལ་གཞོན་ནུའི་སྐུ་དེ་ལ། །བཏུད་ནས་ཚེ་དབང་བསྒྲུབ་ཅིང་འགུགས་པའི་ལུང་། །འཆི་མེད་འདོད་པ་འཇོ་བའི་དགའ་སྟོན་སྤྲོ། །(འདིལ་བཞི། བསྒྲུབ་བྱའི་ཚེ། སྒྲུབ་པའི་དགོས་ཆེད། སྒྲུབ་བྱེད་ཀྱི་ཐབས། གྲུབ་པའི་འབྲས་བུའོ། །དང་པོ་ནི། རྡོ་རྗེ་གཞོན་ནུ་ཚེའི་ལུང་ལས། ཚེ་ནི་རྣམ་པ་གསུམ་ཡིན་ཏེ༔ འཕོ་ཞིང་གཡོ་བ་ཐིག་ལེའི་ཚེ༔ འགྲོ་དང་འོང་བ་རླུང་གི་ཚེ༔ གཞོམ་དུ་མེད་པ་གཉུག་མའི་ཚེ༔ ཞེས་སོ། །གཉིས་པ་ནི། གློ་བུར་འཕོ་འཇིག་ཞི་བ་དང་༔ མི་འགྱུར་ཡེ་ཤེས་རྒྱས་པའི་ཕྱིར༔ རྡོ་རྗེ་ཚེ་ཡི་མཆོག་བསྒྲུབས་ནས༔ རྣལ་འབྱོར་ཟབ་མོ་མཐར་ཕྱིན་བྱ༔ ཞེས་དང་། གཞན་ལས་ཀྱང་། ལས་རྣམས་ཀུན་གྱི་ཐོག་མར་ནི། །རིག་འཛིན་ཚེ་ཡི་སྒྲུབ་པ་བྱ༔ ཆོས་སྤྱོད་བསླབ་ལྡན་རྣལ་འབྱོར་(2ན)པའི༔ ཚེ་རིང་བ་ནི་དགེ་བ་སྟེ༔ འདི་དང་ཕྱི་མའི་དོན་འགྲུབ་ཅིང་༔ དངོས་གྲུབ་ཀུན་ཀྱང་མངོན་དུ་འགྱུར༔ ཞེས་སོ། །གསུམ་པ་ལ་སྦྱོར་དངོས་རྗེས་གསུམ་གྱི། སྦྱོར་བ་ལ། ཚེ་དང་གལ་གྱི་མཐུན་སྡེབ་ལས༔ སྙིང་པོའི་བཅུད་ལྡན་འབྲང་རྒྱས་དང་༔ ཚེ་ཡི་རིལ་བུ་མ་ད་ན༔ ལོངས་སྤྱོད་ཆེན་པོའི་འབྱོར་པར་བཤམ༔ ཞེས་པས། སྒྲུབ་པའི་དལ་གྱི་དབུས་སམ་ཤར་ཕྱོགས་སུ་ཚེ་གལ་མཐུན་སྡེབ་ཀྱི་རྒྱུ་ལས་བསྐྲུན་པའི་ཚེའི་འབྲང་རྒྱས། གཡས་སུ་ཇི་སྐད་དུ། རིན་ཆེན་སྦྲུ་སྨན་དྲི་ལྔ་དང་༔ ཁྱད་པར་སྙིང་པོ་རྣམ་པ་ལྔ༔ དབང་པོ་ལག་པ་འབྲས་བུ་གསུམ༔ ཅོང་ཞི་བྲག་ཞུན་རྩ་བ་ལྔ༔ རྟག་ཏུ་ངུ་དང་དཱུ་རྦར་བཅས༔ འབྲས་དཀར་སཱ་ལུས་འདམ་སྦྱང་ལ༔ རིལ་བུ་སྲན་མ་ཙམ་དུ་དྲིལ༔ སིནྡྷུ་ར་དང་མཚལ་གྱིས་བསྒྱུར༔ ཞེས་པ་ལྟར་འདུ་བྱས་པའི་ཚེ་རིལ། གཡོན་དུ་མངར་གསུམ་བདུད་རྩི་ཨ་མྲྀ་ཏ་དང་སྦྱར་བའི་ཚེ་ཆང་བཅས་ལེགས་པར་བཤམ། ཕྱོགས་གང་བདེར་ཚེ་འགུགས་པའི་རྟེན་འབྲེལ་གྱི་ཡོ་བྱད་མདའ་རྒོད་སྒྲོ་མ་དར་ཚོན་(2བ)སྣ་ལྔས་སྤུད་པ་དང་། གཞན་ཡང་ཉེ་བར་མཁོ་བའི་ཆ་རྐྱེན་རྣམས་ཚོགས་པར་བྱས་ལ། དངོས་གཞི་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བཟླས་པའི་སྐས་སུ་བབས་ལན་ཁྱད་པར་གྱི་དམིགས་བཟླས་ནི།)བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དཔལ་ཆེན་གཙོ་འཁོར་ཚེའི་བདག་པོའི་ངོ་བོར་བཞུགས་པའི་ཐུགས་རྒྱུད་བསྐུལ་ཏེ་སྔགས་སྒྲ་དིར་དིར་སྒྲོགས་ཤིང་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཁོར་འདས་ཁྱབ་པར་འཕྲོས། རང་གི་བླ་ཚེ་འཁྱམས་པ་ཡར་བ་བསྐུས་པ་འཕྲོག་པ་ལ་སོགས་པ་ཐམས་ཅད་དང་། བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ། རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཚེའི་བྱིན་རླབས་ཐམས་ཅད་བསྡུས་ཏེ་བདག་དང་སྒྲུབ་རྫས་རྣམས་ལ་སིབ་སིབ་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་ལ་མངའ་བརྙེས་པར་(བསམ་ཞིང་།) ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཨཱ་ཡུ་ཛྙཱ་ན་སིངྔྷི་ཕ་ལ་ཧཱུཾ་ཨཱཿ (ཞེས་ཆུ་བོའི་རྒྱུན་བཞིན་དུ་བཟླ། ཐུན་མཚམས་སུ་ཚེ་བཅུད་འགུགས་པའི་སླད་དུ་མདའ་དར་གཡབ་ཅིང་།)ཧཱུཾ༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གར་དགུའི་རོལ་པས་གནས་མཛད་ཅིང་༔ འཁོར་ལོ་རྒྱས་འདེབས་ཡུམ་དང་འཁྲིལ༔ ཡབ་ཡུམ་གཉིས་མེད་སྦྱོར་བའི་སྒྲས༔ དུས་གསུམ་སངས་རྒྱས་རབ་མཆོད་ནས༔ བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི༔ མུ་ཏིག་ཁུ་འཕང་(3ན)དབབ་ཏུ་གསོལ༔ ཚེ་བུམ་འདི་ལ་བྱིན་གྱིས་རློབས༔ རིག་འཛིན་སྒྲུབ་པོའི་ཚེ་སྤེལ་ཅིག༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ༔ ཨཱ་ཡུརྫྙཱ་ན་ཛཿ ཧཱུཾ༔ སྒྲོལ་ཡུམ་ཨེ་ཀ་ཛ་ཊཱི་མ༔ ཆོས་ཀྱི་དབྱིངས་ཀྱི་མཁའ་འགྲོ་ཡུམ༔ ཁྲག་འཐུང་ལྷ་ཚོགས་མཉེས་བྱེད་མ༔ སངས་རྒྱས་ཀུན་དང་མཉམ་སྦྱོར་བའི༔ བདེ་སྟོང་ཉི་མའི་གཟི་བརྗིད་ཀྱིས༔ མཁའ་འགྲོ་ཐམས་ཅད་དབང་བསྡུས་ནས༔ བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི༔ མུ་ཏིག་ཁུ་འཕང་དབབ་ཏུ་གསོལ༔ ཚེ་བུམ་འདི་ལ་བྱིན་གྱིས་རློབས༔ རིག་འཛིན་སྒྲུབ་པོའི་ཚེ་སྤེལ་ཅིག༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ༔ ཨཱ་ཡུརྫྙཱ་ན་ཛ༔ ཧཱུཾ༔ ཆོས་དབྱིངས་ནམ་མཁའི་དཀྱིལ་འཁོར་ནས༔ སྲས་མཆོག་རྡོ་རྗེ་ཕུར་པ་སྟེ༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྲས༔ ཁྲོ་བོའི་ཚུལ་སྟོན་གདུག་པ་འདུལ༔ སྟོང་གསུམ་སྟོང་གི་འཇིག་རྟེན་འདིར༔ སྤྲུལ་པ་གྲགས་མེད་ཁྲོ་ཚོགས་ཀྱིས༔ དགྲ་བགེགས་གདུག་པ་དབྱིངས་སུ་སྒྲོལ༔ མཁའ་མཉམ་བདེ་ཆེན་རྒྱས་པར་གྱིས༔ བྱང་སེམས་ཐིག་ལེ་མི་ཤིགས་དབུས༔ མུ་ཏིག་ཁུ་འཕང་དབབ་ཏུ་གསོལ༔ ཚེ་བུམ་འདི་ལ་བྱིན་གྱིས་རློབས༔ (3བ)རིག་འཛིན་སྒྲུབ་པོའི་ཚེ་སྤེལ་ཅིག༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ༔ ཨཱ་ཡུརྫྙཱ་ན་ཛ༔ ཧཱུཾ༔ ཕྱོགས་བཅུ་རང་བྱུང་གྲུབ་པའི་ལྷ༔ ཡེ་ཤེས་ཁྲོ་བོ་ཆེན་པོ་བཅུ༔ ཡུམ་ཆེན་རྡོ་རྗེ་ཁྲོ་མོ་བཅུ༔ སྤྲུལ་པ་ཁྲ་ཐབས་ཚོགས་རྣམས་ཀྱང་༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་ཏེ༔ བགེགས་ཆེན་འདུལ་ཞིང་ཁྲོ་ཚུལ་སྟོན༔ གཡས་ན་ལྕགས་ཀྱུ་ཕུར་བུ་བསྣམས༔ གཡོན་ན་བདུད་རྩིའི་བུམ་པ་བསྣམས༔ ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ནས༔ ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ལས༔ བྱང་སེམས་ཐིག་ལེའི་ཁུ་འཕང་འབེབས༔ ཁུག་ཅིག་ཁུག་གཅིག་ཚེ་ཁུག་ཅིག༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཕྱོགས་བཅུའི་གནས་ནས་ཚེ་ཁུག་ཅིག༔ ཚེ་བུམ་འདི་ལ་བྱིན་གྱིས་རློབས༔ རིག་འཛིན་སྒྲུབ་པོའི་ཚེ་སྤེལ་ཅིག༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ༔ ཨཱ་ཡུརྫྙཱ་ན་ཛཿ ཧཱུཾ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ དཀར་མོ་ཞི་མཛད་པུ་ཤུད་མགོ༔ ལྕགས་ཀྱུ་ཚེ་བུམ་ལག་ན་བསྣམས༔ ལོག་འདྲེན་འགུགས་མཛད་སྒོ་སྲུང་མ༔ ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ (4ན)དྲི་ཟའི་ལག་ནས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷིནྡྷ་ཡ་བིང་བིང་ཧཱུཾ་ཕཊ༔ ཨཱ་ཡུརྫྙཱ་ན་ཛཿ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ སེར་མོ་ཀངྐའི་མགོ་བོ་ཅན༔ ཕྱག་ན་ཞགས་པ་ཚེ་བུམ་བསྣམས༔ ཚེ་དང་ལོངས་སྤྱོད་རྒྱས་མཛད་མ༔ ཁུག་ཅིག་ཁུག་གཅིག་ཚེ་ཁུག་ཅིག༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ གྲུལ་བུམ་ལག་ནས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནམ༔ ས་མནྟ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ༔ ཨཱ་ཡུརྫྙཱ་ན་ཛཿ ཧཱུཾ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ དམར་སེར་སྲིན་བྱའི་མགོ་བོ་ཅན༔ ལྕགས་སྒྲོག་ཚེ་ཡི་བུམ་པ་བསྣམས༔ ལོག་འདྲེན་དབང་མཛད་སྒོ་སྲུང་མ༔ ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཀླུ་ཡི་ལག་ནས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་བྲ་སུ་རུ་ཧཱུཾ་ཕཊ༔ ཨཱ་ཡུརྫྙཱ་ན་ཛཿ ཧཱུཾ༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ལྗང་གུ་ཁྲ་ཡི་མགོ་བོ་ཅན༔ དྲིལ་བུ་ཚེ་བུམ་ལག་ན་བསྣམས༔ ལོག་འདྲེན་སྒྲོལ་མཛད་སྒོ་སྲུང་མ༔ ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག༔ དྲོངས་ཤིག་(4བ)དྲོངས་ཤིག་ཚེ་དྲོངས་ཤིག༔ གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ༔ ཨའ་ཡུརྫྙཱ་ན་ཨ་བེ་ཤ་ཡ་ཛཿ (ཞེས་བསྐུལ་ལ།)བྷྲཱུཾ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་དཀྱིལ་དུ་བསྟིམ༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེ་གཞོན་ནུའི་སྲོག་ཐོབ་ཤོག༔ ཨ་ཡུརྫྙཱ་ན་ཨ་ཨ་ཨ༔ (ཞེས་ཆོས་ཉིད་ཀྱི་ངང་དུ་ཚེ་སྦ། ཚུལ་དེ་ལྟ་བུའི་ངེས་པས་སྒྲུབ་པ་ཐེམ་པ་ན། རྗེས་དངོས་གྲུབ་བླང་བའི་སླད་དུ། མངོན་པར་འདོད་པའི་དོན་ལ་གདུང་བའི་ཤུགས་ཀྱིས་བསྐུལ་ཏེ།) ཧཱུཾ༔ སྲིད་པའི་ཕུར་བུ་བདག་གིས་བསྒྲུབ་པ་དང་༔ ཚེ་དབང་དངོས་གྲུབ་མ་ལུས་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་ཆེན་འབར་བའི་འཁོར་བཅས་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་མྱུར་དུ་བསྟན་པ་དང་༔ བཛྲ་ཀཱི་ལིའི་ཚེ་དབང་དངོས་གྲུབ་སྩོལ་༔ (རྩ་སྔགས་མཐར།)ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིངྔྷི་ཕ་ལ་ཧཱུཾ་ཧཱུཾ་བྷྲཱུཾ་ཧྲཱིཿཛཿཛཿཧཱུཾ་བྷྲཱུཾ་གུ་ཎ་བཛྲ་སརྦ་སིངྔྷི་ (ཞེས་དབང་བླངས་ཏེ་ཚེ་རྫས་ལ་ལོངས་སྤྱད་པས་འཆི་མེད་རྡོ་རྗེའི་སྲོག་ལ་མངའ་བརྙེས་པར་བསམ་ཞིང་ཤིས་པ་སྤེལ། གལ་ཏེ་སྣོད་ལྡན་གྱི་སློབ་མ་ལ་ཚེའི་དབང་བསྐུར་ན། སློབ་བུ་དཔལ་ཆེན་ཚེ་ཡི་བདག་པོར་གསལ་བ་ལ་ཚེ་འགུགས་ཤིང་བཅུད་བསྡུས་ནས། གོང་གི་ཚིགས་བཅད་ཀྱིས་ཚེ་འབྲང་གིས་དབང་བསྐུར། སྔགས་བཟླ་བཞིན་ཚེ་རིལ་ (5ན)ཆང་སྦྱིན་ལ་རྒྱས་གདབ་སྟེ་ཤིས་པ་བརྗོད་པས་དོན་གྲུབ་པ་ཡིན་ནོ། །བཞི་པ་ནི། དེས་ནི་ཚེ་ཡི་བར་ཆད་ཞི༔ དངོས་གྲུབ་འཆི་མེད་གོ་འཕང་འཐོབ༔ ཚེ་གཅིག་གྲུབ་པ་མཐར་ཕྱིན་འགྱུར༔ ཞེས་སོགས་རྡོ་རྗེ་ཧེ་རུ་ཀ་ཆེན་པོའི་དཔལ་གྱི་མགུར་ནས་རྒྱ་ཆེར་བཀའ་བསྩལ་བ་ལྟར་རོ། །རྒྱུད་ཀྱི་ལུང་གང་གྲུབ་པའི་མན་ངག་གིས། །གནད་དུ་དྲིལ་བཞིན་གསལ་བར་བརྗོད་འདིས་ཀྱང་། །འགྲོ་ཀུན་འཆི་བདག་གཡུལ་ལས་རབ་རྒྱལ་ཏེ། །འཆི་མེད་རྡོ་རྗེ་གཞོན་ནུའི་སྲོག་ཐོབ་ཤོག །ཅེས་པའང་ཟབ་གཏེར་རྩ་བའི་གཞུང་གི་དངོས་བསྟན་ལ་སྐབས་སུ་བབས་པའི་ཁ་སྐོང་དུ་འོས་པ་རྣམས་རིགས་མཐུན་གྱི་གཏེར་ཁ་ལས་བླངས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཨཱ་ཡུ་སིངྔྷི་རསྟུ། །) ཤུ་བྷཾ།། །།