DJYD-KABUM-10-THA-012
From Dudjom Wiki
DJYD-KABUM-10-THA-012
(1ན) (བླ་མ་ཡི་དམ་སྤྱིའི་གཏོར་འབུལ་ནི།) རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུར་བཞུགས་པའི་བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་(བསམ་ཞིང་།) ཧཱུཾ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱ་ན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ (ཞེས་པས་སྤྱན་དྲངས་ལ། མཆོད་པ་ནི།) ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ་གུ་རུ་མཎྜ་ལ་དེ་བ་ག་ཎ་ས་པ་རི་ཝཱ་རེ་བྷྱཿ བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་(ནས་)ཤཔྡའི་(བར་གྱིས་ཕྱི་མཆོད་དང་།) བཛྲ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མཧཱ་རཀྟ་ཁ་རཾ་ཁཱ་ཧི། (ཞེས་སྨ་རཀ་སྟོབ། རྡོ་རྗེའི་ཐལ་མོ་ཁ་གྱེན་དུ་ཕྱེས་ལ།) ལྷ་རྣམས་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་(བསམ་ཞིང་། གོང་གི་སྔགས་མཐར།) ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་གྲྀཧྞནྟུ་མ་མ་སརྦ་སིངྔྷི་མྨེ་པྲ་ཡཙྪ༔ (ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། (1བ)བསྟོད་པ་ནི།) གང་གི་དྲིན་གྱིས་བདེ་ཆེན་ཉིད། སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གདུལ་དཀའ་མ་ལུས་འདུལ་བ་བོ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །ཧཱུཾ། མཐིང་ནག་མི་བཟད་སྲིན་པོའི་གཟུགས། །གར་གུའི་ཉམས་ལྡན་རྔམ་ཞིང་ཁྲོ། །གཏུམ་ཆེན་ཉི་མ་འབུམ་གྱི་གཟི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རབ་འཇིགས་ཧ་ཧ་ཧཱུཾ་ཕཊ་ཀྱི། །རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །རྡོ་རྗེའི་གད་མོས་ས་གསུམ་གཡོ། །ཁྲོ་རྒྱལ་གསུང་ལ་ཕྱག་འཚལ་བསྟོད། །མི་དམིགས་ཁྱབ་བརྡལ་ཟབ་གསལ་བ། །སྤྲོས་པ་ཀུན་བྲལ་ཡེ་ཤེས་ཆེ། །སྨྲ་བསམ་བརྗོད་མེད་རྡོ་རྗེའི་ཐུགས། །ཁྲོ་རྒྱལ་ཐུགས་ལ་ཕྱག་འཚལ་བསྟོད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །(ཞེས་བསྟོད་ཅིང་།) མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །(ཞེས་སོགས་ཀྱིས་འདོད་དོན་གསོལ་ལོ། །མངྒ་ལཾ། །)