DJYD-KABUM-10-THA-022
DJYD-KABUM-10-THA-022
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་
ལྕགས་སྤུ་གྲིའི་སྲེག་པ་ཧོམ་གྱི་ལས་རིམ་གདུག་ཅན་
མཐར་བྱེད་བསྐལ་པའི་མེ་ཆེན་ཞེས་ བྱ་བ་བཞུགས་སོ། །
(1བ)དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྲེག་པ་ཧོམ་གྱི་ལས་རིམ་གདུག་ཅན་མཐར་བྱེད་བསྐལ་པའི་མེ་ཆེན་ཞེས་བྱ་བ། བླ་མ་ཁྲག་འཐུང་ཁྲོ་བོའི་རྒྱལ་པོ་ཕྱག་འཚལ་ལོ། །ཤིན་ཏུ་ཞི་བ་སྙིང་རྗེའི་ཡེ་ཤེས་ཞེ་སྡང་རྡོ་རྗེར་ཁྲོས་པའི་གར། །མི་བཟད་ཕྲིན་ལས་གཏུམ་ཆེན་དུས་མཐའི་མེ་ལྕེ་འབུམ་དུ་རབ་འབར་བས། །མ་རུང་བདུད་དགྲའི་རྩྭ་སྦུར་ཕུང་པོ་སྐད་ཅིག་ཉིད་ལ་ཆེས་ཟ་བ། །ཁྲག་འཐུང་ཧེ་རུ་ཀ་དཔལ་དཔའ་བོས་ཕས་རྒོལ་དཔུང་ཚོགས་ཚར་གཅོད་མཛོད། །ཉམས་པ་བདུན་ལྡན་གདུག་ཅན་དགྲ་དང་བགེགས། །སྐད་ཅིག་ཙམ་གྱིས་མིང་མཐར་བྱེད་པའི་སྟོབས། །སྲེག་པ་ཧོམ་གྱི་གཟེར་ཁའི་ལས་རིམ་ནི། །འཁྲུལ་མེད་བསྐལ་པའི་མེ་ཆེན་འདི་ན་སྦར། །(དེའང་མངོན་སྤྱོད་དྲག་པོའི་སྦྱོར་བ་བསད་པའི་མཐའ་སྡུད་དགྲ་བགེགས་ཚར་གཅོད་སྲེག་པ་ཧོམ་གྱི་གཟེར་ཁ་ཟབ་མོ་ལག་ཏུ་ལེན་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྒྲུབ་དཀྱིལ་དང་འབྲེལ་ན་དེའི་ལྷོ་ཕྱོགས་དང་གཞན་དུ་དུར་ཁྲོད་སོགས་དྲག་པོའི་ལས་ལ་བསྔགས་པའི་ས་གཞི་གནག་ལ་རྩུབ་པར། དུས་ཐ་ཆུང་བཞིའི་དམར་ཕྱོགས་ཉེར་དགུ་དང་གནམ་སྟོང་ལ་སོགས་པའི་སྲོད་དང་ནམ་ཕྱེད་ཀྱི་ཆར། གདུག་པའི་ས་སྣ་གསུམ་གྱི་སྟེག་བུ་རྒྱར་མདའ་གང་དཔངས་སུ་ཇི་ལྟར་འཚམས་པའི་ཁར་ཐལ་ཚོན་གྱིས་མ་ཏྲཾ་གཟུགས་ཀྱི་ལྟོ་བར་ཐབ་ཁུང་མཚོན་བྱེད་གྲུ་གསུམ་ཁ་ཁྱེར་གསུམ་རིམ་གྱི་རྣམ་པ། རྒྱར་སོར་མོ་ཉི་ཤུ་པའི་དབུས་སུ་འཁོར་ལོ་མཐིང་ནག་རྩིབས་བཅུ་པའི་ལྟེ་བར་ཆོས་བྱུང་མཐིང་ནག་རཾ་ཡིག་གིས་མཚན་(2བ)པ་བྲི། དེར་དུག་ཤིང་ཚེར་མ་ཅན་གྱི་བུད་ཤིང་དུག་ཁྲག་གིས་སྦགས་པས་ཧོམ་གྲུ་གསུམ་འཚམས་པར་བརྩིགས་པའི་ནང་དུ་མེ་ཚང་བཅའ་ཞིང་ཐབ་ཀྱི་ཟུར་གསུམ་དུ་ཟིང་གསུམ་མཆེ་བའི་ཚུལ་དུ་བསླང་། སློབ་དཔོན་གྱི་གཡས་ངོས་སུ་མེ་སྲེག་འཛིན་པའི་རྫས་བུད་ཤིང་གི་རྒྱུ་ལས་ཡམ་ཤིང་ཟུར་གསུམ་བཅུ་གཉིས་པ་མར་ནག་དང་ཚིལ་ཞུན་གྱིས་སྦགས་པ། རྩ་བའི་རྫས་དུག་ཤོག་ལ་དགྲ་བགེགས་ཀྱི་རཱུ་པ་མིང་རུས་བླ་དྭགས་གནས་ཚིག་དང་བཅས་པ་གྲངས་ལྡན། དྲག་པོའི་རྫས་ཤ་སྣ་བག་ཕྱེ་དང་བསྲེག་པའི་རིལ་བུ་མིང་རུས་ཅན། གནད་དབབ་ཀྱི་རྫས་སྦལ་སྦྲུལ་ཉ་ཁྱི་ལ་སོགས་པའི་ཤ་དུག་སྣ་དང་བསྲེས་པའི་རིལ་བུ། གསོད་པའི་རྫས་ལྕགས་ཟངས་རྡོའི་ཕྱེ་མ། མྱོས་པའི་རྫས་མར་ནག་རྨེ་མནོལ་གྱི་ཁྲག་དང་སྦྱར་བ། ཚ་བའི་རྫས་ཏིལ་དང་ཡུངས་དཀར་ཚ་བ་གསུམ་སྟེ། དེ་ལྟར་རྫས་བདུན་པོ་རྣམས་ལྕགས་སམ་བསེ་ཕོན་ཐོད་པ་ལ་སོགས་པའི་སྣོད་ད་གྲལ་རིམ་གྱིས་བཀོད། རྩ་བའི་རྫས་ཤོག་ལིང་ཅིས་ཀྱང་མ་འབྱོར་ན་རཱུ་པ་འབྲུ་ནག་གི་ཟན་ལ་བཟོས་པས་ཀྱང་རུང་། གཡོན་ངོས་སུ་ལྕགས་ཕྱེ་དུག་སྣ་རྡོ་ཕྱེར་ཁྱིའི་ཁྲག་ཤ་ཆེན་སྲན་ཆེན་རྣམས་མར་ནག་ལ་བསྲེས་པའི་གཏོར་མ་གྲུ་གསུམ་མཐེབ་ཀྱུ་གསུམ་ལྡན་དང་། མེ་ལྷའི་གཏོར་མ་ཟུར་གསུམ། གཡས་གཡོན་དུ་སྨན་ཕུད་དང་རཀྟ། མདུན་དུ་ཁྲག་གི་མཆོད་ཡོན་སོགས་དྲག་མཆོད་ཕྲེང་ཚར་ཆ་གཉིས་བཅས་བཤམས། སྣོད་དང་རྫས་ཐམས་ཅད་དབྱིབས་གྲུ་གསུམ་ཁ་དོག་ནག་པོ་འབའ་ཞིག་པ་བྱ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བཾ་གྱིས་མཚན་པ་བྲིས་པའི་ནང་གི་ཆར། ནང་མཆོད། ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ། འབྲུ་ནག་གི་མེ་ཏོག་(3ན)བཅས་བཀོད། གཞན་ཡང་གདབ་ཁའི་ཆས། ཚིལ་ཞུན་དང་མར་ནག་བསྲེས་པའི་མར་ཁུ། ཐུན་རྫས། རླུང་གཡབ། གོས་ཟུང་། སོ་རྩི་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚང་བར་འདུ་བྱའོ། །) (གཉིས་པ་ནི། སློབ་དཔོན་བདག་གི་རྣལ་འབྱོར་ལ་གནས་པས་རྒྱུ་དུས་ཀྱི་ཀུན་སློང་སྙིང་རྗེ་བྱང་སེམས་ཀྱིས་དྲངས་པའི་ཞིང་བཅུ་སྒྲོལ་བའི་ཞེ་སྡང་གི་དཔའ་ངར་དང་ལྡན་པས་ཞྭ་ཕོད་ནག་པོ་གྱོན། རུས་པའི་རྒྱན་དང་ཐོད་པ་རཀྴའི་ཕྲེང་བས་སེ་རལ་ཁར་འཕྱང་། དུར་ཁྲོད་ཀྱི་རས་ལ་ཞིང་ཆེན་བྲིས་པའི་སྟན་བཀྲམ་པར་ཙོག་བུའམ་མགར་བའི་འདུག་སྟངས་ཀྱི་ཁ་ལྷོར་ཕྱོགས་པས་འཁོད་དེ་ལས་རིམ་ལ་འཇུག །སྒྲུབ་མཆོད་དང་འབྲེལ་ན་རྩ་སྔགས་ལ་ཕཊ་ཛཿབཏགས་པ་བརྗོད་པས།) རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་(མོས་ལ། རྡོ་དྲིལ་དང་དགང་བླུགས་བྱིན་གྱིས་བརླབ་པའམ་དྲག་སྲེག་ཁྱད་པར་བའི་སྐབས་འདིར་དེ་དག་མ་བྱས་ཀྱང་རུང་། མཆོད་རྫས་རྣམས་བསང་ཆ་དང་ཨ་མྲྀ་ཏས་བསང་།) སྭབྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་འོག་མིན་གསང་ཆེན་རོལ་པའི་གཞལ་མེད་ཕུན་སུམ་ཚོགས་པར་བྷཉྫ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཁྲག་གི་མཆོད་ཡོན། །དུག་ཆུའི་ཞབས་བསིལ། དབང་པོའི་མེ་ཏོག །ཚིལ་ཆེན་གྱི་དུད་སྤྲིན། ཞུན་ཆེན་གྱི་སྒྲོན་མེ། མཁྲིས་པའི་དྲི་ཆབ། མཱཾ་སའི་ཞལ་ཟས་ཐོད་(3བ)རྔའི་རོལ་མོ་སོགས་རང་བྱུང་དུར་ཁྲོད་ཀྱི་དམ་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་གྱི་འཁོར་ལོའི་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ནམ་མཁའི་མཐའ་ཀླས་པར་གང་བར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། (སོགས་ནས།) ཤཔྡ་པཉྩ་ཀཱ་མ་གུ་ཎ་ཨཱཿཧཱུྃ། (ཞེས་དང་། སྨན་རཀ་གཏོར་མ་རྣམས་ལས་བྱང་བཞིན་བྱིན་གྱིས་བརླབ། བསྲེག་རྫས་རྣམས་བསང་སྦྱང་།) སྟོང་པའི་ངང་ལས་ཨ་ལས་བྱུང་བའི་དམར་གྱི་དུང་ཆེན་སྟོང་གསུམ་དང་མཉམ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་བསྲེག་རྫས་རྣམས་ངོ་བོ་ཟག་མེད་ཡེ་ཤེས་བདུད་རྩི་ལ་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པས་ནམ་མཁའི་ཁམས་གང་བར་(བསམ་ཞིང་། རྩ་སྔགས་དང་།) ནྲྀ་ཏྲི་ཨ་མུ་ཀཱ་མཱ་ཡ་ཛ་ཛ༔ (ཞེས་ལན་གསུམ་གྱིས་བརླབ་བོ། དེ་ནས་གདོལ་བ་ཤན་རྨེ་ཡུག་ལ་སོགས་པའི་ལག་ནས་བྱུང་བའི་མེ་ཐོགས་ལ།) ཨོཾ་ཨགྣ་ཡེ་ཧ་བྱ་ཀ་ཛ༔ དགྲ་བགེགས་དམ་སྲི་འབྱུང་པོ་མཱ་ར་ཡ་ཛྭ་ལ་རཾ། (ཞེས་རླུང་གཡབ་དང་བཅས་ཏེ་སྤར།) ཨོཾ་ཨགྣ་ཡེ་དགྲ་བགེགས་དམ་སྲི་འབྱུང་པོ་ཛྭ་ལ་རཾ། (ཞེས་བླུགས་གཟར་གྱིས་མར་ནག་ཁ་བས་མེ་གསོ། མེ་ཐབས་བསང་སྦྱང་།) སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་དྲག་པོའི་ཐབ་ཁུང་མཐིང་ནག་གྲུ་གསུམ་བང་རིམ་གསུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་དྲག་པོའི་མེ་དམར་(4ན)ནག་ཏུ་འབར་བའི་དབུས་སུ་ར་སྐྱེས་ཁམ་ནག་ཞིང་གི་ཐོད་པའི་སྒ་དང་ལྤགས་པས་གཡོགས་ཤིང་སྦྲུལ་ནག་གི་གོང་སྨེད་བྱས་པའི་སྟེང་དུ། རཾ་ལས་ཟ་བྱེད་དྲག་པོའི་མེ་ལྷ་མཐིང་ནག་ཁྲོ་གཏུམ་འཇིགས་སུ་རུང་བ། ཞལ་གཅིག་ཕྱག་བཞིའི་དང་པོས་ཧོམ་གཟར་དང་མེ་དཔུང་། འོག་མ་གཉིས་ཀྱིས་བགྲང་ཕྲེང་དང་དྲག་པོའི་ལྕགས་ཕུར་དྲིལ་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། སྒེག་ཅིང་དཔའ་བའི་ཉམས་ཅན་ཕྱེད་སྐྱིལ་གྱིས་བཞུགས་པ། རིགས་ཀྱི་བདག་པོ་དོན་ཡོད་གྲུབ་པས་དབུ་བརྒྱན་ཅིང་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པར་ཤར་ལྷོ་ནས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ (ས་སྤྱན་དྲངས་པར་བསམ་ཞིང་། ལག་གཡས་སྐྱབས་སྦྱིན་རྒྱས་མཐེ་བོང་རྣ་བའི་དྲུང་དུ་གཡབ་ལ།) ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ༔ ཨགྣེ་རཱ་ཛ་འཁོར་དང་བཅས༔ སྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འབར་བའི་གནས་འདིར་གཤེགས་སུ་གསོལ༔ དགྱེས་པའི་གདན་ལ་བཞུགས་སོ་འཚལ༔ ཨོཾ་པཱ་བ་ཀ་ཨགྣ་ཡེ་ཨ་གཙྪ་ཡཿ མ་མ་མཱ་ར་ཡ་ཕཊ༔ (ཅེས་སྤྱན་དྲངས་ཏེ།) ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ (4བ) (ཞེས་དམ་ཡེ་དབྱེར་མེད་དུ་བསྟིམ།) ཧཱུཾ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། བདུད་དང་དགྲ་བགེགས་བརླག་མཛད་ཅིང། །ཇི་ལྟར་འདོད་པའི་དོན་སྒྲུབ་པ། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ (ཞེས་ཕྱག་བྱ)། ཧཱུྃ༔ སྟོང་གསུམ་ཞིང་ཀུན་ཡོངས་གང་བའི༔ རྨད་བྱུང་འདོད་ཡོན་ཉེར་སྤྱོད་ལྔ༔ ཤ་ཁྲག་དབང་པོ་ཚིལ་རུས་དང་༔ གཉིས་མེད་མཉམ་སྦྱོར་ཨ་མྲྀ་ཏ༔ བ་ལིཾ་གཏོར་མ་རཀྟ་སོགས། ཟ་བྱེད་མེ་ལྷའི་ཚོགས་ལ་འབུལ༔ དགྲ་བགེགས་སྒྲོལ་ཕྱིར་བཞེས་སུ་གསོལ༔ ཨོ་ཨགྣེ་ཀྲོ་དྷ་ས་པ་རི་ཝཱ་ར་བཛྲ་ཨརྒྣཾ་པྲ་ཏཱིཙྪ་སྭཱཧཱ༔ (དེ་བཞིན་དུ་སྦྱར་ཏེ་ཤཔྡའི་བར་གྱིས་ཉེར་སྤྱོད་དང་།) པཉྩ་ཀ་མ་གུ་ཎཿསརྦ་པཉྩ་ཨ་མྲྀ་ཏ༔ མ་ཧཱ་རཀྟ༔ མ་ཧཱ་བ་ལིཾ་ཏ་ (སོ་སོར་གོང་གི་སྔགས་དང་མཇུག་ཏུ་)པཱུ་ཛ་ཁཱ་ཧིཿ ཞེས་སྦྱར་བས་འདོད་ཡོན་སྨན་རཀ་གཏོར་མ་རྣམས་ཕུལ། དེ་ནས་རྫས་རྣམས་ལས་ཐོག་མར་དགང་བླུགས་འབུལ་བ་ལ། མེ་ལྷ་ཁྲོས་པའི་ཞལ་རབ་ཏུ་གདངས་པའི་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་དང་དགང་བླུགས་ཀྱི་རྩེར་ཧཱུྃ་ཡིག་མཐིང་ནག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་རྫས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་(བསམ་ཞིང་། ཞལ་གཉིས་ཁྲོ་བོའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས།) ཨོཾ་ཨགྣ་ཡེ་སྭཱཧཱ༔ (ཞེས་གཡོན་པའི་བླུགས་གཟར་བདུན་གྱིས་གཡས་པའི་དགང་གཟར་བཀང་བའི་དགང་བླུགས་ཁ་སྦྱར་པུས་མོའི་ཕྱི་ལས་ནང་དུ་མི་འདའ་བར་གཡོན་དུ་བསྐོར་ (5ན)ཞིང་།) ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་ཝ་ཧ་ན་ཡ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སྤྱི་དང་ཁྱད་པར་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་དགྲ་བགེགས་ཆེ་གེ་མོ་བྱད་མ་རྦོད་གཏོང་དང་བཅས་པ་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་མཛད་དུ་གསོལ། སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ (ཞེས་ལན་གསུམ་དུ་འབུལ ཡམ་ཤིང་ལ།) ཨོཾ་རཱུ་དྲ་བྲྀཀྵཱ་ཡ་སྭཱཧཱ༔ (ཞེས་དང་། མར་ཁུ་ལ།) ཨོཾ་ཨགྣ་ཡེ་སྭཱཧཱ༔ (ཞེས་སོ་སོར་སྤེལ་ཚིག་གོང་ལྟར་ལས) རྦོད་གཏོང་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད། (ཅེས་བསྒྱུར་ཏུ་འཐུལ། རྫས་གཞན་རྣམས་ལ།) ཧཱུྃ། དམར་ནག་མེ་ཡི་ཀློང་དཀྱིལ་ནས། །ཟ་བྱེད་མེ་ལྷ་འཁོར་བཅས་ལ། །དགྲ་བགེགས་ཕུང་ཁམས་བླ་ཚེ་སྲོག །འདོད་རྒུར་འཆར་བའི་མཆོད་པ་འབུལ། །དྲག་པོའི་གནད་འབེབས་གསོད་པའི་དུག ། མྱོས་བྱེད་ཚ་བའི་རྫས་རྒོད་འདིས། །དམིགས་བྱ་དགྲ་བགེགས་བརླག་པར་མཛོད། །ཨོཾ་ཨགྣེ་ཀྲོ་དྷ་ཡེ་དགྲ་བགེགས་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ (ཅེས་རྩ་བའི་རྫས་ནས་ཚ་རྫས་ཀྱི་བར་ལན་བདུན་སོགས་ཇི་ལྟར་རིགས་པ་ཕུལ་བའི་མཐར། བསྟོད་པ་ནི།) ཧཱུྃ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ བདུད་བཞི་འཇོམས་མཛད་ཕྱག་བཞི་ (5བ)པ༔ ལས་ཀུན་སྒྲུབ་མཛད་འོད་པོ་ཆེ༔ སྔོན་ཚེ་དུས་ན་ལྷ་ཡི་མཆེད༔ ད་ལྟ་རྣལ་འབྱོར་སྒྲུབ་པའི་མཆེད༔ གདུག་པ་ཀུན་སྒྲོལ་ཁྱོད་ལ་བསྟོད༔ (ཅེས་བསྟོད།) ན་མོ་རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པར་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། ལོག་འདྲེན་འབྱུང་པོ། དམ་སྲི་སྒབ་འདྲེ། རྒྱ་འདྲེ་འགོང་པོ། མཐའ་བཞིའི་དམག་དཔུང། བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་སྐད་ཅིག་ཡུད་ཙམ་བསྒྲལ་ཞིང་ཚར་གཅོད་པར་མཛད་དུ་གསོལ། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་འཚེ་ཞིང་། བདག་ཅག་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་མ་རུང་གདུག་པ་ཅན་ཐམས་ཅད་སྐད་ཅིག་ཡུད་ཙམ་ཉིད་དུ་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛད་དུ་གསོལ། སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ (ཅེས་འདོད་དོན་གསོལ།) ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་གཙྪ་མུཿས། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་དཔང་པོ་མཛད་པར་ (བསམ་མོ། །དེ་ནས་འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ཁ་གསོས་ལ་བསང་སྦྱང་།) ཧཱུཾ༔ དམ་ཚིག་མེ་ལྷའི་ལྟོ་བ་འབྱམས་ཀླས་ (6ན)དབྱིངས། །རང་བྱུང་ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་ནི༔ (ཞེས་པ་ནས།) པཾ་པདྨ་མཎྜལ༔ (ཞེས་པའི་བར་གྱིས་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། སྐབས་འདིར་སྲེག་རྐྱང་གི་ཚེ་བརྟེན་པ་ལྷ་བསྐྱེད་ནས་སྤྱན་འདྲེན་བྱེད་པ་ཡིན་ཅིང་། སྒྲུབ་མཆོད་དང་འབྲེལ་བའི་སྐབས་སུ།)ཧཱུྃ༔ ཆོས་དབྱིངས་བརྡལ་བ་ཆེན་པོའི་ཀློང་དཀྱིལ་ནས༔ (ཞེས་སོགས་ཀྱིས་ཚོམ་བུ་སྒྲུབ་དཀྱིལ་ལས་སྤྱན་དྲངས་ཏེ་སོ་སོའི་སྔགས་ཀྱིས་ཐབ་ཏུ་དོར་མཐར།) ཧཱུྃ༔ རང་བྱུང་ཕོ་བྲང་ཨེ་ཡི་གཞལ་ཡས་དབུས༔ པདྨ་ཉི་ཟླ་འབར་ཕྲིན་ལས་ཡོངས་འདུས་ཆེ་བའི་མཆོག༔ (ཅེས་སོགས་ལས་བྱང་བཞིན་གཙོ་འཁོར་ཡོངས་རྫོགས་གསལ་གདབ། གང་ལྟར་བཞུགས་སུ་གསོལ་ཞིང་ཕྱག་བྱས་པའི་མཐར་ཁྲག་གི་ཨརྒྷཾ་སོགས་དྲག་པོའི་ཉེར་སྤྱོད་ནས་སྦྱོར་སྒྲོལ་གྱི་མཆོད་པའི་བར་སོང་ནས། སྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ནི།) ལྷ་ཚོགས་རྣམ་ཁྲོས་པའི་ཞལ་རབ་ཏུ་གདངས་པའི་ལྗགས་རྡོ་རྗེ་ (ཞེས་པ་ནས་གཡོན་དུ་བསྐོར་བའི་བར་སྤེལ་ཚིག་བཅས་འབུལ། དེ་ནས་དྲག་བསྐུལ་སྔོན་དུ་འགྲོ་བས་བྲུབ་ཁུང་བསྐྱེད་པ་ནས་རྡུལ་དུ་བརླག་པའི་བར་གྱི་བསྒྲལ་ལས་རྒྱས་པ་སྨད་ལས་དང་བསྡུས་པ་ཚོགས་ཐ་མའི་དྲིལ་ཐུན་ལྟར་ཇི་ལྟར་རིགས་པས་ལིངྒ་རྣམས་དུམ་བུར་གཏུབ་ལ།) ཧཱུཾ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་ (6བ)དུས་ལ་བབཿ ཕྱག་བརྙན་ཆེན་མོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ རྡོ་རྗེ་མེ་དབལ་སྙིང་བསྲེག་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ (ཅེས་བསྐུལ།) ཛཿ སྲིད་པའི་བཙོན་ཁང་དྲག་པོའི་ཨེ། །བསྐལ་པའི་མེ་དཔུང་འབར་བའི་ཀློང་། །གདུག་པའི་ཡམ་ཤིང་མར་ནག་ཚིལ། །དམིགས་པའི་གཟུགས་རྟེན་དྲག་པོའི་རྫས། །གནད་འབེབས་མྱོས་བྱེད་གསོད་པའི་མཚོན། །ཚ་བའི་ནད་སྐྱེད་རྫས་རྒོད་རྣམས། །བསྲེག་པས་དགྲ་བགེགས་གདུག་པའི་ཚོགས། །ལུས་ངག་རྡུལ་དུ་བསྲེག་ནས་ཀྱང་། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །(ཅེས་སྤྱིར་ཕུལ་ནས། བྱེ་བྲག་སོ་སོར་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཐོག་མར་གཙོ་བོ་ཡབ་ཡུམ་ལ།) ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་ཁྲོ་རྒྱལ་བཛྲ་ཀཱི་ལ་ཡ༔ རབ་འཇིགས་རྔམས་བརྗིད་ཞལ་གྱི་ཧོམ་ཁུང་དུ༔ བརྣག་པའི་དགྲ་བགེགས་སྲོག་དབུགས་དབང་བསོད་ནམས༔ ཚོགས་ཡུམ་ཁམས་དང་སྐྱེ་མཆེད་ཤ་ཁྲག་རུས༔ ཟག་མེད་བདུད་རྩིའི་རྒྱ་མཚོར་བསྒྱུར་ཏེ་བསྟབ༔ བཞེས་ནས་དུག་ (7ན)གསུམ་དགྲ་བགེགས་རྡུལ་དུ་རློག༔ དྲག་པོ་མཐུ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་བིགྷྣཱན་རཱུ་པ་ཙིཏྟ་ཨགྣེ་ཛྭ་ལ་རཾ་ཁཱ་ཧི་ཁཱ་ཧིཿ (ཞེས་པའི་སྔགས་ཀྱིས་མེ་སྲོག་འཛིན་པ་ནས་ཚ་བའི་རྫས་ཀྱི་བར་བརྒྱ་རྩ་ལ་སོགས་པ་ཇི་ལྟར་རིགས་པ་ཕུལ་བའི་མཐར།) བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་ (སོགས་དགང་བླུགས་ཀྱི་སྐབས་བཞིན་སྤེལ་ཚིག་སྦྱར། དེ་བཞིན་དུ་འགྲེས་སྦྱར་ཏེ།) ཧཱུྃ༔ གནམ་ལྕགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ སྲས་མཆོག་ཁྲོ་རྒྱལ་ཀཱི་ལ་རིགས་ལྔ་ཡི༔ རབ་འཇིགས་རྔམས་བརྗིད་ཞལ་གྱི་ཧོམ་ཁུང་དུ༔ (ཞེས་སོགས་འདོན་པ་སྤོས་ནས། རིགས་ལྔ་སོ་སོའི་སྔགས་ལ་)སརྦ་ཤ་ཏྲུཾ་ (སོགས་འབུལ་སྔགས་སྦྱར་བས་གྲངས་ཉེར་གཅིག་སོགས་ཕུལ་མཐར་སྤེལ་ཚིག་སྦྱར།) ཧཱུྃ༔ སྟེང་འོག་ཕྱོགས་མཚམས་འཁོར་ལོའི་རྩིབས་སྟེང་ནས༔ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བཅས༔ རབ་འཇིགས་རྔམས་བརྗིད་ཞལ་གྱི་ཧོམ་ཁུང་དུ༔ (ཞེས་སོགས་དང་། ཧཱུྃ་ཀཱ་ར་ནས་སྟོབས་པོ་ཆེའི་བར་གྱི་སོ་སོའི་སྔགས་ལ་འབུལ་སྔགས་སྤེལ་ཚིག་བཅས་ཕུལ།) ཧཱུྃ༔ རང་བྱུང་ཟླ་གམ་ཨེ་ཡི་ཀློང་དཀྱིལ་ནས༔ སྤྲུལ་པའི་སྲས་མཆོག་ཁྲོ་བོ་ཉེར་གཅིག་གི༔ རབ་འཇིགས་རྔམས་བརྗིད་ཞལ་གྱི་ཧོམ་ཁུང་དུ༔ (ཞེས་སོགས་དང་། རང་སྔགས་ལ་འབུལ་སྔགས་དང་སྤེལ་ཚིག) ཧཱུྃ༔ ཚད་མེད་ (7བ)བཞི་ལྡན་ཡེ་ཤེས་སྒོ་བཞི་ནསཿ ཕྲིན་ལས་བཞི་སྒྲུབ་སྒོ་སྐྱོང་རྣམ་བཞི་ཡི༔ རབ་འཇིགས་རྔམས་བརྗིད་ཞལ་གྱི་ཧོམ་ཁུང་དུ༔ (ཞེས་སོགས་དང་། སོ་སོའི་སྔགས་ལ་འབུལ་སྔགས་སྤེལ་ཚིག་བཅས་གྲངས་བདུན་སོགས་འབུལ།) ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་མུ་རན་ཁོར་ཡུག་ཏུ༔ ཕུར་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ཀྱི༔ རབ་འཇིགས་རྔམས་བརྗིད་ཞལ་གྱི་ཧོམ་ཁུང་དུ༔ (ཞེས་སོགས་དང་།) ཀ་ཏཾ་ཀ་ཡ་ (སོགས་ལ་འབུལ་སྔགས་སྦྱར་བས་གྲངས་ལྔའམ་གསུམ་སོགས་ཕུལ་མཐར་སྤེལ་ཚིག་སྦྱར། དེ་ལྟར་རྫས་རྣམས་རྫོགས་ནས་དམིགས་བསལ་བགེགས་མི་བསྲུན་པ་སོགས་ལ་ལྕགས་སླང་དུ་མར་ནག་བསྐོལ་བའི་མེ་ལྩེས་སླེབ་པའི་སར་དམིགས་བྱའི་ལིངྒ་བཀྲམ་ལ་དྲག་བསྐུལ་གསེར་སྐྱེམས་འགུགས་དྲེན་རྣམས་བྱས་ནས་བཞེས་སྒྲ་དྲག་པོ་དང་བཅས་ཛ་གད་རྫས་ལྡན་གྱིས་མེ་སྦར་ཏེ་ཧོམ་མཆོད་བྱ་བ་ཡིན་ནོ། །དེ་ནས་ལས་བྱང་བཞིན་བསྟོད་དེ།)ཧོཿ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་མཐུ་སྟོབས་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་བདུད་འདུལ་སྲས་མཆོག་ཁྲོ་བཅུ་ཟ་གསོད་ཁྲ་ཐབས་སྒོ་སྐྱོང་ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། རྣལ་འབྱོར་པ་བདག་ཅག དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་པ་ཐམས་ཅད་ཞི་བར་མཛོད་ཅིག །ཞི་བ་དང་རྒྱས་པ་དང་འགུགས་པ་དང་དྲག་པོའི་ལས་ཐམས་ཅད་ལ་མཐུ་དང་ལྡན་པར་མཛོད་ཅིག །ཕས་ཀྱི་རྦོད་ (8ན)གཏོང་བྱད་སྟེམས་མནན་གཏད་བསྲེག་འཕང་བྱས་པ་ཐམས་ཅད་བྱད་མ་ཁོ་རང་གི་གཤེད་དུ་ཕོབ་ཅིག །ལྷ་འདྲེའི་ཟ་ཁ་གཏད་པ། གནོད་པའི་དབལ་ཟུག་པ། བྱད་ཀྱིས་ཁྲམ་ལ་བཏབ་པ་ཐམས་ཅད་དགྲ་ལ་སྒྱུར་ཅིག །ཁྱད་པར་བསྒྲལ་བའི་ཞིང་དུ་གྱུར་པའི་དགྲ་བགེགས་ཆེ་གེ་མོ་གཟུགས་ལིངྒ་ལ་བྲིས་ཤིང་མིང་བྱང་དམར་གྱི་དཀྱུས་སུ་བཀོད་པ་འདི་ཉིད་ལོ་དང་ཟླ་བར་མ་བཞག་ཞག་དང་ཟ་མར་མ་འགྱངས་པར་མྱུང་བ་ཉིད་དུ་སོད་ལ་མིང་ཙམ་བརྡ་ཙམ་ཡང་མ་ལུས་པར་ཐལ་བའི་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །(ཅེས་འདོད་དོན་གསོལ། སླར་ཡང་དགང་བླུགས་སྔར་བཞིན་དུ་ཕུལ་མཐར།) ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱཧཱ། (ཞེས་སོ་རྩི་དང་།) ཨོཾ་བཛྲ་ཝསྟྲ་ཡ་སྭཱཧཱ། (ཞེས་གོས་ཟུང་ཕུལ། ཆུ་གཉིས་ཉེར་སྤྱོད་སྔགས་ཙམ་གྱིས་མཆོད་ཅིང་ཤློོ་ཀ་གཅིག་གིས་བསྟོད།) མ་རྙེད་ཡོངས་སུ་མ་ཚང་དང་། (སོགས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས།) ཨོཾ་ཁྱེད་ཀྱིས་སེམས་ཅན་ཀུན་མཛད། (ཅེས་སོགས་དང་།) བཛྲ་མུཿ (ས་ཡེ་ཤེས་པ་སྒྲུབ་རྟེན་ནམ་དབྱིངས་སུ་གཤེགས། སྒྲུབ་དཀྱིལ་སྐབས་ཚོམ་བུ་སླར་སྤྱན་དྲངས། དམ་ཚིག་པ་རང་ལ་བསྡུའོ། །གསུམ་པ་ནི། བུད་ཀིང་བསྣན་ལ་བསང་ནུས་བྲན་ཏེ།) སླར་ཡང་འཇིག་རྟེན་པའི་མེ་ལྷ་དཔང་པོར་བཞུགས་པ་བཛྲ་ས་མཱ་ཛཿས། དམ་ཚིག་པ་དང་དབྱེར་མེད་དུ་འགྱུར་ (པར་བསམ་ལ། སྔར་བཞིན་དགང་བླུགས་དང་བསྲེག་རྫས་ལྷག་མ་རྣམས་སྤེལ་ (8བ)ཚིག་མེད་པའི་སྔགས་ཀྱིས་འབུལ་ཞིང་། སོ་རྩི་དང་གོས་ཟུང་ཡང་ཕུལ་མཐར་ཉེར་སྤྱོད་ཀྱིས་མཆོད།) ཧཱུྃ༔ ཕྲིན་ལས་སྒྲུབ་མཛད་ཆེ་བའི་མཆོག༔ མེ་ལྷའི་རྒྱལ་པོ་གདོན་གྱི་བདག༔ ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ (ཅེས་བསྟོད།) ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། (ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ་སྔར་བཞིན་འདོད་དོན་གསོལ། ནོངས་པ་བཤགས་ནས།) བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །(ཞེས་སྙན་མནན་ཏེ།) བཛྲ་མུཿས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་ (བསམ་ལ། མེ་ལོངས་སྐབས་ཡོད་ཀྱང་མི་བཞག་པར་དུག་ཁྲག་གི་ཆུས་བསད་པའི་ཐལ་བ་ཟློག་པའི་ཐལ་རྡེབ་དང་འབྲེལ་བར་དགྲ་ཕྱོགས་སུ་རླུང་ལ་བསྐུར་བའམ། སྣོད་ངན་དུ་བླུགས་ལ་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་མནན། ལས་གསོར་མི་རུང་བའི་གཟིར་མནན་བྲོ་ཡིས་མཇུག་བསྡུབའི་སླད་དུ། དྲག་པོའི་ཕུར་བུ་འདྲིལ། མཐེའུ་ཆུང་འབྲེལ་བའི་བྲོ་གྲུ་གསུམ་དུ་བསྐོར་བའམ་དེར་མོས་ལ།) ཧཱུྃ༔ ལྕགས་སམ་དྲག་པོའི་ཤིང་རྣམས་ལ༔ མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ༔ ངོས་ལ་དྲག་པོའི་ལྷ་བཀོད་དེ༔ བཏབ་པས་དགྲ་བགེགས་བརླག་པར་འགྱུར༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཧཱ་ལས་རྡོ་རྗེ་འཁོར་དང་བཅས༔ ཕྲག་དོག་གྱུར་པའི་སེམས་ཅན་རྣམས༔ བརླག་པར་གྱུར་ལ་དབྱིངས་སུ་རོལ༔ (ཧཱུྃ་བཞི་པའི་སྔགས་དང་།) བརླག་མཛད་ལྷ་ལ་ཕྱག་འཚལ་ལོ༔ སྡང་བའི་དགྲ་ཡང་རྡུལ་དུ་རློག༔ གནོད་པའི་བགེགས་ཀྱང་རྡུལ་དུ་རློག༔ བར་གཅོད་དམ་སྲི་རྡུལ་དུ་རློག༔ འབྱུང་པོའི་ཚོགས་རྣམས་རྡུལ་དུ་རློག༔ ཧཱ་ཀརྨ་ཀཱི་ལི་ཀཱི་ལ་ཡ་མཱ་ཡ་ཕཊ༔ (ཅེས་བྲོ་བརྡུང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །)མི་སྲུན་གདུག་ཅན་ཉམས་པའི་རྩྭམ་སྦུར་སྡེ། །སྐད་ཅིག་ཡུད་ཀྱིས་ཟ་ལ་ཆེས་རྔམས་པ། །དྲག་སྔགས་བསྐལ་པའི་མེ་ཆེན་སྤོར་བའི་ཐབས། །འཁྲུལ་མེད་གནད་ཀྱི་གཟེར་ཁ་འདི་ཀོ་རྨད། །མི་འགྱུར་སྟོང་ཉིད་ཡེ་ཤེས་ཁྲོས་པའི་གར། །རྡོ་རྗེ་མེ་དབལ་འབར་བ་ཆེན་པོ་ཡིས། །མ་དག་གཉིས་སྣང་བདུད་དགྲའི་སྙིང་བསྲེགས་ནས། །བདེ་ཆེན་སྣང་བ་འོད་དུ་གསལ་གྱུར་ཅིག །(དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྲེག་པ་ཧོམ་གྱི་ལས་རིམ་གདུག་ཅན་མཐར་བྱེད་བསྐལ་པའི་མེ་ཆེན་ཞེས་བྱ་བ་འདི་ནི། རང་གཞན་མང་པོ་ལ་སྨན་པའི་བསམ་པ་ཉེར་བསྐྱེད་ནས་རྩ་བའི་གཞུང་དོན་མན་ངག་གིས་ཕྱེས་ཤིང་ལག་ལེན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། ལྷ་རིགས་ཀྱི་སྔགས་ནག་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་པའི་ཐོག་ཏུ་སོན་པ་དཔལ་གདོང་གི་ལོ་དབོ་ཉ་བའི་མར་ངོའི་རྫོགས་པ་གསུམ་པར་མཁན་ལྗོངས་ཕུན་ཚོགས་དགའ་འཚལ་གྱི་བསྟི་གནས་སུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་བདུད་དགྲ་དམ་སྲིའི་ཚོགས་རྣམས་རྨིགས་མེད་གཞོབ་ཏུ་བསྲེག་པའི་རྒྱུར་གྱུར་ཅིག །ཛཡནྟུ། །) (9བ)མེ་ཐུན་བརྡེག་སྐབས་སུ། དཔལ་ཆེན་སྐུ་ལས་མེ་དཔུང་རྣམ་ལྔ་འབར༔ མེ་ལྕེ་ཁྲོ་ཆུང་ཡང་སྤྲུལ་མཚོན་ཆ་ཡི༔ ཚྭ་ཚྭ་འཕྲོས་པས་ནད་གདོན་སྡིག་སྒྲིབ་སྲེག༔ བར་ཆད་གདོན་བགེགས་བརླག་ཅིང་བཅོམ་པར་གྱུར༔ (དྲག་སྔགས་སྤུ་གྲིའི་མཐར།) གནོད་བྱེད་དམ་སྲི་ཕོ་མོའི་སྲོག་ལ་རཾ་རཾ་ཙིཏྟ་རཾ་རཾ་ཐུལ་ཐུལ་ཛྙཱན་ཨ་ན་ལ་ཙཀྲ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ (ཆེ་གེ་མོ་)ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་རཾ་ཨུཙྪ་ཏ་ཡ་ཕཊ༔ སརྦ་ཨནྟ་ར་ཤཱིནྟཾ་ཀུ་རུ་ཧཱུྃ་ཕཊ་རཾ་སྭཱཧཱ༔ ཞེས་བཟླ་བཞིན་དུ་བརྡེག་གོ། །།སརྦ་མངྒ་ལཾ། ། ། །