DJYD-KABUM-14-PHA-003

From Dudjom Wiki
Revision as of 05:15, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-14-PHA-003
(1ན) (རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་བརྒྱུད་པའི་གསོལ་འདེབས་ཁྲག་འཐུང་རྔམས་པའི་ཐོལ་གླུ་ཞེས་བྱ་བ་བཞུགས་སོ།   །)ན་མོ་ཤྲཱི་བཛྲ་ཀུ་མཱ་ར་ཡེ།   ཐོག་མའི་སངས་རྒྱས་མགོན་པོ་ཀུན་ཏུ་བཟང་།   །ཁྲག་འཐུང་རིགས་ལྔ་ལས་ཀྱི་དབང་མོའི་ཞབས།   །དཔལ་ཆེན་གྲུབ་པའི་སློབ་དཔོན་པྲ་ཧ་སྟིར།   །གསོལ་བ་འདེབས་སོ་མངོན་སྤྱོད་ནུས་མཐུ་སྩོལ།   །སྣང་སྲིད་ཟིལ་གནོན་གུ་རུ་ཐོད་ཕྲེང་རྩལ།   །བདུད་འདུལ་དྲག་མོ་མཁར་ཆེན་མཚོ་རྒྱལ་ཡུམ།   །དྲག་སྔགས་བཀའ་བབས་ལོ་ཆེན་བཻ་རོ་རྗེར།   །གསོལ་བ་འདེབས་སོ༴   བོད་ཡུལ་ཕུར་ཐོགས་ཀུན་གཙོ་སྔགས་འཆང་རྒྱལ།   །ཧེ་རུ་ཀ་དཔལ་རྡོ་རྗེ་བདུད་འཇོམས་རྩལ།   །ཟབ་གསང་སྒོ་འབྱེད་གཏེར་འབྱིན་སྤྲུལ་པའི་སྐུར།   །གསོལ་བ༴   དཀྱིལ་འཁོར་གཙོ་མཆོག་རྡོ་རྗེ་གཞོན་ནུ་ཆེ།   །སྲས་མཆོག་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་།   །སྒོ་སྐྱོང་ཕུར་སྲུང་དབང་ཕྱུག་ལ་སོགས་པའི།   །འཕྲིན་ལས་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་ལ།   །གསོལ་བ༴   དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས།   །དཔལ་ཆེན་མཆོག་གི་མྱུར་ལམ་ལ་བརྟེན་ནས།   །བསྐྱེད་རྫོགས་བསྙེན་སྒྲུབ་ཉམས་ལེན་མཐར་ཕྱིན་ཏེ།   །མཆོག་ཐུན་དངོས་གྲུབ་ཚེ་(1བ)འདིར་མྱུར་ཐོབ་ཤོག   །ཁྱད་པར་དྲག་པོ་མངོན་སྤྱོད་ལས་ཀྱི་གཟེར།   །རྡོ་རྗེའི་མེ་ཆར་འབར་བའི་ཐོག་མདའ་ཡིས།   །བར་ཆད་བདུད་དགྲའི་དོན་སྙིང་ཐལ་ཕྱུངས་ཏེ།   །སྙིང་རྗེའི་བསྒྲལ་བས་འཚེང་པ་གསུམ་ལྡན་ཤོག   །སྟངས་དཔྱལ་ཕུར་བུ་རྣམ་བཞིའི་རྣོ་མཚོན་དབལ།   །གདབ་བྱ་དམིགས་པའི་འབེན་བཞིར་ལྡོག་མེད་ཐེབས།   །རྟོག་ཚོགས་མཐའ་བཞིའི་སྲོག་བཅུད་དྭངས་མར་བསྟིམ།   །ཕུར་བཞིའི་དགོངས་པས་འཁོར་འདས་དབྱིངས་སྒྲོལ་ཤོག   །(ཅེས་པ་འདིའང་ཟབ་མོའི་ཆོས་འདིར་མོས་བརྩོན་རྣལ་འབྱོར་དུ་བྱེད་པའི་བླ་མ་དམ་པ་པདྨ་དབང་དྲག་ནས་ནན་བསྐུལ་བགྱིས་པ་དོན་ཡོད་པར་བྱ་བའི་ཕྱིར་གཏེར་སྟོན་རང་ཉིད་ཀྱིས་དེ་འཕྲལ་ཉིད་དུ་ལྷོ་མོན་བུམ་ཐང་དཔལ་རི་དགོན་གྱི་ཡང་དབེན་དུ་སྦྱར་བའོ།   །མངྒ་ལཾ།།   །།)