DJYD-KABUM-14-PHA-013
DJYD-KABUM-14-PHA-013
(1ན) (ཚེ་སྒྲུབ་འཆི་མེད་སྲོག་ཏིག་གི་སྐོང་བའི་འཆི་མེད་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །) ཧྲཱིཿ ཚོགས་ཁང་འཆི་མེད་པདྨ་འོད། །རྣལ་འབྱོར་འཆི་མེད་སྒྲུབ་པ་པོས། །དམ་རྫས་འཆི་མེད་བདུད་རྩི་ཆེ། །རྨད་བྱུང་འཆི་མེད་གྲུབ་པའི་རྫས། །བདེ་ཆེན་འཆི་མེད་སྤྲིན་དུ་གཏིབས། །ཟག་བྲལ་འཆི་མེད་དམ་ཚིག་རྫས། །འདོད་རྒུ་འཆི་མེད་ལོངས་སྤྱོད་ཆེ། །རྡོ་རྗེ་འཆི་མེད་ལྷ་ཚོགས་རྣམས། །ཐུགས་དམ་གཉན་པོ་བསྐང་ཕྱིར་འབུལ། །ཧྲཱིཿ རིགས་ཀུན་ཁྱབ་བདག་ཆོས་ཀྱི་སྐུ། །ཚེ་འོད་དཔག་མེད་ཐུགས་དམ་བསྐང་། །འགྲོ་འདུལ་ལོངས་སྤྱོད་རྫོགས་པའི་སྐུ། །པདྨ་གར་དབང་ཐུགས་དམ༴ །འཁོར་འདས་ཟིལ་གནོན་དཀྱིལ་འཁོར་གཙོ། །ཚེ་དཔག་མེད་པའི་ཐུགས༴ །སྟོང་པའི་རང་མདངས་པདྨའི་ལྕམ། །མནྡ་ར་བའི་ཐུགས༴ །འཆི་མེད་མཆོག་སྩོལ་ཚེ་ཡི་བདག །རིགས་བཞི་ཡབ་ཡུམ་ཐུགས༴ །ཕ་རོལ་ཕྱིན་དྲུག་དག་པའི་བདག །ལྷ་མོ་དྲུག་གི་ཐུགས༴ །རྣམ་ཐར་བརྒྱད་ལྡན་མཆོད་སྤྲིན་སྤྲོ། །ཚེ་བདག་མ་བརྒྱད་ཐུགས་དམ༴ །ཚད་མེད་བཞི་ཡི་འཕྲིན་ལས་ཅན། །སྒོ་སྲུང་ཡབ་ཡུམ་ཐུགས༴ །གཞན་ཡང་ཚེ་ལྷའི་དཀྱིལ་འཁོར་པ། །རྩ་གསུམ་རབ་འབྱམས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་རིག་འཛིན་སྒྲུབ་པ་པོའི། །ཚེ་ཡི་བར་ཆད་ཐམས་ཅད་ (1བ)སོལ། །རྟག་བརྟན་འཕོ་འགྱུར་མེད་པའི་དབྱིངས། །འཆི་མེད་གཉུག་མའི་ཚེ་དབང་སྩོལ། །འཁྲུལ་རྟོག་གཟུང་འཛིན་གཉིས་སྣང་བདུད། །མཉམ་ཉིད་ཡེ་གྲོལ་ཀློང་དུ་ཟློག །བདེ་ཆེན་འཕོ་མེད་ཆོས་ཀྱི་སྐུར། །མངོན་སངས་རྒྱ་བའི་འཕྲིན་ལས་མཛོད། །(ཅེས་པའང་གཏེར་འབྱིན་བླ་མ་མཆོག་གི་གསུང་བསྐུལ་ངོར། དཔལ་ཀརྨ་པའི་མཚན་འཛིན་བཅོ་ལྔ་པས་བྲིས་པ་དགེ་ལེགས་འཕེལ།། །།)