DJYD-KABUM-14-PHA-020

From Dudjom Wiki
Revision as of 05:15, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-14-PHA-020

༄༅། །ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་ རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་ རབ་འབར་ཞེས་བྱ་བ་བཞུགས་སོ། །

(1བ)ཨོཾ་སྭསྟི། འགྲིབ་མེད་ལང་ཚོ་འབར་བའི་ཞུགས་ཀྱི་ལྕེས། །མཚན་མའི་ཀུན་རྟོག་བསྲེག་བྱ་འབུམ་ཟོས་ཏེ། །བདེ་ཆེན་སྣང་པ་འོད་དུ་གསལ་མཛད་པ། །བླ་མ་འཆི་མེད་པདྨས་དགེ་བར་སྲུངས། །(དེའང་འཆི་མེད་སྲོག་གི་ཐིག་ལེའི་སྒྲུབ་ཕྲིན་དང་འབྲེལ་བར་ཚེ་བསོད་རྒྱས་པའི་སྲེག་བླུགས་ཀྱི་ཆོ་ག་ཟབ་མོ་བསྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དུས་རབ་བཞིའི་ཡར་ངོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་ཉི་དྲོས་ཀྱི་ཆར། གང་དུ་བྱ་བའི་གཞི་དེར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་བསྔོ་ཞིང་། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ་བདག་པོའི་སྔགས་ཀྱིས་སྦྱོང་བ་ཀུན་རྫོབ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱོང་བ་(2ན)ཙམ་བྱས་རྗེས། རྒྱལ་པོའི་བང་མཛོད་ཀྱི་འོག་དང་ཞིང་ས་བཟང་པོ་སོགས་དཔལ་ཅན་གྱི་ས་ལས་བསྐྲུན་པའི་ཐབ་སྟེགས་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་གྲུ་བཞི་རྒྱར་ཁྲུ་དོ་དཔངས་སུ་ཁྲུ་གང་བ། ཐབ་ཀྱི་སྟེང་དུ་མུ་རན་ནམ་མཆུ་སོར་བརྒྱད་དོར་བའི་རྒྱར་དཔངས་སོར་བརྒྱད་པའི་ཁ་ཁྱེར་བགས་ཀྱིས་གཞོལ་བའི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ། མུ་རན་ལ་མེ་རི་གཡས་བསྐོར། ཐབ་དབུས་སུ་རིན་པོ་ཆེའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སོར་དྲུག་པའི་ནོར་བུ་སེར་པོས་མཚན་པ། བྲིས་ཐབ་ཏུ་བྱེད་ན་སྟེགས་བུར་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་པར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁྲུ་རེ་གཞལ་བའི་སར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབས་(2བ)བརྒྱད་པའི་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པ། མཆུའམ་མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་། ཁ་ཁྱེར་རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་ཟུར་བཞི་ལའང་རིན་པོ་ཆེ་འབར་བ་རེ་བཅས་བྲི། དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པའི་གུར་གུམ་གྱི་ཆབ་ཀྱིས་བྲན་པས་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིགས་པའི་ནང་གི་ཤར་ལྷོའི་ངོས་སུ་མེ་ཚང་བཅས་ལ་སྟེང་ནས་ཀུ་ཤ་རྩེ་མོ་བྱང་དུ་བསྟན་པས་བཀབ། རང་གི་གཡས་ངོས་སུ་མཆོད་སྟེགས་དང་གཡོན་དུ་རྫས་སྟེགས་གཉིས་ཀ་དང་རས་སེར་པོའི་ཁེབས་དང་ལྡན་པའི་མཆོད་སྟེགས་སུ་གསེར་ཕྱེ་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་དང་བསྲེས་པས་འདས་གཏོར་གྲུ་བཞི་དང་། མདུན་དུ་འཇིག་རྟེན་པའི་གཏོར་མ་དེ་དང་མཚུངས། གཡས་གཡོན་དུ་སྨན་ཕུད་དང་རཀྟ། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཆ་གཉིས་ཕྲེང་ཚར་དུ་བཀོད། རྫས་སྟེགས་སུ་འབྲས་བུ་ཆགས་པའི་ཤིང་གི་བར་གྱི་ཆ་ལས་བྱུང་བའི་ཡམ་ཤིང་ཁྲུ་གང་བ་དྲི་བཟང་དང་མངར་གསུམ་མར་ཁུས་སྦགས་པ། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ་དཀར་པོ། དཀར་མངར་འབྲུ་སྨན་རིན་པོ་ཆེན་དྲི་བཟང་དང་སྦྱར་བའི་ཟས་མཆོག །འབྲས་མ་གྲུགས་པ། ནས་དང་སོ་བ་གྲ་མ་མེད་པ། གྲོ། སྲན་མ། དཱུརྤ། ཀུ་ཤ ། ཡུངས་ཀར། བི་ཝ་དང་ཁམ་བུ་ལ་སོགས་པའི་ཤིང་ཏོག་རྣམས་དང་། དར་སེར་གྱི་གོས་ཟུང་། རྡོ་ཐལ་མེད་པའི་སོ་རྩི་རྣམས་ཁ་དོག་སེར་ཞིང་དབྱིབས་གྲུ་བཞི་པའི་སྣོད་འབའ་ཞིག་པར་འདས་མ་འདས་ཉིས་རིམ་དུ་བཤམ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བཾ་གྱིས་མཚན་པ་བྲིས་པའི་ནང་གི་ཆར། ནང་མཆོད། (3ན)ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ་བཅས་བཞག །གཞན་ཡང་མེ་དར་རླུང་གཡབ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། སློབ་དཔོན་རྒྱན་ཆས་སེར་པོ་བགོས་ཏེ་དགའ་བའི་སེམས་ཀྱིས་དར་ཟབ་སོགས་སྟན་སེར་བོ་ལ་བཟང་པོའི་སྟབས་ཀྱིས་ཁ་བྱང་དུ་ཕྱོགས་པས་འཁོད་ནས་བདག་གི་རྣལ་འབྱོར་ལ་གནས་པས་ལས་རིམ་ལ་འཇུག །སྒྲུབ་མཆོད་དང་འབྲེལ་བའི་ཚེ་རྩ་སྔགས་ལ།) ཕཊ་ཛཿ (བཏགས་པ་བརྗོད་པས།) རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལས་ཀྱི་ལྷ་གཉིས་པའི་རྣམ་པས་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་(མོས་ལ། ཚུལ་བཞིན་བསྒྲུབས་པའི་ལས་བུམ་གྱི་ཆུད་དང་རྟ་སྔགས་ཀྱིས་རྡོ་དྲིལ་བསང་།)སྭབྷཱ་ཝ(ས་སྦྱང་།)སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མཧཱ་བཛྲ་ཧཱུྃ༔ (ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།) ཨོཾ་བཛྲ་གཎྜེ་ཨཱཿ (ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན།) ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭབྷཱ་ཝ་ཨཏྨ་ཀོ྅ཧཾཿ (ཞེས་པད་བསྐོར་སྔོན་དུ་འགྲོ་བས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་ལ་བློ་བཞག །དགང་བླུགས་སྔར་བཞིན་བསང་སྦྱང་།)སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་ (3བ)པའི་དགང་གཟར་བླུགས་མཚན་ཉིད་ཐམས་ཅད་དང་ལྡན་པ། རང་གི་སྙིང་གནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུགས་ལ་ཐིམ་པས་དངོས་གྲུབ་འབྱུང་པོའི་དམ་ཚིག་གི་ཡོ་བྱད་དུ་གྱུར་(པར་བསམ། ཕྱི་ནང་གི་མཆོད་རྫས་རྣམས་བསང་སྦྱངས་ཏེ་བྱིན་གྱིས་བརླབ་པ་ལས་བྱང་ལྟར་བྱ། བསྲེག་རྫས་རྣམས་བསང་སྦྱང་།)སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱས་པའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་(བསམ་ཞིང་། རྡོར་དྲིལ་དང་བཅས་དགང་བླུགས་འཛིན་པས་བསྲེག་རྫས་རྣམས་ལ་གཡས་བསྐོར་དུ་རེག་ལ།) ཨོཾ་སྭཱཧཱཿ(ཡམ་ཤིང་ལ།) ཨོཾ་ཨཱཿ སྭཱཧཱཿ (ཞུན་མར་ལ།) ཨོཾ་ཤྲཱི་སྭཱཧཱཿ (འབྲུ་རྣམས་ལ།)ཨོཾ་ཛྲིཾ་སྭཱཧཱཿ (རྫས་གཞན་རྣམས་ལ།) ཨོཾ་ཀུ་རུ་ཀུ་རུ་སྭཱཧཱཿ ཨོཾ་ཨཱཿཧཱུྃཿ (ཞེས་སྔགས་རྣམས་ལན་གསུམ་གསུམ་དུ་བརྗོད་པས་བྱིན་གྱིས་བརླབ། དེ་ནས་རྒྱལ་རིགས་ཀྱི་ཁྱིམ་དང་རྩུབས་ཤིང་ལས་བྱུང་བའི་མེ་དུ་བ་མེད་པ་གཡས་སུ་བསྐོར་ཏེ།) ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ༔ (ཞེས་ཐབ་ཀྱི་ཤར་ལྷོ་ནས་བཅུག །)ཧཱུྃ་ཧཱུྃ་ཧཱུྃ༔ (ཞེས་རླུང་གཡབ་ཀྱིས་མེ་སྦར་ཞིང་།) ཧྲཱིཿ(ལན་བདུན་བཟླས་པའི་བླུགས་གཟར་གྱི་མར་ཁུའི་ཐིག་པས་ཀྱང་གསོ། དེ་ནས་(4ན)ཀུ་ཤུ་སྔོ་ལྗང་དྲི་མ་མེད་པ་ལས་བུམ་གྱིས་ཆུས་བྲན་ཏེ།)ཨོཾ་ཧྱ་གྲཱི་ཝ་བིགྷྣན་ན་ཤ་ཡ་ཧཱུྃ་ཕཊ༔ (ཅེས་བསང་ལ།) ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ ། ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱཧཱ། (ཞེས་ཀུ་ཤ་ཐབ་ཀྱི་གཡས་བསྐོར་དུ་བཀྲམ་ཞིང་སླར་རྩེ་མོ་བྱང་དུ་བསྟན་པའི་ཀུ་ཤ་པ་ལང་གི་རྣབ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ ། གཉིས་པ་དངོས་གཞི་ལ་གཉིས། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་། འདས་པའི་མེ་ལྷ་མཆོད་པའོ། །དང་པོ་ནི། ཐབ་བསང་སྦྱང་།) སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་སེར་པོ་ལས་དབྱུག་ཐོ་སེར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་སེར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ་ཚངས་པའི་སྐུད་པ་སེར་པོ་དང་ལྡན་པ། (4བ)ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་དབྱུག་ཏོ། གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། (དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ཚུལ་བྱས་ལ།) དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་(བསམ་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་།) ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེགས་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་པཱ་བ་ཀ་ཨགྣ་ཡེ་ཨ་གཙྪ་ཡཿམ་མ་པུཥྚིཾ་ཀུ་རུ་ཨོཾ། (ཞེས་མདུན་གྱི་ནམ་མཁར་བཞུགས་པལ་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བགེགས་བསྐྲད།)ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ(ལྕགས་ཀྱུའི་ཕྱག་རྒྱས་དགུག །) ཨོཾ་བཛྲ་པཱ་ཤ་ཧཱུྃ། (ཞགས་པའི་ཕྱག་རྒྱས་གཞུག །)ཨོཾ་བཛྲ་སྥོ་ཊ་བ། (ལྕགས་སྒྲོག་གི་ཕྱག་རྒྱས་གཉིས་མེད་དུ་བྱས།) ཨོ་བཛྲ་གྷཎྜེ་ཧོཿ (དྲིལ་བུའི་ཕྱག་རྒྱས་དགྱེས་པ་བསྐྱེད།) སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི༔ སྤོས་དང་སྨན་སྦྱར་ཆུ་གཙང་དམ་པ་འདིས༔ མི་(5ན)གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག༔ ཨོཾ་སྭབྷ་ཝ་ཤུདྡྷོཿསྭཱཧཱཿ བདག་ཅག་མེ་ཏོག་སྤོས་རབ་དང་༔ མར་མེ་དྲི་ཆབ་ལྷ་ཡི་བཤོས༔ སྦྱིན་སྲེག་མཆོད་པ་འདི་འབུལ་གྱིས༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ(ནས་ཤཔྡའི་བར་གྱིས་མཆོད།) ཧཱུྃ༔ གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྩོལ་མཛད་པའི༔ བདག་གཞན་དོན་གྲུབ་ས་ལ་བཞུགས༔ འཛིན་བྱེད་མེ་ལྷ་ཉིད་ལ་འདུད༔ (ཅེས་བསྟོད། བུམ་ཆུས་གཏོར་ཞིང་།) ཇི་ལྟར་བལྟམས་པ་(སོགས་ཀྱིས་མཐར།) ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ (ཞེས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར།) ཨོཾ་རཏྣ་ཨ་ལོ་ཀཱ་ར་སྭཱཧཱ། (ཞེས་དེ་རྣམས་ཀྱིས་རྒྱན་བཏགས་པར་བསམ། དེ་ནས་བྱོན་སྐྱེམས་ནི།) མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་(བསམ་ལ། ལག་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། (5བ)ཨོཾ་བི་མ་ལ་ཨགྣ་ཡེ་སྭཱཧཱ། (ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ནང་ལས་ཕྱིར་མི་འདའ་བས་གཡས་སུ་བསྐོར་ཞིང་།) ཨོཾ་པཱ་བ་ཀ་ཨགྣ་ཡེ་(ཞེས་པའི་མཐར།) རྣལ་འབྱོར་པ་བདག་ཅག་(གམ།) སྐྱེས་མཆོག་རིག་པ་འཛིན་པ(འམ།) སྦྱིན་པའི་བདག་པོ་(སོགས་སྐབས་ཐོབ་བཞིན་ཁ་བསྒྱུར་ལ།) སློབ་དཔོན་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་འཕྲིན་ལས་མཛད་དུ་གསོལ། (ཞེས་སྤེལ་ཚིག་སྦྲེལ་བས་ཕུལ། ཚུལ་དེ་ལྟ་བུའི་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག་པས་དགེ་བར་མཐོང་ན་གཟེངས་བསྟོད། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་བསྲུང་བ་བྱའོ། །དེ་ནས་རྫས་རྣམས་ལས་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་དུརྦ་ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟན་དང་ཏིལ་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་པས་བཟུང་དུ་གཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་འབུལ་ཞིང་། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་།) ཨོཾ་བོ་དྷི་བྲིཀྵ་ཡ་སྭཱཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ (མར་ཁུ།) ཨོཾ་ཨགྣ་ཡེ་སྭཱཧཱ༔ འབྱོར་བ་ཕུན་སུམ་ཚོགས་(6ན)པ་ཐམས་ཅད༴ (ཏིལ།) ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ༔ སྡིག་སྒྲིབ་ཞི་བ་ཕུན་སུམ་ཚོགས་པ༴ (ཞོ་ཟན་ནམ་ཟས་མཆོག །)ཨོཾ་སརྦ་སམྤ་དེ་སྭཱཧཱ༔ བདེ་བ་ཕུན་སུམ་ཚོགས་པ༴ (འབྲས།) ཨོཾ་བཛྲ་པུཥྚ་ཡ་སྭཱཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ༴ (ནས།) ཨོཾ་མཧཱ་བེ་ག་ཡ་སྭཱཧཱ༔ ཤུགས་ཕུན་སུམ་ཚོགས་པ༴ (སོ་བ།) ཨོཾ་བཛྲ་བི་ཛ་ཡ་སྭཱཧཱ༔ ནོར་དང་འབྲུ་ཕུན་སུམ་ཚོགས་པ༴ (གྲོ།) ཨོཾ་བཛྲ་གྷསྨ་རི་ཡ་སྭཱཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ༴ (སྲན་མ།) ཨོཾ་མཧཱ་བ་ལ་ཡ་སྭཱཧཱ༔ སྟོབས་ཕུན་སུམ་ཚོགས་པ༴ (དུརྦ།) ཨོཾ་བཛྲ་ཨ་ཡུ་ཥེ་སྭཱཧཱ༔ ཚེ་རིང་བ་ཕུན་སུམ་ཚོགས་པ༴ (ཀུ་ཤ །) ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཏ་བཛྲ་ཡ་སྭཱཧཱ༔ མིན་མཐུན་པའི་ཕྱོགས་ཐམས་ཅད་སྲུང་བ་ཕུན་སུམ་ཚོགས་པ༴ (ཡུངས་ཀར།) ཨོཾ་བཛྲ་སིདྡྷ་ཡེ་སྭཱཧཱ༔ གདོན་བགེགས་འཇོམས་པ་ཕུན་སུམ་ཚོགས་པ༴ (ཤིང་ཏོག །)ཨོཾ་ག་གྷ་ནི་ག་གྷ་ནི་བཻ་ལོ་ཀ་ཏི་སྭཱཧཱ༔ རིགས་བརྒྱུད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ (དེ་ལྟར་ལན་བདུན་སོགས་ཇི་ལྟར་རིགས་པ་ཕུལ་བའི་མཐར།) ཨ་ཀཱ་རོའི་སྔགས་(ལན་གསུམ་གྱིས་གཏོར་མ་བསྔོ། བསྟོད་པ་ནི།)ཧཱུྃ༔ ཚངས་པའི་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་བོ་དྲང་སྲོང་མཆོག༔ འབྱུང་པོ་ཡོངས་ (6བ)སུ་སྐྱོབ་པའི་ཕྱིར༔ ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ༔ རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ༔ ཉོན་མོངས་སྲེག་པའི་ཤེས་རབ་འོད༔ བསྐལ་པའི་མེ་བཞིན་གཟི་བརྗིད་འབར༔ མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན༔ ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས༔ བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང༔ བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས༔ ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ༔ ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད༔ འཇིག་རྟེན་གནས་ཀྱང་མྱ་ངན་འདས༔ ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ༔ དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ༔ (ཅེས་བསྟོད། ཡིག་བརྒྱ་བརྗོད་པས་ནོངས་པ་བཤགས་ལ།) ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེགས་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། རྣལ་འབྱོར་པ་བདག་ཅག་(གམ།) སྐྱེས་མཆོག་རིག་པ་འཛིན་པ(འམ།) སྦྱིན་པའི་བདག་པོ་ (སོགས་སྐབས་ཐོབ་བཞིན་སྦྱར་ལ།) འཁོར་དང་བཅས་པའི་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ཟས་ནོར་ལོངས་སྤྱོད་བུ་སློབ་འཁོར་འབངས་མངའ་རིས་ཆོས་སྲིད་ལ་སོགས་པ་དར་ཞིང་རྒྱས་ (7ན)པར་དུ་མཛད་དུ་གསོལ། མཁྱེན་པ་དང་བརྩེ་བ་མཐུ་སྟོབས་ནུས་རྩལ་ཉམས་དང་རྟོགས་པ་ས་ལམ་གྱི་ཡོན་ཏན་དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་དབྱར་གྱི་ཆུ་གཏེར་དང་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། པུཥྚིཾ་ཀུ་རུ་ཨོཾ༔ (ཞེས་འདོད་དོན་གསལ།) ཨོཾ་ཨཱཿཧཱུྃ་མུཿ ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་ (བསམ་མོ། །གཉིས་པ་འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ཅུང་ཟད་ཁ་གསོས་ལ་བསང་སྦྱང་།) ཧྲཱིཿ དམ་ཚིག་མེ་ལྷའི་ལྟོ་བ་འབྱམས་ཀླས་དབྱིངས༔ རང་བྱུང་ལྷུན་གྲུབ་རིན་ཆེན་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྟ་བབ་གདུགས་ཏོག་དང་༔ ཆོས་འཁོར་ལ་སོགས་ཚད་དང་མཚན་ཉིད་ཀུན༔ ཡོངས་རྫོགས་ཕྱི་ནང་སྒྲིབ་མེད་ཟང་ཐལ་ལེ༔ འོད་ཟེར་དྲྭ་བས་ཡོངས་སུ་ཁེབས་པའི་དབུས༔ དྭངས་གསལ་དྲི་མེད་པདྨ་འདབ་བརྒྱད་ཀྱི༔ གེ་སར་རབ་ཏུ་རྒྱས་པའི་ལྟེ་བ་ལ༔ ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་བརྡལ་བའི་སྟེང་༔ བཅོམ་ལྡན་མགོན་པོ་འཆི་མེད་པདྨ་འབྱུང་༔ འཁོར་འདས་ཟིལ་གནོན་དཀྱིལ་ (7བ)འཁོར་གཙོ་བོ་མཆོག༔ (ཞེས་སོགས་ནས།) མ་འགགས་རོལ་པ་ཆེན་པོའི་དབྱིངས་སུ་ཤར༔ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་ཨཱཿཡུརྫྙཱ་ན་སརྦ་མཎྜལ་ཧྲཱིཿབྷྲཱུྃ༔ (ཞེས་པའི་བར་གྱིས་ལྷ་ཚོགས་གསལ་བཏབ་ནས་སྤྱན་འདྲེན་ལ་འཇུག །ཡང་དམིགས་གསལ་སྒྲུབ་མཆོད་དང་འབྲེལ་བའི་སྐབས་ཡིན་ན་གོང་གི་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་དེ།) ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་བརྡལ་བར་གྱུར༔ (ཅེས་པའི་མཚམས་སུ།) ཧྲཱིཿཧྲཱིཿ ཡུལ་གྱི་མིང་ནི་ནུབ་ཕྱོགས་བདེ་བ་ཅན༔ (ཅེས་སོགས་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་སྔགས་བཟླ་བཞིན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་ལྷན་ཅིག་བསྐྱེད་བསྔགས་བརྗོད་པའི་མཐར།) རིན་ཆེན་ཕོ་བྲང་དབུས་ཀྱི་གདན་སྟེང་དུ༔ བཅོམ་ལྡན་མགོན་པོ་འཆི་མེད་པདྨ་འབྱུང་༔ འཁོར་འདས་ཟིལ་གནོན་དཀྱིལ་འཁོར་གཙོ་བོ་མཆོག༔ (ཅེས་སོགས་སྔར་བཞིན་བརྟེན་པ་ལྷ་ཚོགས་གསལ་འདེབས་པ་ཙམ་ཁྱད་པར་རོ། །གང་ལྟར་ཡང་བཞུགས་སུ་གསོལ་བ་ནས་བསྟོད་པའི་བར་ལས་བྱང་གི་དཀྱུས་བཞིན་སོང་ནས། སྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ལ།) དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་གཟར་བུ་(8ན)གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་(བསམ། གོང་བཞིན་དགང་བླུགས་རྩ་བསྙེན་གྱི་དགང་ཞིང་རིགས་ལྔ་སྤྱི་དྲིལ་སྤེལ་ཚིག་དང་བཅས་པས་ཕུལ། དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གཞན་རྣམས་རྩ་སྔགས་ལན་རེའི་མཐར་རྫས་སྔགས་ཀྱིས་བཅུ་ལ་སོགས་པ་ཇི་ལྟར་རིགས་པ་ཕུལ་མཐར་སྤེལ་ཚིག་གོང་ལྟར་སྤེལ། ཚུལ་དེ་ལྟ་བུས་བརྒྱའམ་སུམ་ཅུ་ཉེར་གཅིག་སོགས་སྐབས་དང་སྦྱར་ཏེ་ཕུལ། ཡང་ཁྲི་འབུམ་ལ་སོགས་གྲངས་མང་པོ་གསོག་དགོས་པའི་ཚེ་རྒྱས་པ་ཁོ་ན་ལྕོགས་དཀའ་བས། གོང་བཞིན་རྒྱས་པ་ལན་གསུམ་སོགས་གནང་ནུས་ཀྱི་མཐར་རྫས་སྤུངས་སུ་བྱས་ཏེ་རྩ་སྔགས་ཁོ་ནས་ཀྱང་རུང་ལ། འདིར་ཚེ་རྒྱས་པའི་དབང་གིས་རྫས་ཡང་དུརྦ་ཁོ་ན་གཙོ་བོར་ཕུལ་བ་དམིགས་བསལ་དང་། དེའི་ཚེ་སྤེལ་ཚིག་ཀྱང་།) བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། (ཞེས་སྦྱར་རོ། །མཐར་རྫས་རྣམས་རྫོགས་ཏེ་ལས་བཅོལ་བ་ནི།)ཧོཿ བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ཀྱིས་(སོགས་གོང་བཞིན་འདོད་དོན་གསོལ་བས།) ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ (8བ)གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་(བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་དུ་ཕུལ་མཐར།) ཨོཾ་བཛྲ་ཝ་སྟྲ་ཡ་སྭཱཧཱ༔ (ཞེས་གོས་བཟུང་དང་།) ཨོཾ་བཛྲ་ཏ་མྦུ་ལཱ་ཡ་སྭཱ༔ (ཞེས་སོ་རྩི་འབུལ། ཆུ་གཉིས་ཉེར་སྤྱོད་སྔགས་ཙམ་གྱིས་མཆོད་ཅིང་ཤླཽ་ཀ་གཅིག་གིས་བསྟོད།) མ་རྙེད་ཡོངས་སུ་མ་ཚང་དང་། །(སོགས་དང་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས།) ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ (ཅེས་སོགས་ནས།) བཛྲ་མུཿ(ཞེས་སེ་གོལ་གྱིས་སྒྲས་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྒྲུབ་མཆོད་དང་འབྲེལ་བའི་ཚེ།) དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་(བསམ་ཞིང་མཎྜལ་མེ་ཏོག་གིས་མཚོན་པར་སྒྲུབ་དཀྱིལ་ག་ལ་བར་སྤྱན་དྲངས།) གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་(བསམ་མོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། སླར་ཡང་བླུགས་གཟར་གྱི་མར་ཁུས་མེ་གསོ་ཞིང་།) བཛྲ་ས་མཱ་ཛཿ(ས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས།) ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར་(པ་ལ་སྔར་བཞིན་དགང་བླུགས་དང་(9ན)ཡང་ཤིང་ལ་སོགས་པའི་སྲེག་རྫས་ལྷག་མ་རྣམས་སོ་སོའི་སྔགས་མཐར།) ཨོཾ་པཱ་བ་ཀ་ཨགྷ་ཡེ་རྣལ་འབྱོར་པ་བདག་ཅག་སློབ་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་སྲེག་བླུགས་ཀྱི་ཆོ་ག་འདིར༔ རྫས་དང་ཡོ་བྱད་མ་ཚོགས་པ་དང་༔ ཏིང་ངེ་འཛིན་མ་གསལ་བ་དང་༔ ཆོ་ག་ལྷག་པ་དང་༔ ཉམས་པ་དང་༔ ལྷ་གོང་འོག་ནོར་བ་ལ་སོགས་པ་ཉེས་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ༔ (ཞེས་སྦྱར་བས་འབུལ། གོས་ཟུང་དང་སོ་རྩི་ལ་གོང་གི་སྔགས་ཀྱིས་ཕུལ་མཐར།) པུཥྤེ་(སོགས་ཉེར་སྤྱོད་ལྔས་མཆོད།) མེ་སྟེ་བསྲེགས་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །(ཞེས་བསྟོད།) ཨ་ཀཱ་རོ(ས་སྔར་བསྔོས་པའི་གཏོར་མ་ཐབ་ཏུ་དབུལ་ཞིང་།) མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །(སོགས་ཀྱིས་འཕྲིན་ལས་བཅོལ།) མ་རྙེད་ཡོངས་སུ་(སོགས་ཀྱིས་ནོངས་པ་བཤགས།) བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་མུཿ (ཞེས་པས།) ཡེ་ཤེས་(9བ)ཀྱི་མེ་ལྷ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་གི་སྙིང་གར་ཐིམ་པར་(བསམ། འདིར་རབ་གནས་ཀྱི་དུས་སོགས་སྐབས་འགའ་ཞིག་ཏུ་བཀྲ་ཤིས་པའི་བཟའ་བ་འོ་ཐུག་བསྒྲུབ་པར་འདོད་ན། འོ་མ། འབྲས་མ་གྲུགས་པ། མར། སྦྲང་རྩི། ཀ་ར་རྣམས་རང་གི་འདོད་ལྷའི་ས་བོན་ལས་བྱུང་བར་བསམ་ལ། ནག་པོ་མ་ཡིན་པའི་སྣོད་གཙང་མ་དྲིས་བྱུག་ཅིང་མེ་ཏོག་གི་ཕྲེང་བས་བཅིངས་པའི་ནང་དུ་དགང་བླུགས་ཀྱི་གཟར་བུས་བླུགས་ལ་མཉྫི་སོགས་ཀྱི་སྟེང་དུ་བཀོད་ནས་སྦྱིན་སྲེག་གི་ཐབ་ཏུ་བཞག །རང་ལྷའི་རྣལ་འབྱོར་གྱིས་རྫས་ལྔ་པོ་བདུད་རྩིའི་རང་བཞིན་དུ་བལྟས་ལ།) ཨོཾ་དཱི་བྱ་ཨ་ནི་ས་མཱ་དྷི་དྷྱཱ་ན་བྲི་ཎ་ནེ་སྭཱཧཱ། (ཞེས་དང་ཡིག་བརྒྱ་བཟླ་ཞིང་བསྐོལ་ལ།) ཐོག་མར་དཀྱིལ་འཁོར་པ་ལ་དབུལ། དེ་ནས་འཇིག་རྟེན་སྐྱོང་བ་རྣམས་དང་བདག་དང་སློབ་མ་སྦྱིན་པའི་བདག་པོར་བཅས་པས་ལོངས་སྤྱད་ཅིང་སློང་བའི་སེམས་ཅན་གཞན་དག་ལ་ཡང་སྦྱིན་ནོ། །སྦྱིན་སྲེག་རྫོགས་པའི་མཐར་མེ་རང་ཞིར་བཏང་བའམ་ལོང་མེད་ན་དྲི་བཟང་གི་ཆུས་བཅིལ་ལ་ཐལ་བ་བུམ་པར་བླུགས་ཏེ་བང་མཛོད་སྦ། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱས་པར་བྱའོ། །བྱིན་ཟ་ཞུགས་ཀྱི་ལས་ལ་ཡོངས་བརྟེན་ནས། །ལྷ་རྣམས་མཉེས་ཚིམ་དངོས་གྲུབ་བདེ་བླག་ཏུ། །སྒྲུབ་བྱེད་ཆོ་གའི་ངག་ཁྲིགས་(10ན)གསལ་བྱས་པ། །འདིས་ཀྱང་སྐལ་བཟང་འདོད་པ་འཇོ་བྱེད་ཤོག །དེ་ལྟར་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་འཕྲིན་ལས་དང་འབྲེལ་བར་སྦྱིན་སྲེག་གི་ཆོ་ག་ཚེ་དབང་བདེ་ཆེན་རབ་འབར་ཞེས་བྱ་བ་འདི་ནི། རང་གཞན་རྣམས་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྤེལ་བའི་ཆ་རྐྱེན་དམ་པར་མེད་དུ་མི་རུང་བར་མཐོང་ནས་རིགས་མཐུན་གྱི་གཏེར་ཁ་གོང་མ་དག་དང་རྒྱུད་ལུང་གི་ངེས་པ་གྲུབ་པའི་མན་ངག་གིས་ལེགས་པར་ཕྱེས་པ་རྣམས་ལ་བརྟེན་ནས། ལམ་འདིའི་བཀའ་བབས་ལུང་ཐོབ་ཀྱི་རིག་པ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཐུན་མོང་གི་ལོ་དཔྱིད་ཟླ་འབྲིང་པོ་བཀྲ་ཤིས་པའི་ཟླ་བའི་ཡར་ཚེས་བཟང་པོ་ལ་གྲུབ་བར་སྤེལ་བའི་ཡི་གེ་པ་ནི་རིག་བྱེད་པ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པ་ཨ་ཡུ་སིདྡྷི་རསྟུ།། །།