DJYD-KABUM-14-PHA-027

From Dudjom Wiki
Revision as of 05:15, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-14-PHA-027

༁ྃ༔ རྡོ་རྗེ་ཚེ་སྒྲུབ་དང་འབྲེལ་བ་བཅུད་ལེན་གྱི་ གདམས་པ་བཞུགས་སོ། །

(1བ)པདྨ་འབྱུང་གནས་བདག་གིས་ཀྱང་༔   ཡི་དམ་ལྷ་ཡི་ལུང་ཡང་བསྟན༔   ཌཱ་ཀི་རྣམས་ལ་གསོལ་བ་བཏབ༔   ཚེ་ཡི་སྒྲུབ་ཐབས་འདི་ཉིད་ཞུས༔   དང་པོ་སྔོན་དུ་འགྲོ་བ་ནི༔   ཡར་ངོ་བཀྲ་ཤིས་དུས་བཟང་ཚེ༔   སྔོ་དང་ཁྲག་དང་རུལ་སུང་སྤངས༔   ཆུ་བསྐོལ་བཏང་ཞིང་རྩ་སྦུབས་སྦྱངས༔   ཟས་ཀྱང་བཅུད་ལྡན་ཆུང་བ་ཟ༔   སྲོག་བསླུ་སྨན་གྱི་སྦྱིན་པ་བཏང་༔   དེ་ནས་དངོས་གཞིའི་རིམ་པ་ནི༔   འཆི་མེད་བདུད་རྩི་འདི་ཉིད་དོ༔   ས་ཡི་དྭངས་མ་བྲག་ཞུན་བྲེ་ཕྱེད་ལ༔   རྡོ་ཡི་དྭངས་མ་ཅོང་ཞི་བྲེ་གང་གིས༔   སོའུ་སྐྱེ་ཞི་རུས་པ་མཁྲེགས་པར་བྱེད༔   ཤིང་(2ན) གི་དྭངས་མ་བུ་རམ་བྲེ་དོ་ལ༔   རྩི་ཡི་དྭངས་མ་འབྲི་མར་བྲེ་བཞི་སྦྱར༔   སྟོབས་ཆེ་བཅུད་རྣམས་འཕེལ་ཞིང་རྒྱས་པར་བྱེད༔   མེ་ཏོག་དྭངས་མ་སྦྲང་རྩི་བཀྲག་མདངས་གསོས༔   ཤུག་པ་(འདབ་མ་རྒྱས་དུས།)བ་ལུ་(མེ་ཏོག་རྒྱས་དུས།) མཁན་པ་(འདབ་མ་སྔོ་དུས།)མཚེ་དང་(སྔོ་དྲི་ཐིམ་དུས།)བཞི༔   དུས་བཞིར་བཅུད་ལྡན་བདུད་རྩི་བཞི་ཡིན་པས༔   དེ་བཞིའི་བཅུད་བསྡུས་ཁ་ནད་ཁྱོར་གང་གྲོགས༔   (དེ་རྣམསས་རང་རང་གི་ཁ་ནད་འདོན་པ་ཡིན།) སྦྱོར་བའི་ཐབས་ནི་ཅོང་ཞི་བྲེ་གང་ཚད༔   ཆུ་བྲེ་དྲུག་ལ་བསྡུས་ལ་རྩིགས་མ་དབྱུང་༔   སྙིང་པོ་བྲེ་གང་སོ་ཚེ་བདུད་རྩི་བཞི༔   བྲག་ཞུན་མར་དང་འོ་མ་ (2བ)ཉིས་འགྱུར་བསྲེ༔   མ་འདྲེས་བསྡུས་ལ་ཆུ་དེ་ཆོད་པ་དང་༔   སྦྲང་དང་བུ་རམ་མར་དང་ལེགས་པར་བསྲེ༔   (འདིའི་ཕྱག་ལེན་ཞིབ་པར་མཐོང་བརྒྱུད་ལས་རྟོགས་པར་བྱསོ།   །)མཚན་ལྡན་ཐོད་པ་ལྔར་བླུག་དལ་ལ་བཀོད༔   ཡིག་འབྲུ་ལྔ་ལས་རིགས་ལྔ་ཡབ་ཡུམ་བསྐྱེད༔   རང་བཞིན་གནས་ནས་སྤྱན་དྲངས་བརྟན་པར་གསོལ༔   (ཛཿཧཱུྃ་བྃ་ཧོཿ མཆོད་པ་རྒྱ་ཆེར་ཕུལ།)གོང་ལྟར་སྙིང་པོ་བཟླ་ཞིང་ཏིང་འཛིན་བསྒོམ༔   རིགས་ལྔ་ཡབ་ཡུམ་སྦྱོར་མཚམས་བྱང་ཆུབ་སེམས༔   བདུད་རྩི་བབས་པས་ཐོད་པ་གང་བར་བསམ༔   དེ་ལྟར་ཞག་བདུན་བསྒྲུབ་ནས་དངོས་གྲུབ་བླང་༔   ཐོ་རངས་ལྟོ་སྟོང་དུས་སུ་རྟག་ཏུ་སྤྱད༔   མ་ཞུའི་བར་ལ་ཁ་ཟས་གཞན་རྣམས་སྤངས༔   ཚེ་ནི་ཉི་ཟླའི་ཚེ་དང་མཉམ་པར་འགྱུར༔   རིམས་དང་རྐྱེན་དང་འབྱུང་བའི་དར་རྒུད་དང་༔   རྒས་དང་འདུ་བ་རྣམ་བཞིའི་ནད་ལས་ཐར༔   བརྒྱད་ཅུ་ལོན་ཀྱང་སྐྲ་དཀར་གཉེར་མ་དང་༔   ཤ་སྐམ་ལུས་སྟོབས་ཆུང་དང་མིག་མི་གསལ༔   སེམས་འཐིབ་རྒས་པའི་སྐྱོན་རྣམས་འབྱུང་མི་འགྱུར༔   གཞོན་ནུ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར༔   གྲུབ་རྟགས་སྟོབས་དང་གྱད་དང་མདངས་དང་འགྲོས༔   སེང་གེ་གླང་ཆེན་རྨ་བྱ་རྟ་ལྟར་འགྱུར༔   རྟག་ཏུ་སྤྱད་ན་ཤ་རྒྱས་གཉེར་མ་མེད༔   སྭོ་སྐྱེ་དབང་པོ་གསལ་ལ་ལུས་(3ན)སེམས་བདེ༔   ཚེ་ནི་ཉི་ཟླ་མགྱོགས་པ་རླུང་ལྟར་འགྱུར༔   རིག་འཛིན་མཁའ་འགྲོས་བུ་བཞིན་སྐྱོང་བར་འགྱུར༔   བདུད་རྩི་བཅུད་ལེན་ཚེ་ཡི་སྒྲུབ་ཐབས་སོ༔   གོང་ལྟར་སྦྱར་ཏེ་སྒྲུབ་པ་མ་བྱུང་ཡང་༔   སྐབས་སུ་སྤྱད་ན་ཡོན་ཏན་བསམ་མི་ཁྱབ༔   སྤྱོད་ལམ་དྲག་ཤུལ་རྡུལ་ཐོན་ལས་མི་བྱ༔   འགྲོ་འདུག་ཁ་ཤས་སྐབས་ཡང་བསྲུང་མི་དགོས༔   ལྔ་བརྒྱ་ཐ་མ་ཤར་བས་ཚེ་ཚད་ཐུང་༔   ནད་མང་ལོངས་སྤྱོད་ཆུང་ཞིང་བར་ཆད་མང་༔   དམ་པའི་དོན་ཡང་མི་འགྲུབ་ཡི་རེ་ཆད༔   དེ་ཕྱིར་པདྨ་འབྱུང་གནས་ཉམས་མྱོང་འདིར༔   ལྔ་བརྒྱ་ཐ་མ་དུས་ངན་འབྱུང་དུས་སུ༔   ལས་ཅན་ང་ཡི་བུ་དང་འཕྲད་གྱུར་ནས༔   སངས་རྒྱས་བསྟན་པ་ཡུན་དུ་གནས་པར་ཤོག༔   (ཅེས་བྱང་གཏེར་ཐུགས་སྒྲུབ་མན་ངག་ལས་ཁོལ་ཕྱུང་ཁ་སྐོང་དུ་བསྡེབས་པའོ།།   །།)