DJYD-KABUM-14-PHA-028

From Dudjom Wiki
Revision as of 05:15, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-14-PHA-028

༁ཾ༔ རྡོ་རྗེ་ཕུར་པ་ཡང་གསང་བཅུད་དྲིལ་ལས༔

 ཚེ་སྒྲུབ་ཡང་ཟབ་སྙིང་པོ་བཞུགས་སོ༔
(1བ)པདྨ་ཚེ་ཡི་ལྷ་ལ་འདུད༔   འཆི་མེད་འོད་གསལ་དྭངས་མའི་སྲོག༔   འཕོ་བྲལ་གཞོན་ནུ་བུམ་པའི་སྐུར༔   རྟག་པ་དམ་པ་སྒྲུབ་པའི་ཐབས༔   ཡང་ཟབ་སྙིང་པོའི་རྣལ་འབྱོར་བསྟན༔   ས་མ་ཡ༔   (དེ་ལ་སྦྱོར་དངོས་རྗེས་ཀྱིས་ཏེ༔   དཀྱིལ་འཁོར་བུམ་པ་ཐབས་ཤེས་རྫས༔   ཚེ་མདའ་ཕྱི་ནང་གསང་བ་ཡི༔   མཆོད་པས་ཡོངས་བསྐོར་སྒྲུབ་པ་པོ༔   བདེ་བའི་སྟན་ལ་བག་ཕེབས་འཁོད༔   དག་པ་མཉམ་ཉིད་ལྟ་དགོངས་དང་༔  ལྡན་པས་སྐྱབས་སུ་འགྲོ་བ་ནི༔)ན་མོ་གདོད་མའི་གནས་ལུགས་མི་ཤིགས་པ༔  རང་བྱུང་ཁྱབ་བརྡལ་རོལ་པའི་གཤིས༔  རང་གསལ་ལྷུན་གྲུབ་ཆེན་པོའི་ངང་༔   འདུ་འབྲལ་མེད་(2ན)པར་སྐྱབས་སུ་མཆི༔   (བྱང་ཆུབ་མཆོག་སེམས་བསྐྱེད་པ་ནི༔)ཧྲཱིཿ རང་བཞིན་མེད་པའི་འཁྲུལ་སྣང་གཟུགས༔   དངོས་འཛིན་བག་ཆགས་འགྲོ་བའི་ཁམས༔   གཉུག་མའི་ངང་དུ་ཕྱག་བརྡལ་བའི༔   རང་གྲོལ་རྒྱ་ཡན་སེམས་མཆོག་བསྐྱེད༔   (གཉིས་སྣང་བགེགས་ཚོགས་བསྐྲད་པ་ནི༔)ཧྲཱིཿ སྣང་སྲིད་ཁྲོ་བོ་རོལ་པའི་སྤྲིན༔   རྟ་མཆོག་རྒྱལ་བའི་བརྟུལ་ཞུགས་ལས༔   ནམ་ཡང་འགྲོ་འོང་བྲལ་བའི་ཕྱིར༔   བགེགས་ཚོགས་ཀློང་ཡངས་དབྱིངས་སུ་བསྐྲད༔   སརྦ་བྷུ་ཏ་ཨུཏྪཊ་ཡ་ཕཊ༔   དྷརྨ་དྷཱ་ཏུ་རཀྵ་ཧོཿ(མཆོད་རྫས་བྱིན་གྱིས་བརླབ་པ་ནི༔)ཧྲཱིཿ དངོས་བཤམས་ཡིད་སྤྲུལ་མཆོད་པའི་ (2བ)རྫས༔   རབ་འབྱམས་ནམ་མཁའི་ཁམས་གང་བ༔   ཀུན་ཏུ་བཟང་པོའི་རོལ་པ་ཆེ༔   ནམ་མཁའ་མཛོད་ཀྱི་གཏེར་དུ་གྱུར༔   ཨོཾ་ཨཱཿཧཱུྃ་བྷྲཱུཾ་རྫྙཱ་ན་ཙཀྲ་སྥ་ར་ཎ་ཁཾ༔   (དངོས་གཞི་བསྐྱེད་པའི་རིམ་པ་ནི༔) ཧྲཱིཿ ཆོས་རྣམས་མཐའ་བྲལ་དེ་བཞིན་ཉིད༔   སྟོང་ཉིད་སྙིང་རྗེ་ཀུན་ཏུ་སྣང་༔   སོར་རྟོག་ཡེ་ཤེས་རྒྱུ་ཡི་ཧྲཱིཿ ལས་འཕྲོས་འོད་ཀྱིས་སྣོད་བཅུད་སྦྱངས༔   ཡེ་ཤེས་དཀྱིལ་འཁོར་མཚན་རྫོགས་དབུས༔   ཧྲཱིཿཉིད་ཡོངས་གྱུར་སྐད་ཅིག་གིས༔   བཅོམ་ལྡན་མགོན་པོ་ཚེ་ཡི་བདག༔   རྡུལ་བྲལ་པདྨ་རཱ་གའི་མདོག༔   ཐིག་ལེ་ཉག་གཅིག་ཞི་འཛུམ་ཞལ༔   རྣམ་ཐར་གསུམ་ལྡན་སྤྱན་གསུམ་མཛེས༔   སྲིད་ཞི་མཉམ་ཉིད་ཕྱག་མཉམ་གཞག༔   འཆི་མེད་ཚེ་བུམ་རྣམ་པར་འཛིན༔   ཐབས་ཤེས་ཤུང་འཇུག་རྡོར་དཀྱིལ་བཞུགས༔   དབུ་སྐྲ་ཐོར་ཚུགས་ནོར་བུའི་ཏོག༔   རིན་ཆེན་རུས་རྒྱན་དར་ཆས་བཀླུབས༔   ལོངས་སྤྱོད་ཡོངས་རྫོགས་རྒྱན་གྱིས་སྤྲས༔   ཡུམ་མཆོག་མནྡཱ་ར་བ་དམར༔   མདའ་དར་ཚེ་བུམ་འཛིན་པས་འཁྱུད༔   གནས་ལྔར་རིགས་ལྔ་ཚེ་དཔག་མེད༔   དཀར་དམར་མཐིང་སེར་ལྗང་གུའི་མདངས༔   རང་རིགས་ཡུམ་མཆོག་རྣམ་ལྔར་རོལ༔   རྒྱན་ཆ་གཙོ་བོ་ལྟ་བུའོ༔   འཇའ་འོད་ཟེར་ཐིག་འཁྱིལ་(3ན)དབུས་བརྗིད༔   དེ་ཕྱིར་པདྨ་འདབ་བརྒྱད་སྟེང་༔   སྒེག་སོགས་མཆོད་པའི་ལྷ་མོ་བརྒྱད༔   བདེ་སྟོང་ཉམས་རྒྱས་རང་རང་གི༔   མཆོད་པའི་སྤྲིན་ཕུང་མཁའ་ཁྱབ་སྤྲོ༔   སྒོ་བཞིར་མགྱོགས་མ་ལས་བཞིའི་མདོག༔   རང་རིགས་ཕྱག་མཚན་ཚེ་བུམ་བསྣམས༔   སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔   ཚེ་ལྷ་རབ་འབྱམས་སྤྲིན་ལྟར་གཏིབས༔   གནས་གསུམ་འབྲུ་གསུམ་ཡི་གེས་མཚན༔   རང་བྱུང་རང་གསལ་དབང་མཆོག་རྫོགས༔   ཨོཾ་ཨཱཿཧཱུྃ༔   ཨོཾ་ཧཱུྃ་ཏྲྃ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་པདྨ་ཀོ྅ཧཾ༔   (དད་མོས་གདུང་བའི་ཤུགས་བསྐྱེད་ལ༔   སྤོས་བཏུལ་དབྱངས་རོལ་དང་བཅས་པས༔   ཡེ་ཤེས་དཀྱིལ་འཁོར་སྤྱན་འདྲེན་ནི༔)ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དག་པའི་གྲོང་༔   ཡེ་ཤེས་འོད་ལྔའི་ད་ལ་ནས༔   སྐྱེ་འཆི་གཉིས་མེད་ཚེ་ཡི་བདག༔   གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔   ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཛྲ་ས་མ་ཡ་ཛཿཛཿ(བརྟན་བཞུགས་ཕྱག་མཆོད་ལས་རིམ་ནི༔) ཨོཾ༔   འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔   དག་པའི་སྟན་ལ་བརྟན་པར་བཞུགས༔   རང་གསལ་མཉམ་གནས་བརྡ་ཕྱག་འཚལ༔   འདོད་ཡོན་ལྔ་ལྡན་ཕྱི་མཆོད་དང་༔   དུག་གསུམ་རང་གྲོལ་ནང་མཆོད་ (3བ)དང༔   མཉམ་སྦྱོར་བདེ་ཆེན་གསང་མཆོད་ཆེ༔   ཞེན་བྲལ་བློ་འདས་དེ་ཁོ་ན༔   མཆོད་བྱ་མཆོད་ཡུལ་མཆོད་བྱེད་རྣམས༔   ལྷུན་གྲུབ་བྱ་རྩོལ་བྲལ་བར་འབུལ༔   འཆི་མེད་དངོས་གྲུབ་བསྩལ་ཏུ་གསོལ༔   ཨོཾ་བཛྲ་ཨརྒྷཾ་(སོགས་ནས།) ཤཔྡ་པཉྩ་ཀ་མ་གུ་ཎ་སརྦ་པཱུ་ཛ་མེ་གྷ་པྲ་ཏཱིཙྪ་ཧོཿ (སྙན་པའི་དབྱངས་ཀྱིས་འགྱུར་བས་བསྟོད༔) ཧཱུྃ་ཧྲཱིཿ རྡུལ་བྲལ་དག་པའི་རང་མདངས་ཁམས༔   སོར་རྟོག་ཡེ་ཤེས་ཕྱག་རྒྱར་རྫོགས༔   མཚན་དཔེའི་འོད་ཕྲེང་མེར་ཞིང་འཁྱིལ༔   སྲིད་ཞིའི་ཚེ་བཅུད་འགུགས་པའི་དཔལ༔   བླ་མ་ཚེ་མཐའ་ཡས་ལ་བསྟོད༔   བདེ་སྟོང་དགའ་བཞིའི་རོལ་རྩལ་གར༔   སྒེག་སོགས་མཆོད་པའི་ལྷ་མོ་བརྒྱད༔   མགྱོགས་མ་བཞི་སོགས་ཚེ་ཡི་ལྷ༔   མ་ལུས་འཁོར་དང་བཅས་ལ་བསྟོད༔   (སྙིང་པོ་བཟླས་པའི་རྣལ་འབྱོར་ནི༔) རང་གི་ཐུགས་ཀར་འོད་ལྔའི་ཀློང་༔   ཡེ་ཤེས་སེམས་དཔའ་མཐིང་གསལ་གྱི༔   ཐུགས་ཀའི་དབུས་སུ་རྒྱ་གྲམ་ལྟེར༔   ཉི་ཟླའི་གྭའུ་ཁ་སྦྱོར་སྦུབས༔   ཏིང་འཛིན་སེམས་དཔའ་ཡི་གེ་ཧྲཱིཿ མཐའ་སྐོར་རྡོ་རྗེའི་སྔགས་ཀྱིས་བསྐོར༔   འོད་འཕྲོས་འགྲོ་བའི་ཚེ་གེགས་སྦྱངས༔   ཚུར་འདུས་སྲིད་ཞིའི་ཚེ་བཅུད་བསྡུས༔   འཆི་མེ་ཡེ་ཤེས་(4ན)འགྲུབ་པར་(བསམ༔) ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ སརྦ་སིདྡྷི་ཧཱུྃ༔   (ཞེས་པ་ཆུ་བོའི་རྒྱུན་བཞིན་བཟླ༔   ཐུན་མཐའ་ཚོགས་གཉིས་སྤེལ་བའི་ཕྱིར༔   བཟའ་བཏུང་འདོད་ཡོན་ཚོགས་སུ་བཤམས༔) རྃ་ཡྃ་ཁྃ༔   ཡི་གེ་གསུམ་གྱི་ཆོ་འཕྲུལ་ལས༔   ཚོགས་ཀྱི་ཉེས་སྐྱོན་སྟོང་པར་སྦྱངས༔   སླར་ཡང་ཨོཾ་ཨཱཿཧཱུྃ་འོད་ཀྱིས༔   ཡེ་ཤེས་བདུད་རྩིའི་སྤྲིན་ཕུང་འཕྲོ༔   ཨོཾ་ཨཱཿཧཱུྃ༔   (སྤྱན་འདྲེན་ནི༔) ཧཱུྃ༔   འཆི་མེད་རྒྱལ་བའི་དཀྱིལ་འཁོར་པ༔   བདག་སོགས་ཚོགས་གཉིས་བསགས་པའི་ཕྱིར༔   ཚོགས་ཁང་གཞལ་ཡས་ཉམས་དགའ་འདིར༔   སྤྱན་འདྲེན་དགྱེས་བཞུགས་འདོད་ཡོན་གཏེར༔   ཡེ་ཤེས་རོལ་པའི་ཚོགས་མཆོད་བཞེས༔   ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔   ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ས་མ་ཡ་ཧྲིང་ཧྲིང་ཛཿཧཱུྃ་བྃ་ཧོཿ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོཿ (བཤགས་པ་ནི༔) ཧོཿ ཚེ་རབས་ཐོག་མེད་ནས་བཟུང་ཏེ༔   ཐ་མ་ད་ལྟ་ཡན་ཆད་དུ༔   ཉམས་ཆག་ཉེས་པའི་ཚོགས་རྣམས་ཀུན༔   ཚོགས་མཆོད་ཡེ་ཤེས་རོལ་པས་བཤགས༔   ས་མ་ཡ་ཤུདྡྷེ་ཨ༔   (བསྒྲལ་སྟོབ་ནི༔) ཧཱུྃཿ མ་རིག་གཉིས་འཛིན་བདུད་ཀྱི་དཔུང་༔   རང་བྱུང་རིག་པའི་མཚོན་(4བ)གྱིས་བསྒྲལ༔   རྣམ་ཤེས་ཆོས་དབྱིངས་ཆེན་པོར་སྦྱངས༔   ཤ་ཁྲག་ཚོགས་ཀྱི་འཁོར་ལོར་འབུལ༔   སརྦ་ནྲྀ་ཏྲི་མཱ་ར་ཡ་ཕཊ་ཁཱཧི༔   (བར་པ་མཆེད་ལྕམ་ཐམས་ཅད་ཀྱིས༔   རྡོ་རྗེའི་ལོངས་སྤྱོད་ཆེན་པོར་རོལ༔   ཐ་མ་ཞེན་བྲལ་འདོད་ཡོན་སྤུངས༔   བདུད་རྩིའི་གསང་ནན་དང་བཅས་དབབ༔) ཧཱུྃ་ཧྲཱིཿ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང་༔   ལེགས་ཉེས་དམ་ཚིག་རྗེས་གཅོད་པའི༔   མ་སྲིང་མཁའ་འགྲོའི་ཚོགས་ལ་འབུལ༔   ཟབ་གསང་བསྟན་པ་སྤེལ་བ་དང་༔   དགྲ་བགེགས་སྒྲོལ་པའི་འཕྲིན་ལས་མཛོད།   ཨུཙྪིཥྚ་པ་ལིངྟ་ཁཱཧི༔   (ཆད་ཐོ་ནི༔) ཧཱུྃ་ཧྲཱིཿ སྔོན་ཚེ་བླ་མ་འོད་སྣང་ཚེའི༔   སྤྱན་སྔར་ཞལ་བཞེས་ཆད་དོན་བཞིན༔   ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔   བདུད་གཞིའི་གཡུལ་ལས་རྒྱལ་ར་མཛོད༔   སརྦ་བ་ལིངྟ་ཁཱཧི༔   (བརྟན་མ་ནི༔) ཧཱུྃ་ཧྲཱིཿ བདུད་དང་སྨན་མོ་གནོད་སྦྱིན་སོགས༔   མ་སྲིང་བརྟན་མ་འཁོར་བཅས་ཀྱིས༔   བཤལ་ཆུ་དམ་རྫས་འདི་བཞེས་ལ༔   སྔགས་ཀྱི་བསྟན་པ་བསྲུང་དུ་གསོལ༔   མ་མ་ཧྲིང་ཧྲིང་བ་ལིངྟ་ཁཱཧི༔   (གཏོར་བྲོ་ནི༔) ཧྲཱིཿ  ཧ་ཡ་གྲཱི་བ་རྔམས་པའི་སྐུ༔   སྒེག་པའི་གར་གྱིས་ས་གསུམ་ཁྱབ༔   མ་རིག་འབྱུང་པོ་བགེགས་ཀྱི་རིགས༔   གཞི་རྫོགས་མཐའ་བྲལ་ཆེན་(5ན) པོར་མནན༔   ཧཱུྃ་ལྃ་སྟྭྃ་བྷ་ཡ་ནན༔   (རྗེས་སུ་དངོས་གྲུབ་བླང་བ་ནི༔) ཧཱུྃ༔   འཆི་མེད་ཡེ་ཤེས་བདུད་རྩིའི་དབྱིག༔   ཟད་མེད་དངོས་གྲུབ་འཁྱིལ་བའི་བཅུད༔   གསང་བ་ཟབ་མོའི་ཚེ་ཡི་དཔལ༔   ད་ལྟ་ཉིད་དུ་བསྩལ་ཏུ་གསོལ༔   ཨོཾ་ཨཱཿཧཱུྃ་བྷྲཱུྃ་སརྦ་སིདྡྷི་ཕ་ལ་ཧོ༔   (བསྔོ་བ་ནི༔) ཟག་མེད་ཡེ་ཤེས་ཆེན་པོ་ཡིས༔   བསྡུས་པའི་དགེ་ཚོགས་གང་ལགས་པ༔   འཆི་མེད་ཡེ་ཤེས་ཐོབ་པའི་ཕྱིར༔   དམིགས་མཐའ་བྲལ་བར་བསྔོ་བར་བྱ༔   (སྨོན་ལམ་ནི༔) ཧྲཱིཿ  མཁའ་མཉམ་སེམས་ཅན་མ་ལུས་པ༔   མི་གནས་ཆོས་དབྱིངས་ཀུན་ཁྱབ་ཀློང་༔   སྐྱེ་འགག་བྲལ་བ་གདོད་མའི་ཀློང་༔   བྱ་རྩོལ་མེད་པར་མཉམ་གནས་ཤོག༔   (བཀྲ་ཤིས་ནི༔) ཧྲཱིཿ གཞོམ་བྲལ་རིག་པ་བུམ་པའི་སྐུ༔   འོད་གསལ་སྣང་བ་གོང་འཕེལ་དུ༔   ཆོས་ཉིད་གཞིར་རྫོགས་ཚེ་ཡི་དཔལ༔   མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔   ས་མ་ཡ༔   (མཇུག་ཏུ་སྐལ་ལྡན་སྨིན་འདོད་ན༔   འཆི་མེད་བུམ་པ་དངོས་གྲུབ་རོལ༔   ཁྲུས་དབྱུང་བགེགས་ཕྲལ་སྲུང་མཚམས་བཅད༔   རྒྱུད་སྦྱང་ལྷར་བསྐྱེད་ཡེ་ཤེས་བསྟིམ༔   མོས་གདུང་ཐལ་སྦྱར་གསོལ་བ་གདབ༔) ཀྱེ་ཧོཿ རིགས་བདག་པདྨ་ཚེ་མཐའ་ཡས༔   བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔   བཀྲ་ཤིས་ཟླ་གསང་ཚེའི་ (5བ)དལ་དུ༔   གཞུག་ཅིང་སྨིན་པར་མཛད་དུ་གསོལ༔   (ཞེས་གསོལ་ཚེ་བུམ་སྤྱི་བོར་བཞག༔   སློབ་མའི་མགོར་བཞག་བུམ་ཆུ་སྦྱིན༔) ཧཱུྃ༔   བུམ་པའི་བདུད་རྩི་འཆི་མེད་བཅུད༔   གདན་གསུམ་རྡོ་རྗེའི་ནང་གཏམས་པས༔   ཚེ་ཡི་དངོས་གྲུབ་འཁྱིལ་བ་ཡི༔   དབང་མཆོག་མཉམ་པ་ཆེན་པོར་བསྐུར༔   ཨ་མྲྀ་ཏ་ཀཱ་ཡ་ཨ་བྷིཥིཉྩ་ཧྲཱིཿ (ཚེ་ཆང་རོལ་ལ༔)ཨཱཿ འཁོར་འདས་དྭངས་བཅུད་བདུད་རྩིའི་གཏེར༔   རྩ་ཁམས་དྭངས་མའི་ཁམས་བཀང་བས༔   འཕོ་བྲལ་ལོངས་སྤྱོད་རྫོགས་པའི་ཚེ༔   རང་གསལ་འོད་སྣང་རྒྱས་པར་བསྐུར༔   ཨ་མྲྀ་ཏ་ཝཱ་ཀ་ཨཱ་ཡུརྫྙཱ་ན་བྷྲཱུྃ༔   (ཚེ་རིལ་རོལ་ལ༔)  ཧཱུྃ༔   བརྟན་གཡོའི་ཚེ་བཅུད་འདུས་པའི་གཏེར༔   འོད་གསལ་སྙིང་པོའི་རིལ་བུ་འདི༔   སྐལ་ལྡན་བ་ལ་སྦྱིན་པ་ཡིས༔   སྐྱེ་འགགས་བྲལ་བའི་ཚེ་ཐོབ་ཤོག༔   ཨ་མྲྀ་ཏ་ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔   (དེ་ནས་རྒྱས་གདབ་བརྟན་པར་བྱ༔   སྔོན་རྗེས་སྤྱོད་ལམ་སྤྱི་ལྟར་བྱ༔   སྲོག་བསླུ་ཆུ་སྦྱིན་རླུང་དར་དང་༔   སྲེག་བླུག་ཚེ་བསོད་རྒྱས་ཐབས་དང་༔   ཚེ་ཡི་འཁོར་ལོ་རྫས་ལྡན་འདོགས༔   རྟེན་འབྲེལ་སྔགས་དང་ནུས་ལྡན་རྫས༔   བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་དང་༔   རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་དང་༔   ཨ་ཧཾ་འབར་འཛག་བདེ་ཆེན་དང་༔   སྟོབས་བསྐྱེད་སྨན་གྱི་འཁྲུལ་འཁོར་སོགས༔   ཟབ་ཡིག་གུད་སྦས་ནང་ལྟར་སྤྱོད༔   ས་མ་ཡ༔   དེ་ལྟར་རྣལ་འབྱོར་ལྡན་པ་ཡིས༔   ཐེ་ཚོམ་བྲལ་བར་བསྒྲུབ་གྱུར་ན༔   རྡོ་རྗེ་ཚེ་ཡི་རིག་འཛིན་གྲུབ༔   ཚེ་ཟད་པ་(6ན)ཡང་རིང་དུ་བསྲིང་༔   མ་འོངས་ཆོས་བདག་སྐྱེས་བུ་དང་༔   དམ་ལྡན་སློབ་མའི་སྲོག་མཐུད་པའི༔   ཚེ་སྒྲུབ་ཀུན་དྲིལ་བཅུད་འདུས་ཀྱི༔   སྒྲུབ་ཐབས་སྙིང་པོར་བསྡུས་པ་འདི༔   ཨོ་རྒྱན་ཆེན་པོའི་ཐུགས་དམ་ལྷ༔   གཞན་ལ་མ་བསྟན་གུད་དུ་སྦས༔   ལྷོ་ནུབ་སྲིན་ཡུལ་ཕེབས་ཉེར་ཚེ༔   སྐལ་ལྡན་མཁར་ཆེན་བཟའ་བདག་ལ༔   ཡེ་ཤེས་ཐུགས་ཀྱིས་བཟུང་ནས་བསྩལ༔   ཕུར་པ་ཡང་ཟབ་བཅུད་དྲིལ་གྱི༔   སྙིང་པོ་ཆོས་སྐོར་དང་འབྲེལ་བ༔   མོན་ཁ་སེང་གེ་རྫོང་གསུམ་དུ༔   ལེ་ལག་ཕྱེས་ནས་སྦས་པ་འདི༔   བྲག་རི་པདྨ་བརྩེགས་པའི་རྩེར༔   སྦས་ཏེ་ཀླུ་མོ་འོད་འབར་མང༔   ཉེར་དུ་གཏད་དུ་བཀའ་རྒྱས་བཏབ༔   མ་འོངས་བོད་ཁམས་ཕྱི་ནང་ཀུན༔   འགོང་པོ་སྤུན་དགུས་མནར་བའི་དུས༔   ང་སྤྲུལ་བུ་ཡིས་ལོངས་སྤྱོད་ནས༔   འགྲོ་དོན་འཕྲིན་ལས་མཐའ་རྒྱས་འགྱུར༔   ས་མ་ཡ༔   རྒྱ་རྒྱ་རྒྱ༔   ཁོ་བོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་ཤིང་འབྲུག་ཟླ་བ་བཅུ་པའི་ཚེས་ཉེར་བརྒྱད་ལ་དཔལ་གྱི་སེང་གེ་རྫོང་གི་མདུན་རི་བྲག་པདྨ་སྤུངས་པ་འདྲ་བ་ནས་སྤྱན་དྲངས་པའི་ཤོག་སེར་ཚོན་གང་བ་གཅིག་ལས་གནས་དུས་གྲོགས་ཀྱི་རྟེན་འབྱུང་ངང་གིས་འགྲིགས་ནས་འབྲུག་ལྷུན་རྩེ་རྫོང་དུ་ཤར་མར་ཕབ་པ་བཀྲ་ཤིས་དགེ་བར་གྱུར་ཅིག།།   །།)

༈ །(ཚེ་སྒྲུབ་ཡང་ཟབ་སྙིང་པོ་ལས༔ ཚེ་འགུགས་བུང་་བཅུད་སྡུད་བཞུགས༔) ཧྲཱིཿ ཆོས་དབྱིངས་བརྡལ་བ་ཆེན་པོའི་ཀློང་༔ འཕོ་བྲལ་རྟག་བརྟན་རྡོ་རྗེའི་དངོས༔ འོད་གསལ་མཆོག་ཏུ་མི་འགྱུར་བའི༔ (6བ)ཆོས་སྐུ་རབ་འབྱམས་ཚེ་ཁུག་ཅིག༔ མཁའ་ཁྱབ་བདེ་ཆེན་རྡོ་རྗེའི་དངོས༔ ལྷུན་གྲུབ་ཞིང་སྐུ་ཁམས་ཀླས་པའི༔ ཡེ་ཤེས་རོལ་པ་ཆེ་བའི་མཆོག༔ ལོངས་སྐུ་རབ་འབྱམས་ཚེ་ཁུག་ཅིག༔ རྩལ་སྣང་ཐུགས་རྗེ་ཆོ་འཕྲུལ་རྒྱན༔ མ་འགག་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ སྲིད་ཞི་ཀུན་ཁྱབ་དྭངས་མའི་སྲོག༔ སྤྲུལ་སྐུ་རབ་འབྱམས་ཚེ་ཁུག་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་སྲོག་དབུགས་ཉམས་པ་གསོས༔ གདོན་བགེགས་འབྱུང་པོས་ཁྱེར་བ་ཁུག༔ ཚེ་དཔལ་གཟི་བརྗིད་སྟོབས་མདངས་བསྐྱེད༔ ཚེ་རྫས་འདི་ལ་བྱིན་བཅུད་ཕོབ༔ ཚེ་མདའ་འདི་ལ་རྟགས་མཚན་སྤེལ༔ བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐིབ༔ དངོས་གྲུབ་ཆར་རྒྱན་ཉི་ལི་ལི༔ འཇའ་འོད་ཟེར་ཐིག་བྲེངས་སེ་བྲེང་༔ བདེ་དྲོད་རང་འབར་ཆི་ལི་ལི༔ ད་ལྟ་ཉིད་དུ་ཚེ་གཡང་ཁུག༔ མྱུར་བ་ཉིད་དུ་མཆོག་དངོས་སྩོལ༔ བྱིན་ཆེན་ལྡན་པས་བྱིན་ཕོབ་ལ༔ དབང་ཆེན་མངའ་པས་ཚེ་དབང་བསྐུར༔ མཐུ་ཆེན་རྣམས་ཀྱིས་མཐུ་རྩལ་ཕྱུངས༔ ལས་ཀྱི་འབྲས་བུ་དེང་མཆིས་མཛོད༔ ཨོཾ་ཨཱཿཧྰུྃ་བཛྲ་གུ་རུ་མཧཱ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧྲིང་ཧྲིང་ཕེཾ་ཕེཾ་ཛཿཛཿནྲྀ་བྷྲཱུྃ་ཛཿཧྰུྃ་བྃ་ཧོཿ (ཞེས་བརྗོད་སྤོས་(7ན)རོལ་གཟི་བྱིན་བསྐྱེད༔ མོས་གུས་གདུང་ཤུགས་དྲག་པོ་དང༔ རིག་པ་ཧུར་ཕྱུང་ཏིང་འཛིན་བརྟན༔ ཐེ་ཚོམ་ཡིད་གཉིས་བྲལ་བ་ཡིས༔ གཞུང་བཞིན་གང་གིས་བརྩོན་གྱུར་ན༔ དེ་ཉིད་དུ་ནི་དྲོད་རྟགས་མཐོང༔ འཆི་བདག་ཞག་པས་ཐེབས་ཟིན་ཀྱང༔ ཉམ་ང་མི་དགོས་མན་ངག་གནད༔ རིག་འཛིན་བདག་གི་ཐུགས་ཐིག་གི༔ དེ་ནས་རྒྱས་གདབ་དབྱིངས་སུ་སྦ༔) ཨ༔ སྐྱེ་འགགས་བྲལ་བའི་མཁའ་ཀློང་ནས༔ སྤྲོས་པས་འཁོར་འདས་ཀུན་ལ་ཁྱབ༔ སླར་བསྡུས་དྭངས་སྲོག་ཧྲཱིཿལ་བསྡུས༔ གཉུག་མའི་གཤིས་སུ་རྒྱས་གདབ་པས༔ རྡོ་རྗེའི་ཚེ་སྲོག་བརྟན་པར་ཤོག༔ ཧྲཱིཿཧྲཱིཿཧྲཱིཿཨཱ་ཡུརྫྙཱ་ན་དྷརྨ་དྷ་ཏུ་རཀྵ་ཨ་ཧཾཿ (དགོངས་པ་ཀློང་དུ་གྱུར་པའི་གདིང་༔ ཁྱབ་བརྡལ་ཆེན་པོའི་མཁའ་ལ་སྦ༔ ས་མ་ཡ༔ ཁོ་བོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་མོན་ཁ་སེང་གེ་རྫོང་གི་མདུན་རིའི་བྲག་པདྨ་སྤུངས་པ་འདྲ་བ་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕྱིས་སུ་བུམ་ཐང་དཔལ་རི་དགོན་ཏུ་རྟེན་འབྲེལ་ཞིག་ལ་བརྟེན་ནས་ཕབ་པའོ།། །།) ༈ །(ཚེ་སྒྲུབ་ཡང་ཟབ་སྙིང་པོའི་བརྒྱུད་འདེབས་འཆི་མེད་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །)ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་ཡེ། གདོད་མའི་མགོན་པོ་འོད་སྣང་ཚེ་མཐའ་ཡས། །ཐུགས་རྗེ་ཆེན་པོས་པདྨ་ཚེ་ཡི་བདག །མནྡཱ་ར་བ་བདེ་ཆེན་མཚོ་རྒྱལ་ལྕམ། །(7བ)གསོལ་བ་འདེབས་སོ་རྡོ་རྗེའི་ཚེ་དབང་སྩོལ། །རྣམ་སྣང་ལོ་ཆེན་རྡོ་རྗེ་བདུད་འཇོམས་རྩལ། །གཏེར་འབྱིན་དཔའ་བོ་ཆོས་བདག་བརྒྱུད་བཅས་དང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཚེ་དབང་སྩོལ། །ཚེ་བདག་རིགས་ལྔ་སྒེག་སོགས་ལྷ་མོ་བརྒྱད། །མགྱོགས་མ་བཞི་སོགས་ཚེ་དབང་རིག་འཛིན་གྱི། །དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཚེ་དབང་སྩོལ། །སྣང་སྲིད་སྣོད་བཅུད་བསྐྱེད་རིམ་ལྷར་སྣང་རྟོགས། །རླུང་སྔགས་དབྱེར་མེད་རྡོ་རྗེའི་གདངས་སུ་གྲགས། །རྟོག་ཚོགས་རིག་སྟོང་འོད་གསལ་ཆེན་པོར་རྫོགས། །སྐྱེ་འཆི་གཇིས་མེད་རྡོ་རྗེའི་ཚེ་བརྙེས་ཤོག །(ཅེས་པའང་རིགས་ཀྱི་མྱུ་གུ་ཀུན་བཟང་འོད་གསལ་རྟག་བརྟན་རྡོ་རྗེ་དང་སློབ་བུའི་ཐུ་བོ་འབྲུག་བྲང་ལ་སློབ་དཔོན་པདྨ་ཀུན་བཟང་འཕྲིན་ལས་མཐའ་ཡས་ཟུང་གིས་བསྐུལ་ངོར་གཏེར་སྟོན་རང་ཉིད་ཀྱིས་ཤར་མར་སྦྱར་བའོ།། །།) ༈ །(རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་ལས། ཚེ་སྒྲུབ་ཡང་ཟབ་སྙིང་པོའི་དབང་གི་མཚམས་སྦྱོར་བདུད་རྩིའི་བཅུད་ཐིག་ཅེས་བྱ་བ་བཞུགས་སོ། །)ན་མོ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ཡེ། འཆི་མེད་འོད་སྣང་ཉི་མ་ཆེས། །འཆི་བདག་མུན་པ་མཐར་མཛད་པ། །པདྨ་ཚེ་དཔག་མེད་མགོན་ལ། །བཏུད་ནས་སྨིན་བྱེད་(8ན)མཚམས་སྦྱར་དགོས། །(རྒྱལ་དབང་པདྨ་སམྦྷ་ཝའི་ཐུགས་བཅུད་ཚེ་སྒྲུབ་ཡང་ཟབ་སྙིང་པོའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་ཤོམ། དངོས་གཞི་སྒྲུབ་ཐབས། བྱིན་རླབས་དབང་གི་ཆོ་གའོ། །དང་པོ་ནི། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་དུ་རས་བྲིས་སམ་རིན་པོ་ཆེའི་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད་པའི་ཁར་མཉྫིའི་སྟེང་དུ་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་གྱིས་སྤྲས་པ། དེ་མདུན་ཚེ་བུམ། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་ཚེ་མདའ། མདུན་རྒྱབ་གང་བདེར་བླ་གཏོར་ཟླུམ་བརྗིད་ཀྱི་གཡས་གཡོན་དུ་སྨན་རཀ ། མདུན་དུ་ཉེར་སྤྱོད། གཞན་ཡང་སྔོན་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན། ཆོས་སྲུང་གི་གཏོར་འབུལ། རང་གི་མདུན་དུ་ལས་བུམ། གུལ་ཡུངས༔ མེ་ཏོག །ཌཱ་དྲིལ་སོགས་ཚོགས་པར་བྱའོ། །གཉིས་པ་སྒྲུབ་ཐབས་ལ། བརྒྱུད་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ནས་བཟུང་འཕྲིན་ལས་བསྟོད་པའི་བར་མཐར་དབྱུང་། བསྙེན་དམིགས་ཀྱི་དབུར་ཛཔྲ་ཁང་དབྱེ་བའམ་བདག་མདུན་བུམ་གསུམ་བཞིན་དང་མེ་ལོང་ལྟར་སེམས་ཉིད་ཀྱི་རོལ་པ་ཡེ་ཤེས་ཆེན་པོའི་ཀློང་དུ་རོ་གཅིག་པར་རྟོགས་པའི་ལྟ་དགོངས་དང་ལྡན་པས་བཟླས་པ་ཅི་འགྲུབ་མཐར་སྟོང་ཚིག་མཆོད་བསྟོད་མདོར་བསྡུས་དང་ཚེ་འགུགས་བཅས་བཏང་། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ཀྱིས་ལྷག་ཆད་ཁ་བསྐང་ཞིང་བརྟན་པར་བྱས་རྗེས་བཀའ་གཏེར་སྲུང་མའི་གཏོར་འབུལ་རྒྱས་བསྡུས་གང་འོས་དང་། ཚོགས་མཆོད་བྱིན་རླབས་ནས་བསྒྲལ་སྟོབ་ཀྱི་མཐའ་བར་བཏང་(8བ)རྗེས་རིག་པའི་མེ་ཏོག་དོར་བས་དཀྱིལ་འཁོར་དུ་འཇུག་ཅིང་། སློབ་བུ་གཞུག་པར་གནང་བ་ནོད། དེ་ནས་འདུ་བར་འོས་པའི་སློབ་བུ་རྣམས་སྒོ་དྲུང་ནས་ཁྲུས་དབྱུང་དང་། ནང་དུ་ཚོགས་ཏེ་བགེགས་ཕྲལ་སྲུང་མཚམས་བཅད་ནས།) འོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཆི་མེད་བླ་མ་པདྨ་ཚེ་མཐའ་ཡས་པའི་གོ་འཕང་རིན་པོ་ཆེར་དུས་མྱུར་བ་ཉིད་དུ་འགོད་པར་བྱ། དེའི་ཆེད་དུ་ཡང་ཟབ་ཚེའི་དབང་མཆོག་ཟབ་མོ་ཞུ་ནས་རྩེ་གཅིག་ཏུ་ཉམས་སུ་བླང་བར་བྱའོ་སྙམ་པའི་སེམས་བསྐྱེད་དང་ལྡན་པས་གསན་འཚལ། དེ་ཡང་ཆོས་ལྡན་གྱི་ལུས་རྟེན་རིང་དུ་འཚོ་བ་ནི་ཤིན་ཏུ་གལ་ཆེ་ཤོས་ཀྱི་རྩ་བ་ཡིན་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་བསྒྲུབ་པའི་རྟེན་གཞི་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་བུ་བསྒྲུབ་པའི་ཐབས་ཚུལ་ཕྱི་ནང་གི་གྲུབ་མཐའ་ཀུན་ལ་ཇི་སྙེད་ཅིག་ཡོད་པ་ལས་ཁྱད་པར་དུ་མས་འཕགས་པ་འཆི་མེད་མགོན་པོ་མ་ཧཱ་གུ་རུ་པདྨ་ཚེ་མཐའ་ཡས་པ་ཉིད་འཆི་མེད་ཀྱི་རིག་འཛིན་ཆེན་པོ་རྡོ་རྗེ་སློབ་དཔོན་གྱི་རོལ་གར་དུ་བཞེངས་པ་དུས་གསུམ་ཀུན་མཁྱེན་སངས་རྒྱས་གཉིས་པ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་གསང་གསུམ་རྡོ་རྗེའི་སྒྱུ་འཕྲུལ་ཚད་མེད་འཕྲིན་ལས་ཀྱི་འཇུག་པ་ཟབ་མོས་སྙིགས་འགྲོའི་སེམས་ཅན་མགོན་མེད་རྣམས་(9ན)བརྩེ་བ་ཆེན་པོས་ཆེད་དུ་དགོངས་ཏེ་ནང་གི་རྒྱུད་སྡེའི་རྒྱལ་པོ་ཡོ་ག་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བའི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱ་ཟབ་མོའི་གཏེར་སྦས་པ་ཐམས་ཅད་ཀྱི་སྙིང་པོའི་ཡང་ཟབ་བླ་ན་མ་མཆིས་པ། རྡོ་རྗེ་ཕུར་པ་འཕྲིན་ལས་བཅུད་དྲིལ་གྱི་ཆ་ལག་ཚེ་སྒྲུབ་ཡང་ཟབ་སྙིང་པོའི་སྨིན་བྱེད་བགྱི་བ་ཡིན་ཏེ། གཏེར་གཞུང་རྩ་བ་ལས། འཆི་མེད་འོད་གསལ་དྭངས་མའི་སྲོག༔ འཕོ་བྲལ་གཞོན་ནུ་བུམ་པའི་སྐུར༔ རྟག་པ་དམ་པ་སྒྲུབ་པའི་ཐབས༔ ཡང་ཟབ་སྙིང་པོའི་རྣལ་འབྱོར་བསྟན༔ ཅེས་དང་། དེ་ལྟར་རྣལ་འབྱོར་ལྡན་པ་ཡིས༔ ཐེ་ཚོམ་བྲལ་བར་བསྒྲུབ་གྱུར་ན༔ རྡོ་རྗེ་ཚེ་ཡི་རིག་འཛིན་འགྲུབ༔ ཚེ་ཟད་པ་ཡང་རིང་དུ་བསྲིང་༔ མ་འོང་ཆོས་བདག་སྐྱེས་བུ་དང་༔ དམ་ལྡན་སློབ་བུའི་སྲོག་མཐུད་ཕྱིར༔ ཚེ་སྒྲུབ་ཀུན་དྲིལ་བཅུད་འདུས༔ སྒྲུབ་ཐབས་སྙིང་པོར་བསྡུས་པ་འདི༔ ཨོ་རྒྱན་ཆེན་པོའི་ཐུགས་དམ་ལྷ༔ གཞན་ལ་མ་བསྟན་གུད་དུ་སྦས༔ ཞེས་ཆེད་དུ་གདམས་པར་མཛད་པ་དེ་ཉིད་སྤྲུལ་སྐུ་ནམ་མཁའི་རྡོ་རྗེས་མོན་ཁ་སེང་གེ་རྫོང་བདུད་རྩི་སྨན་གྱི་ཅུད་ལེན་རིལ་བུ་དང་ལྷན་ཅིག་གདན་དྲངས་པའི་འཆི་མེད་ཚེ་ཡི་དབང་བསྐུར་ (9བ)ཟབ་མོ་བགྱི་བ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་གྱུར་པ་ཞིང་ཁམས་འབུལ་བར་ཞུ། (ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག།)དཀྱིལ་འཁོར་གྱི་ཁྱབ་བདག་བླ་མ་ཚེ་དཔག་མེད་ལ་མོས་གུས་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོཿ རིགས་དག་པདྨ་ཚེ་མཐའ་ཡས༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བཀྲ་ཤིས་ཟླ་གསང་ཚེའི་དལ་དུ༔ གཞུག་ཅིང་སྨིན་པར་མཛད་དུ་གསོལ༔ (ཞེས་ལན་གསུམ།) ཕྱོགས་དུས་ཀྱི་སྐྱབས་ཡུལ་ཀུན་འདུས་བླ་མ་པདྨ་ཚེ་དཔག་མེད་དངོས་སུ་གསལ་བ་ལ་དུས་འདི་ནས་བཟུང་སྟེང་སྙིང་པོ་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོཿ གདོད་མའི་གནས་ལུགས་མི་ཤིག་པ༔ རང་བྱུང་ཁྱབ་བརྡལ་རོལ་པའི་གཤིས༔ རང་གསལ་ལྷུན་གྲུབ་ཆེན་པོའི་ངང༔ འདུ་བྲལ་མེད་པར་སྐྱབས་སུ་མཆི༔ (ལན་གསུམ།) སྐྱབས་ཡུལ་དེ་དག་གི་སྤྱན་སྔར་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཀུན་རྫོབ་དང་དོན་དམ་གྱིས་བསྡུས་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ རང་བཞིན་(10ན)མེད་པའི་འཁྲུལ་སྣང་གཟུགས༔ དངོས་འཛིན་བག་ཆགས་འགྲོ་བའི་ཁམས༔ གཉུག་མའི་ངང་དུ་ཕྱམ་བརྡལ་བའི༔ རང་གྲོལ་རྒྱ་ཡན་སེམས་མཆོག་བསྐྱེད༔ (ལན་གསུམ།) ད་དབང་གི་གཞི་འགོད་པ་ལ་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་དག་རྩེ་གཅིག་ཏུ་བསྒོམ་མཛོད། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ལས་རང་རིག་གསལ་མདངས་ཆེན་པོའི་གདངས་རྩལ་འགགས་པ་མེད་པའི་ཆ་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་རིན་ཆེན་རྨ་བྱའི་ཁྲི་རྐང་པདྨ་ཉི་ཟླའི་སྟེང་དུ་ཧྲཱིཿདམར་ཡོངས་སུ་གྱུར་བ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་རིག་འཛིན་པདྨ་ཚེ་དཔག་མེད་དམར་གསལ་ཞལ་གཅིག་ཞི་འཛུམ་བརྗིད་པའི་ཉམས་ཅན་སྤྱན་ཟུང་ལྟ་སྟངས་ཧྲིག་གེ་བ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བུམ་པ་བདུད་རྩིས་གང་བ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་བསྣམས་པ། མཚན་དཔེའི་གཟི་བྱིན་རབ་ཏུ་འབར་ཞིང་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་སྒེག་པ། རིགས་ཀྱི་ཡུམ་མཆོག་མདའ་དར་དང་ཚེ་བུམ་འཛིན་པས་རྣམ་པར་འཁྱུད་ཅིང་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་རྒྱ་གྲམ་ཉི་ཟླའི་གའུའི་སྦུབས་སུ་ཐུགས་སྲོག་སྔགས་ཕྲེང་གིས་བསྐོར་ (10བ)བ་འཇའ་ཟེར་ཐིག་ལེ་དྭངས་མར་འཁྲིགས་པའི་ཀློང་ན་དགྱེས་ཉམས་རོལ་པ་ཆེན་པོས་བཞུགས་པའི་གནས་གསུམ་འབྲུ་གསུམ་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོས། ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ན་བཞུགས་པའི་སྐུ་གསུམ་འཆི་མེད་ཚེའི་ལྷ་ཚོགས་ཐམས་ཅད་ཀྱི་གསང་བ་གསུམ་གྱི་ཕྱག་རྒྱའི་རྣམ་པར་མཚོ་ལ་ཆར་བབས་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་མཛོད། (དྲི་བཟང་པོའི་སྤོས་དང་དབྱངས་རོལ་བཅས།)ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དག་པའི་གྲོང་༔ ཡེ་ཤེས་འོད་ལྔའི་ད་ལ་ནས༔ སྐྱེ་འཆི་གཉིས་མེད་ཚེ་ཡི་བདག༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨཱཿཧྰུྃ་བཛྲ་གུ་རུ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ཨ་ཝེ་ཤ་ཡ་ཨ་ཨཱཿ(ཞེས་དྲག་ཏུ་བརྗོད།)དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་དེ་ཉིད་ཁྱེད་རང་རྣམས་དང་འབྲལ་མེད་པར་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། (ཞེས་རྡོ་རྗེ་རྒྱ་གྲམ་སྤྱི་བོར་འཇོག །རྣམ་བུམ་ཐོགས་ལ།) དེ་ནས་དངོས་གཞིའི་དབང་བསྐུར་བ་ལ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་འཆི་མེད་མགོན་པོའི་ལྷ་ཚོགས་མངོན་སུམ་དུ་བཞུགས་པའི་སྐུ་ལས་འོད་ཟེར་བདུད་རྩིའི་(11ན)རྒྱུན་བབས་ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས་དུས་མིན་འཆི་བའི་འགལ་རྐྱེན་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། ལུས་ཐམས་ཅད་བདུད་རྩིས་དཀར་ལྟེམ་གྱིས་གང་འཆི་མེད་རྡོ་རྗེ་སྤྲུལ་སྐུ་རབ་འབྱམས་ཀྱི་ཚེའི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད། ཧྰུྃ༔ བུམ་པའི་བདུད་རྩི་འཆི་མེད་བཅུད༔ གདན་གསུམ་རྡོ་རྗེའི་ནང་གཏམས་པས༔ ཚེ་ཡི་དངོས་གྲུབ་འཁྱིལ་བ་ཡི༔ དབང་མཆོག་མཉམ་པ་ཆེན་པོར་སྐུར༔ ཨ་མྲྀ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱིཿ (བུམ་པ་མགོར་བཞག་ཅིང་བུམ་ཆུ་བྱིན། ཚེ་ཆང་ཐོགས་ལ།) ཆོས་དབྱིངས་རང་བྱུང་བྷཉྫ་ཡངས་པའི་སྣོད་དུ། རིག་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དྭངས་བཅུད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་བཞག་ཅིང་ལྕེ་ཐོག་ཏུ་མྱང་བས་འཆི་མེད་རྡོ་རྗེ་ལོངས་སྐུ་རབ་འབྱམས་ཀྱི་ཚེའི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད། ཨཱཿ འཁོར་འདས་དྭངས་བཅུད་བདུད་རྩིའི་གཏེར༔ རྩ་ཁམས་དྭངས་མའི་ཁམས་བཀང་ས༔ འཕོ་བྲལ་ལོངས་སྤྱོད་རྫོགས་པའི་ཚེ༔ རང་གསལ་འོད་སྣང་རྒྱས་ (11བ)པར་བསྐུར༔ ཨ་མྲྀ་ཏ་ཝཱ་ཀ་ཨཱ་ཡུརྫྙཱ་ན་བྷྲཱུྃ༔ (མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན། ཚེ་རིལ་ཐོགས་ལ།) བརྟན་དང་གཡོ་བའི་སྣོད་བཅུད་ཀྱི་དྭངས་སྲོག་ཐིག་ལེར་འཁྱིལ་བའི་འོད་གསལ་རྟག་པ་དམ་པའི་བཅུད་ལེན་གྱི་རིལ་བུ་དངོས་གྲུབ་ཀྱི་དབྱིག་ཏུ་བྱིན་པས་སྐྱེ་འགགས་འཕོ་བའི་ཆོས་ལས་འདས་པའི་རྡོ་རྗེ་ཆོས་སྐུ་རབ་འབྱམས་ཀྱི་ཚེའི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད་ཅིག །ཧཱུྃཿ བརྟན་གཡོའི་ཚེ་བཅུད་འདུས་པའི་གཏེར༔ འོད་གསལ་སྙིང་པོའི་རིལ་བུ་འདི༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ སྐྱེ་འགགས་བྲལ་བའི་ཚེ་ཐོབ་ཤོག༔ ཨ་མྲྀ་ཏ་ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧྰུྃ༔ (སྙིང་གར་བཞག་ཅིང་ཚེ་རིལ་སྦྱིན།) དེ་ནས་བདག་མདུན་དཀྱིལ་འཁོར་པའི་ཐུགས་ཀའི་འོད་ཟེར་དང་སྤྲུལ་པའི་མགྱོགས་མ་ཉི་རྡུལ་གྱི་གྲངས་མཉམ་ནམ་མཁའ་གང་ར་འཕྲོས་ཏེ་སྣོད་བཅུད་ཀྱི་དྭངས་མ་རབ་འབྱམས་རྒྱལ་བ་རྩ་གསུམ་རྒྱ་མཚོའི་མཁྱེན་བརྩེ་ནུས་པའི་བྱིན་གཟི། ཁྱེད་རང་རྣམས་ཀྱི་བླ་ཚེ་སྲོག་དབུགས་ཉམས་པ་དང་། འབྱུང་པོ་མ་རུང་པས་བརྐུས་འཕྲོག་ཁྱེར་བ་ཐམས་ཅད་འོད་ཟེར་ཐིག་ལེ་ཡིག་འབྲུའི་རྣམ་པར་འུབ་ཀྱིས་བསྡུས་ནས་དྭངས་མ་(12ན)ལྔ་ལྡན་གྱི་སྲོག་ཡིག་ལ་ཐིམ་པས་བཀྲག་མདངས་གཟི་འོད་འབར་ཞིང་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་རྟག་བརྟན་དམ་པའི་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། (མདའ་དར་གཡབ་ཅིང་སྤོས་རོལ་དབྱངས་དང་བཅས། གཏེར་གཞུང་གི་ཚེ་འགུགས་རྒྱས་གདབ་བཅས་བྱ།) དེ་ལྟར་མཚན་བཅས་དམིགས་པའི་སྤྲོ་བསྡུའི་ཚེ་བཅུད་སྤེལ་བ་དེ་དག་མཚན་མ་ཀུན་བྲལ་འོད་གསལ་གཉུག་མ་མི་ཤིགས་རྡོ་རྗེའི་ཀློང་དུ་རྒྱས་ཐེབས་པས་ནམ་ཡང་འཕོ་བྲལ་འགྱུར་མེད་གཞོམ་གཞིག་དང་བྲལ་བའི་རང་ངོ་ལ་མཉམ་པར་འཇོག་མཛོད། (ཅེས་ཉམས་བསྐྱང་དུ་གཞུག །)དབང་དོན་གྱི་ཡེ་ཤེས་འགྱུར་མེད་དུ་བརྟན་ཅིང་ཤིས་པར་བྱ་བའི་ཕྱིར་དུ་མཁའ་དབྱིངས་གང་བའི་སྲས་བཅས་རྒྱལ་བའི་ཚོགས་ཀྱིས་ཤིས་བརྗོད་ཀྱི་རྡོ་རྗེའི་གླུ་དབྱངས་བརྗོད་ཅིང་བཀྲ་ཤིས་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་མངའ་གསོལ་བར་མོས་མཛོད། (ཅེས་ཞལ་ནས་གསུངས་པའི་བཀྲ་ཤིས་གང་འོས་བརྗོད་དོ། །)དེ་དག་གིས་ཕུར་པ་འཕྲིན་ལས་བཅུད་དྲིལ་གྱི་ཆ་ལག་འཆི་མེད་ཚེ་སྒྲུབ་ཡང་ཟབ་སྙིང་པོའི་སྨིན་བྱེད་ཟབ་ཁྱད་ཅན་བསྐུར་གྲུབ་པ་ཡིན་ཏེ། གཏེར་གཞུང་ལས། མོས་གུས་གདུང་ཤུགས་དྲག་པོ་དང་༔ རིག་པ་ (12བ)ཧུར་ཕྱུང་ཏིང་འཛིན་བརྟན༔ ཐེ་ཚོམ་ཡིད་གཉིས་བྲལ་བ་ཡིས༔ གཞུང་བཞིན་གང་གིས་བརྩོན་གྱུར་ན༔ དེ་ཉིད་དུ་ནི་དྲོད་རྟགས་མཐོང་༔ འཆི་བདག་ཞགས་པས་ཐེབས་ཟིན་ཀྱང་༔ ཉམ་ང་མི་དགོས་མན་ངག་གནད༔ རིག་འཛིན་བདག་གི་ཐུགས་ཐིག་གོ༔ ཞེས་ཆེད་དུ་གདམ་པ་བསྩལ་པ་ལྟར། བྱིན་རླབས་དང་ཟབ་གཉན་ཤིན་ཏུ་ཆེ་བའི་བབ་སོ་ཡང་དག་པ་དང་ལྡན་པ་འདི་ཉིད་ཡི་དམ་དུ་བྱ་བ་དང་། རྡོ་རྗེའི་དམ་ཚིག་གཉན་པོ་ཚུལ་བཞིན་ཏུ་སྲོག་ལ་བབ་ཀྱང་འདའ་བ་མེད་པར་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་(སོགས།) ཚེའི་དབང་བསྐུར་ཟབ་མོ་ལེགས་པར་གྲུ་བའི་བཀའ་དྲིན་གཏང་རག་གི་ཡོན་ཏུ་མཎྜལ་འབུལ་བར་ཞུ། (ཞེས་མཎྜལ་འབུལ་བུ་གཞུག །)སླར་ཡང་བདག་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་ཏེ་(སོགས།) དེ་ལས་བྱུང་བའི་དགེ་རྩ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་ཞིང་འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་རླབས་པོ་ཆེ་གནང་བར་ཞུ། བསོད་ནམས་འདི་ཡིས་(སོགས་བརྗོད་ལ་སློ་བུ་རྣམས་རང་གནས་སུ་གྱེས། ཆོ་གའི་རྗེས་ཆོག་གཞུང་བཞིན་མཐར་དབྱུང་བས་གྲུབ་བོ། །འཕོ་བཅས་(13ན)ཀུན་རྫོབ་སྒྱུ་མའི་ཚེ། །འཕོ་མེད་དབྱིངས་སུ་རྒྱས་ཐེབས་པས། །རྟག་བརྟན་གཞོམ་བྲལ་རྡོ་རྗེའི་ཆོས། །གཉུག་མའི་ཚེ་ལ་དབང་ཐོབ་ཤོག །ཅེས་པའི་མཚམས་སྦྱོར་འདིའང་རང་སློབ་ཟབ་མོའི་རྣལ་འབྱོར་དམ་པ་བྱང་ཟང་ཟང་བླ་མ་པདྨ་ཐེག་མཆོག་བདེ་ཆེན་དགྱེས་པ་རྡོ་རྗེ་དང་། འབྲུག་བྲང་ལ་སློབ་དཔོན་པདྨ་ཀུན་བཟང་ཐེག་མཆོག་རྡོ་རྗེ་ཟུང་གིས་ཡང་ཡང་བསྐུལ་ངོར་དགྱེས་མཛད་རྡོ་རྗེའི་ཕོ་བྲང་འོག་མིན་གྲོ་བོ་ལུང་གི་དགོན་པར་བསྟན་འགྲོའི་དུས་རིམ་ཆེད་དམིགས་དཔལ་ཆེན་པོའི་ཚོགས་འབུམ་བསགས་པའི་ཐུན་གསེང་དུ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་སྦྱར་བ་ཨཱ་ཡུརྫྙཱ་ན་བཛྲ་ཏིཥྛནྟུ།། །།)