DJYD-KABUM-15-BA-003
DJYD-KABUM-15-BA-003
(1ན)དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས། །རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར། །ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་། གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས། །དམ་བཅས་བཀའ་ལས་འདའ་བར་མི་བགྱི་སྟེ། །ལས་དང་སྐལ་བས་དམྱལ་བར་སྐྱེ་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ། །རྡོ་རྗེ་སློབ་དོཔན་སྟོན་པ་སྒྲོན་མེ་ལ། །སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང་། །དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ། །ངན་སེམས་ལོག་པར་ལྟ་བ་ལ་སོགས་པ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང་། །སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་། །དུས་དྲུག་ལས་ཀྱི་མཆོད་པ་ཁྱད་པར་དུ། །བསྙེན་སྒྲུབ་སྐོང་བའི་ཆོ་(1བ)ག་མ་བགྱིས་ཏེ། །བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས། །སྙན་ཁུངས་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག །ཐུགས་ཀྱི་མན་ངག་བྱིན་པས་དམ་ཚིག་འདྲེས། །གསང་མཚམས་འདས་ནས་འཆོལ་བར་སྨྲས་ལ་སོགས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ། །ཡན་ལག་དམ་ཚིག་ཉམས་བ་མཐོལ་ལོ་བཤགས། །ལེ་ལོ་སྙོམ་ལས་གཉིད་ཀྱི་དབང་གྱུར་ཏེ། །བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ལུས་ངག་ཡིད་ཀྱི་བསྲུང་བྱ་འདས་པ་ཡིས། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པར་བཤགས། །རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་པ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤང་ལེན་བགྱིས་པ་མཐོལ་ལོ་བཤགས། །མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། །ཁས་བླང་དམ་བཅའ་(2ན)ཉམས་པ་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས། །མཆོད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས། །ཉམས་པ་ཐམས་ཅད་མཐོལ་བཤགས་མི་འཆབ་བོ། །མི་སྦེད་སླན་ཆད་གཅོད་ཅིང་སྡོམ་པར་བགྱིད། །དུས་གསུམ་བྱས་བསགས་སྡིག་སྒྲིབ་མཐོལ་བཤགས་ན། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །