DJYD-KABUM-15-BA-013
DJYD-KABUM-15-BA-013
༄༅། །བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་སྦྱིན་སྲེག་གི་
ཆོ་ག་ཕྲིན་ལས་རྣམ་རོལ་ཅེས་བྱ་བ་བཞུགས་སོ། །
(1བ)ན་མོ་མཧཱ་གུ་རུ་བཛྲ་ཀྲོ་ངྷ་ལོ་ཀོཏྟ་རཱ་ཡེ།(ལས་དང་དངོས་གྲུབ་སྒྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པར་བྱེད་པ་བསྲེག་བླུགས་ཀྱི་ཆོ་གའི་རིམ་པ་ལ་འཇུག་པར་འདོད་པས། སྦྱོར་བ་གང་དུ་བྱ་བའི་གནས་དེར་གཞི་བདག་ལ་གཏོར་མ་བྱིན་ནས་བཀའ་བསྒོས། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ་རྩ་སྔགས་བརྒྱ་རྩ་བཟླས་པས་སྦྱོང་ཞིང་བཟུང་ནས་སྟོང་ཉིད་དུ་རྒྱས་བཏབ། དངོས་གཞི་ཞི་རྒྱས་དབང་གསུམ་གྱི་ཐོག་མར་ཞི་བའི་ཚུལ་ལ། དུས་ར་བ་བཞིའི་ཡར་ངོའི་ཚེས་གཅིག་ལ་སོགས་པའི་སྔ་དྲོའི་ཆར་བཀྲ་ཤིས་པའི་ས་ལས་ཐབ་སྟེགས་གྲུ་བཞི་པ་བ་བྱུང་དང་དྲི་བཟང་གིས་བྱུག་པའི་ཁར་བྲིས་ཐབ་ལ་ཚངས་ཟུར་གྱི་ཐིག་བཏབ་པར་མཐོ་གང་ཚད་ཀྱིས་ཟླུམ་པོར་བསྐོར་ལ་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེ་མཚན་པ། ཕྱི་རིམ་སོར་བཞི་པའི་མུ་རན་ལ་མེ་རི་གཡས་བསྐོར་དུ་(2ན)འབར་བ་དང་། ཁ་ཁྱེར་སོར་བཞི་པ་ལ་རྡོ་རྗེ་ནོར་བུའི་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲི། ཁ་དོག་ཐམས་ཅད་ཀུན་ནས་དཀར་པོར་བྱས་ཤིང་མེ་ཏོག་དཀར་པོ་གཅལ་དུ་བཀྲམ་པའི་ཁ་ཁྱེར་གྱི་ནང་དུ་ཚེར་མ་དང་སྲོག་ཆགས་མེད་པའི་བུད་ཤིང་ངམ་བ་ལང་གི་ལྕི་བས་ཟླུམ་པོར་བརྩིགས་པའི་ནང་གི་ཤར་ངོས་སུ་མེ་ཚང་བཅས་ལ་སྟེང་ནས་ཀུ་ཤ་རྩེ་མོ་ཤར་དུ་བསྟན་པས་བཀབ། རང་གི་གཡས་ངོས་སུ་མཆོད་རྫས་འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་མར་དཀར་རྣམས་བསྲེས་པའི་གཏོར་མ་དཀར་ཟླུམ་སྨན་རཀ་ཉེར་སྤྱོད་དང་བཅས་པ་འདས་མ་འདས་ཉིས་རིམ་དང་། གཡོན་ངོས་སུ་བསྲེག་རྫས་བལ་དཀར་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་སོར་བཞི་པ་དྲིས་བྱུགས་ཤིང་སྣེ་གཉིས་མར་དང་སྦྲང་རྩིས་ཉུག་པ།(2བ)མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ་དཀར་པོ། དཀར་མངར་འབྲུ་ཕྱེ་འོ་མར་སྦྱར་བའི་ཟས་མཆོག །འབྲས་མ་གྲུགས་པ། ནས་དང་སོ་བ་གྲ་མ་མེད་པ། གྲོ། སྲན་མ། དུརྦ། ཀུ་ཤ། ཡུངས་དཀར། ཤིང་ཏོག་རྣམས་དང་། དར་དཀར་གྱི་གོས་ཟུང་། རྡོ་ཐལ་མེད་པའི་སོ་རྩི་རྣམས་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོའི་སྣོད་འབའ་ཞིག་པར་འདས་མ་འདས་ཉིས་རིམ་དུ་བཤམ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བཾ་གྱིས་མཚན་པ་བྲིས་པའི་ནང་གི་ཆར། ནང་མཆོད། ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ་བཅས་བཞག །གཞན་ཡང་རླུང་གཡབ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། སློབ་དཔོན་རྒྱན་ཆས་དཀར་པོ་བགོས་ཏེ་ཞི་ཞིང་དེས་པའི་སེམས་ཀྱིས་ཀུ་ཤ་སོགས་གཙང་མའི་སྟན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཤར་དུ་ཕྱོགས་པར་འཁོད་དེ་བདག་གི་རྣལ་འབྱོར་ལ་གནས་པས། ཆོ་ག་དངོས་ལ། ཐོག་མར་རྡོ་དྲིལ་བསང་སྦྱང་།) སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ་(གིས་རྡོ་རྗེ་གསོར་ཞིང་སྙིང་ཁར་བཟུང་།) ཨོཾ་བཛྲ་གྷཎྜེ་ཨཱཿ (ས་དྲིལ་བུ་གསིལ་ཞིང་དཀུར་བརྟེན།)ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅ཧཾ༔ (གིས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་ལ་བློ་(3ན)བཞག ། མཆོད་རྫས་རྣམས་ལས་བྱང་བཞིན་བྱིན་གྱིས་བརླབས། སྲེག་རྫས་རྣམས་ལ་བདུད་རྩིས་བྲན། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ།)ཨོཾ་སྭཱཧཱ་(ས་རྫས་རྣམས་བཀྲུ། ཡམ་ཤིང་ལ།) ཨོཾ་ཨཱཿསྭཱཧཱ།(ཞུན་མར་ལ།)ཨོཾ་ཤྲཱི་སྭཱཧཱ།(འབྲུ་རྣམས་ལ།) ཨོཾ་ཛྲིཾ་སྭཱཧཱ།(རྫས་གཞན་རྣམས་ལ།)ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་སྲེག་རྫས་སོ་སོའི་རྣམ་པར་གསལ་བར་མོས་ལ། འབྲུ་གསུམ་དང་རྫས་སྔགས་རྣམས་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབས། བཀྲ་ཤིས་པའི་གནས་ལས་བྱུང་བའི་མེ་དུ་བ་མེད་པར་འབར་བ་གཡས་སུ་བསྐོར་ཏེ། ཨོཾ་ཨགྣེ་ཛྭ་ལ་རཾ་གྱིས་ཐབ་ཏུ་བཅུག །ཧཱུྃ་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར། ཨོཾ་ཨགྣེ་སྭཱཧཱ།(ཞེས་བླུགས་གཟར་གྱི་མར་ཁུའི་ཐིག་པས་གསོ། །ལས་སྔགས་བཟླས་པའི་ཀུ་ཤ།)ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ ། ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱཧཱ།(ཞེས་ནས་ཐབ་ཀྱི་ཁར་གཡོན་ནས་བརྩམས་ཏེ་གཡས་བསྐོར་དུ་དགྲམ། ཐབ་བསང་སྦྱང་།)སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་(3བ)དཀར་པོ་དབྱིབས་ཟླུམ་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེ་ནོར་བུ་དཀར་པོའི་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཞི་བའི་མེ་དཀར་གསལ་དུ་འབར་བའི་དབུས་སུ་པད་ཟླ་ལ་གནས་པའི་རཾ་ལས་ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་པའི་ཉམས་ཅན། ཕྱག་གཡས་གཉིས་དབྱུག་པ་དང་བགྲང་ཕྲེང་། གཡོན་གཉིས་རིལ་བ་དང་སྐྱབས་སྦྱིན་མཛད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་དང་ཚངས་སྐུད་སོགས་དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་དཀར་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། དྲང་སྲོང་གི་འཁོར་ཚོགས་དུ་མས་བསྐོར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། ཧཱུཾྃ་གི་འོད་ཟེར་གྱིས་ཤར་ལྷོ་ནས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་(མོས་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་།) ཨོཾ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་བྱོན་ཚུར་བྱོན་ལྷ་ཆེན་པོ༔ ཨགྣེ་རཱ་ཛ་འཁོར་དང་བཅས༔ སྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འབར་བའི་(4ན)གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧི་ས་མཱ་ཛཿ (ཞེས་སྤྱན་དྲངས། ལས་སྔགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད།) ཨོཾ་ཨགྣེ་དེ་ཝཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་(ས་མཆོད་ཡོན་དང་།) པཱདྱཾ་(གིས་ཞབས་བསིལ་ཕུལ།)ཨོཾ་ཨརྒྷ་ཡེ་ས་མ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོཿ(ས་དམ་ཚིག་པ་དང་གཉིས་སུ་མེད་པར་བསམ།) ཧཱུྃ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ མཐུ་སྟོབས་བྱིན་རླབས་བསམ་མི་ཁྱབ༔ ཇི་ལྟར་འདོད་པའི་དོན་སྒྲུབ་པ༔ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོ༔ (ཞེས་ཕྱག་བྱ།) ཧཱུྃ༔ སྟོང་གསུམ་ཞིང་ཀུན་ཡོངས་གང་བའི༔ རྨད་བྱུང་འདོད་ཡོན་མཆོད་པའི་ཚོགས༔ ཟ་བྱེད་མེ་ལྷའི་ཚོགས་ལ་འབུལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་(ནས།) ཤཔྡའི(བར་གྱིས་མཆོད། དེ་ནས་བསྲེག་རྫས་རྣམས་ལས་ཐོག་མར་དགང་བླུགས་འབུལ་བ་ལ།)མེ་ལྷ་ཞལ་འཛུམ་པ་དང་བཅས་པོར་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་(བསམ་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས།) ཨོཾ་ཨགྣེ་ཡེ་སྭཱཧཱ།(ཞེས་པས་མར་ཁུ་བླུགས་གཟར་(4བ)བདུན་གྱིས་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱོར་པུས་མོའི་ནང་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་།) ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུངྔྷེ་མཧཱ་ཤྲཱི་ཏ་བྱ་ཀ་བྱ་བ་ཧྣ་ཡ་ཧཱུྃ་ཕཊ་སྭཱཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ།(ཞེས་སྤེལ་ཚིག་སྦྲེལ་བས་ཕུལ། ཚུལ་དེ་ལྟ་བུས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག ། རྫས་རྣམས་རིམ་བཞིན་འབུལ་བ་ལས། ཡམ་ཤིང་།) ཨོཾ་བོ་ངྷི་བྲྀཀྵ་ཡ་སྭཱཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟིཾ་ཀུ་རུ་སྭཱཧཱ༔ (མར་ཁུ།) ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་ལ༴ (ཏིལ།) ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱ༔ སྡིག་སྒྲིབ་ཞི་བ་ལ༴ (ཞོ་ཟན་ནམ་ཟས་མཆོག །)ཨོཾ་སརྦ་སམྦ་དེ་སྭཱཧཱ༔ བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ༴ (འབྲས།) ཨོཾ་བཛར་པུཥྚ་ཡ་སྭཱཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ་ལ༴ (ནས།)ཨོཾ་མཧཱ་བེ་ག་ཡ་སྭཱཧཱ༔ ཤུགས་ཕུན་སུམ་ཚོགས་པ་ལ་༴ (སོ་བ།) ཨོཾ་བཛྲ་བཱི་ཛཱ་ཡ་སྭཱཧཱ༔ ནོར་དང་འབྲུ་ཕུན་སུམ་ཚོགས་ལ་ལ༴ (གྲོ།) ཨོཾ་བཛྲ་གྷསྨཱ་རི་སྭཱཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ་ལ་༴ (སྲན་མ།) ཨོཾ་མ་ཧཱ་བ་ལ་ཡ་སྭཱཧཱ༔ སྟོབས་ཕུན་སུམ་ཚོགས་པ་ལ་༴ (དཱུརྦ།) (5ན)ཨོཾ་བཛྲ་ཨཱ་ཡུཥེ་སྭཱཧཱ༔ ཚེ་རིང་བ་ཕུན་སུམ་ཚོགས་པ་ལ་༴ (ཀུ་ཤ།)ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་བ་ལ་༴ (ཡུངས་དཀར།) ཨོཾ་བཛྲ་སིངྔྷ་ཡེ་སྭཱཧཱ༔ གདོན་བགེགས་འཇོམས་པ་ལ༴ (ཤིང་ཏོག)ཨོཾ་ག་གྷ་ནི་ག་གྷ་ནི་བཾ་ལོ་ཀ་ཏི་སྭཱཧཱ༔ རིགས་བརྒྱུད་ཕུན་སུམ་ཚོགས་པ་ལ་༴ (དེ་ལྟར་ལན་བདུན་སོགས་ཇི་ལྟར་རིགས་པ་ཕུལ་བའི་མཐར། བསྟོད་པ་ནི།) ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྒྲུབ་མཛད་པ༔ བདག་གཞན་དོན་གཉིས་མྱུར་འགྲུབ་སྩོལ༔ འཇིགས་བྱེད་མེ་ལྷ་ཉིད་ལ་བསྟོད༔ (ཅེས་བསྟོད། ཡུངས་དཀར་ཐབ་ཏུ་གཏོར་ཏེ།) ན་མོཿ རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པའི་གདོན་རྣམས་ལས་ཐར་བ་དང་གློ་བུར་ཡེ་འདྲོགས་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་བར་ཆད་མི་འབྱུང་བར་མཛད་དུ་གསོལ། མི་ཁ་སྨྲ་མཆུ་དགྲ་རྐུན་བྱད་སྟེམས་སྦྱོར་བ་རྩུབ་མོ་དང་ཉེ་བར་འཚེ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ཟློག་པར་(5བ)མཛད་དུ་གསོལ། ལས་དང་ཉོན་མོངས་བག་ཆགས་ཤེས་བྱའི་དྲི་མ་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཤཱནྟིཾ་ཀུ་རུ་སྭཱཧཱ༔ (ཞེས་འདོད་དོན་གསོལ།) ཨོཾ་ཨཱཿཧཱུྃ་མུཿ(ས། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་བསམ་མོ། །དེ་དག་ནི་འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དེ་ནས་འདས་པའི་མེ་ལྷ་མཆོད་པའི་རིམ་པ་ནི། བུད་ཤིང་ཅུང་ཟད་ཁ་གསོས་ལ་བསང་སྦྱང་།)ཧཱུྃ༔ དམ་ཚིག་མེ་ལྷའི་ལྟོ་བའི་དབྱིངས༔ ནམ་མཁའ་རླུང་མེ་རཀྵའི་མཚོ༔ (ཞེས་སོགས་ནས།) རྒྱུ་ཡི་ཧཱུྃ་ཡིག་འཕྲོ་འདུ་ལས༔ འཆོལ་བའི་ཁྲོ་རྒྱལ་ཧེ་རུ་ཀ༔ (ཞེས་སོགས་ལས་བྱང་བཞིན་ལྷ་ཚོགས་དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་པ་སྤྱན་དྲངས་པའི་བར་དུ་སོང་ནས།) ཨོཾ་ཤྲཱི་མཧཱ་ཀྲོ་ངྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ།(དེ་བཞིན་དུ།) པཱདྱཾ་(སྦྱར་བ་བཅས་ཀྱིས་དྲག་པོའི་ཆུ་གཉིས་ཕུལ་ལ། བཞུགས་གསོལ་ཕྱག་འཚལ་མཆོད་པ་རྣམས་གཞུང་བཞིན་སོང་མཐར། སྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ནི།) དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ་(ཞེས་སོགས་འདོན་པ་སྤོས་ལ། རྩ་སྔགས་ཀྱིས་དགང་ཞིང་འཁོར་སྔགས་ཤམ་བུ་སྤེལ་ཚིག་དང་བཅས་པས་ཕུལ། སྲེག་རྫས་(6ན)ཡམ་ཤིང་ནས་བཟུང་ཤིང་ཏོག་གི་བར་སྙིང་པོ་ལ་རྫས་སྔགས་སྤེལ་ཚིག་རྣམས་སྦྱར་ཏེ་སྔར་བཞིན་བརྒྱ་རྩ་སོགས་དང་། སྲེག་རྫས་གཞན་ཡོད་ན་ཡང་ཕུལ་བའི་མཐར། ལས་བྱང་བཞིན་བསྟོད་དེ།) ན་མོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད། ཁྲག་འཐུང་ཆེ་མཆོག་དབང་དྲག་རྡོ་རྗེ་གྲོ་ལོད་རྩལ་སྤྲུལ་འཁོར་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལྷ་ཀླུ་སོགས་གོང་བཞིན་འདོད་པའི་དོན་ལ་གསོལ་བ་བཏབ་པས། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་སྡིག་སྒྲིབ་ནད་གདོན་ལ་སོགས་པའི་ཉེས་པ་ཐམས་ཅད་དག་ཅིང་ཞི་བར་(བསམ། སླར་ཡང་དགང་བླུགས་སྔར་བཞིན་དུ་ཕུལ་མཐར།) ཨོཾ་བཛྲ་ཝ་སྟྲ་ཡ་སྭཱཧཱ༔ (ཞེས་གོས་ཟུང་དང་།) ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱཧཱ༔ (ཞེས་སོ་རྩི་དབུལ། ཆུ་གཉིས་ཉེར་སྤྱོད་སྔགས་ཙམ་གྱིས་མཆོད་ཅིང་ཤླཽ་ཀ་གཅིག་གིས་བསྟོད།) མ་རྙེད་ཡོངས་སུ་མ་ཚང་དང་། །(སོགས་ནས་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་(6བ)བཤགས།)ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།(ཅེས་སོགས་ནས།) བཛྲ་མུཿ ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། དེ་དག་ནི་འདས་པའི་མེ་ལྷ་མཆོད་པའི་ཚུལ་ལོ། །རྗེས་ཀྱི་བྱ་བ་ནི།(བླུགས་གཟར་གྱི་མར་ཁུས་མེ་གསོ་ཞིང་།) བཛྲ་ས་མཱ་ཛཿ(ས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས།)ཛཿཧཱུྃ་བཾ་ཧོཿ(ས། དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པ་ལ། སྔར་བཞིན་དགང་བླུགས་དང་ཡམ་ཤིང་ལ་སོགས་པའི་བསྲེག་རྫས་ལྷག་མ་རྣམས་སྤེལ་ཚིག་མེད་པའི་སྔགས་ཀྱིས་འབུལ། གོས་ཟུང་དང་སོ་རྩིའང་གོང་གི་སྔགས་ཀྱིས་ཕུལ་མཐར།) པུཥྤེ་(སོགས་ཉེར་སྤྱོད་ལྔས་མཆོད་ཅིང་།) མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །(ཅེས་བསྟོད།)ཨ་ཀཱ་རོས་(སྔར་བསྔོས་པའི་གཏོར་མ་ཐབ་ཏུ་འབུལ་ཞིང་།) མཆོད་སྦྱིན་གཏོར་མ་འདི་བཞེས་ལ།(ཞེས་སོགས་ཀྱིས་ཕྲིན་ལས་བཅོལ། གོང་བཞིན་ནོངས་པ་བཤགས་ནས།) བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབ་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །(ཞེས་སྙན་མནན་ཏེ།)ཨོཾ་ཨགྣ་ཡེ་གཙྪཿ (ཞེས་པས་ཡེ་ཤེས་ཀྱི་མེ་ལྷ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་ལ་བསྡུ། མེ་རང་ཞིར་གཏོང་བའམ་ལོང་མེད་ན་འོ་མ་དྲི་བཟང་གི་ཆུས་གཞིལ་ལ་ཐལ་སོལ་(7ན)རྣམས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་བསྐྱལ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །) ༈ (ད་ནི་ཆོ་ག་དེས་ཁོག་ཕུབ་སྟེ་རྒྱས་པའི་སྦྱིན་སྲེག་གི་ཁྱད་པར་ནི། དུས་ར་བ་བཞིའི་ཡར་ངོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་ཉི་དྲོས་ཀྱི་ཆར་རྒྱལ་པོའི་བང་མཛོད་ཀྱི་འོག་དང་ཞིང་བཟང་པོ་སོགས་དཔལ་ཅན་གྱི་ས་ལས་བསྐྲུན་པའི་ཐབ་སྟེགས་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་པར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁྲུ་རེ་གཞལ་བའི་སར་གྲུ་བཞི་པར་བཅད་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པ། ཕྱི་རིམ་སོར་བརྒྱད་པའི་མུ་རན་ལ་མེ་རི་གཡས་བསྐོར་དུ་འབར་བ་དང་། ཁ་ཁྱེར་སོར་བརྒྱད་པ་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་ཟུར་བཞི་ལའང་རིན་པོ་ཆེ་འབར་བ་རེ་བཅས་བྲི། ཁ་དོག་ཐམས་ཅད་ཀུན་ནས་སེར་པོར་བྱས་ཤིང་མེ་ཏོག་སེར་པོ་གཅལ་དུ་བཀྲམ་པའི་ཁ་ཁྱེར་གྱི་ནང་དུ་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་བུད་ཤིང་ཁྲུ་གང་བས་གྲུ་བཞིར་བརྩིག །གཏོར་མའི་རྒྱུ་གསེར་ཕྱེ་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་དང་བསྲེས་པས་གྲུ་བཞི་པད་འདབ་ཅན། ཡམ་ཤིང་འབྲས་བུ་ཆགས་པའི་ཤིང་གི་བར་གྱི་ཆ་ལས་བྱུང་བ་ཁྲུ་གང་བ་དྲི་དང་མངར་གསུམ་མར་ཁུས་སྤགས་པ། བསྲེག་རྫས་ཞི་བ་དང་མཚུངས་པ་ལས་བི་ལྦ་སོགས་ཤིང་ཏོག་འབྲུ་སྨན་རིན་པོ་ཆེ་དང་དར་གོས་སེར་པོའི་རིགས། སྣོད་དང་རྫས་ཐམས་ཅད་དབྱིབས་གྲུ་བཞི་ཁ་དོག་སེར་པོ་འབའ་ཞིག་པ་བྱ། སློབ་དཔོན་རྒྱན་ཆས་སེར་པོ་བགོས་ལ་དགའ་བའི་སེམས་དང་བཟང་པོའི་(7བ)སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་པས་འཁོད་ནས་ལས་རིམ་ལ་འཇུག །མེ་རྒྱལ་རིགས་ཀྱི་ཁྱིམ་དང་གཙུབས་ཤིང་ལས་བྱུང་བས་སྤར། ཕྲིན་ལས་ཞི་བའི་སྐབས་ཁོ་ན་ལྟར་ལས། ཐབ་བསྐྱེད་སྐབས།) སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི་ནང་དུ་རྒྱས་པའི་མེ་སེར་གསལ་དུ་འབར་བའི་དབུས་སུ་པད་ཉི་ལ་གནས་པའི་རཾ་ལས་རྒྱས་པའི་མེ་ལྷ་སྐུ་མདོག་སེར་པོ་གནོད་སྦྱིན་སྒེག་པའི་ཉམས་ཅན། ཕྱག་གཡས་གཉིས་དབྱུག་པ་དང་བགྲང་ཕྲེང་། གཡོན་གཉིས་རིན་པོ་ཆེ་དང་མཆོག་སྦྱིན་མཛད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་རིན་པོ་ཆེའི་རྒྱན་དང་ཚངས་སྐུད་སོགས་དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་སེར་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། དྲང་སྲོང་གི་འཁོར་ཚོགས་སོགས་སྔར་ལྟར་དང་། ཞི་བའི་མལ་དུ་རྒྱས་པ་(ཞེས་བསྒྱུར།)དགང་བླུགས་སྐབས་ལག་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་།(སྤེལ་ཚིག་སྐབས།) ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་(8ན)ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། །(ཞེས་དང་།)གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ (ཞེས་པས་འགྲེས་སྦྱར། འདོད་གསོལ་སྐབས།) ན་མོ༔ རིག་པའི་རྒྱལ་པོ་(སོགས་གོང་ལྟར་ལ།) བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ཟས་ནོར་ལོངས་སྤྱོད་བུ་སློབ་འཁོར་འབངས་མངའ་རིས་ཆུས་སྲིད་ལ་སོགས་པ་དར་ཞིང་རྒྱས་པར་མཛད་དུ་གསོལ། མཁྱེན་པ་དང་བརྩེ་བ་མཐུ་སྟོབས་ནུས་རྩལ་ཉམས་དང་རྟོགས་པ་ས་ལམ་གྱི་ཡོན་ཏན་དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་དབྱར་གྱི་ཆུ་གཏེར་དང་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། པུཥྚིཾ་ཀུ་རུ་ཨོཾ༔ (ཞེས་སྦྱར། འདས་པའི་དགང་བླུགས་སྐབས།) དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ་(ཞེས་འདོན་པ་སྤོ། རྫས་རྣམས་རྫོགས་ནས་(8བ)ལས་ལ་སྦྱོར་བའི་ཚེ།) ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བསམ།(རྗེས་མེ་རང་ཞིར་བཏང་སྟེ་ཐལ་སོལ་བང་མཛོད་དུ་སྦའོ། །) ༈ ཡང་དབང་གི་སྦྱིན་སྲེག་གི་ཁྱད་པར་ནི། དུས་འབྲིང་པོ་བཞིའི་དམར་ཕྱོགས་ཀྱི་ཚེས་བཅུ་ལ་སོགས་པའི་དགོང་མོའི་ཆར་སྨད་འཚོང་མས་ཉལ་པོ་བྱས་པའི་མལ་འོག་གམ་མགྲོན་ཁང་གིས་ལ་ས་བསྐྲུན་པའི་ཐབ་སྟེགས་མྱོས་བྱེད་དང་བདུད་རྩི་བྱུགས་ཤིང་སིནྡྷུ་ར་བརྡལ་བར་དབུས་སུ་ཟླ་གམ་ཁྲུ་གང་བ་ལ་པདྨ་འདབ་བརྒྱད་ལྕགས་ཀྱུས་མཚན་པ། ཕྱི་རིམ་སོར་བརྒྱད་པའི་མུ་རན་ལ་མེ་རི་གཡོན་བསྐོར་དུ་འབར་བ་དང་། ཁ་ཁྱེར་སོར་བརྒྱད་པ་ལ་མེ་ཏོག་དམར་པོ་ལྕགས་ཀྱུ་སྤེལ་མའི་ཕྲེང་བས་བསྐོར་ཞིང་ཟུར་གཉིས་ལའང་ལྕགས་ཀྱུ་རེ་བཅས་བྲི། ཁ་དོག་ཐམས་ཅད་ཀུན་ནས་དམར་པོ་བྱས་ཤིང་མེ་ཏོག་དམར་པོ་གཅལ་དུ་བཀྲམ་པའི་ཁ་ཁྱེར་གྱི་ནང་དུ་ཡམ་ཤིང་གི་རྒྱུ་དང་མཚུངས་པའི་ཤིང་སྲིན་ལག་གི་སྦོམ་ཕྲ་ཅན་མྱོས་བྱེད་ཀྱིས་བྲན་པས་ཟླ་གམ་དུ་བརྩིག །གཏོར་མའི་རྒྱུ་ཟངས་ཕྱེ་པད་རག་བུ་རམ་འབྲས་དམར་རམ་བུའི་ཕྱེ་རྣམས་མར་ལ་བསྲེས་པས་དབྱིབས་ཟླ་གམ་པད་འདབ་ལྔ་པ། ཡམ་ཤིང་ཙན་དན་དམར་པོ་སོགས་དམར་(9ན)ལ་རོ་སྐྱུར་བའི་ཤིང་གི་སྡོང་པོའི་ཆ་ལས་བྱུང་བ་སོར་ལྔའམ་གསུམ་པ་བུ་རམ་མར་ཁུས་རྩེ་མོ་དང་མཚལ་དང་སིན་དྷུ་རས་རྩ་བ་བྱུགས་པ། མར་ཁུའང་འཛོམ་ན་ཏིལ་མར་གྱི་ཁུ་བ་དང་། བསྲེག་རྫས་ཞི་བ་དང་མཚུངས་པ་ལས་རྒུན་འབྲུམ་སོགས་ཤིང་ཏོག་འབྲུ་སྨན་རིན་པོ་ཆེ་དར་གོས་དམར་པོའི་རིགས། ཁྱད་པར་གྱི་ཕྲིན་ལས་བསྒྲུབ་ན་དེའི་རྫས་ཚུལ་བཞིན་དུ་སྦྱར་བའི་རིལ་བུ་བདུད་རྩི་ལྔས་སྦགས་པ། སྣོད་དང་རྫས་ཐམས་ཅད་དབྱིབས་ཟླ་གམ་ཁ་དོག་དམར་པོ་འབའ་ཞིག་པ་བྱ། སློབ་དཔོན་རྒྱན་ཆས་དམར་པོ་བགོས་ཏེ་ཆགས་པའི་བསམ་པས་སྟན་དམར་པོ་ལ་པདྨའི་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འཁོད་ནས་ལས་རིམ་ལ་འཇུག །མེ་རོལ་མོ་མཁན་ནམ་སྨད་འཚོང་མའི་ལག་ནས་བྱུང་བས་སྤར། ཕྲིན་ལས་ཞི་བའི་སྐབས་དང་འདྲ་བ་ལས།(ཐབ་བསྐྱེད་སྐབས།) སྟོང་པའི་ངང་ལས་ཧཱུྃ་ལས་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་གྱི་དབྱིབས་ཅན་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ལྕགས་ཀྱུ་དང་ཁ་ཁྱེར་དང་ཟུར་རྣམས་སུ་མེ་ཏོག་དམར་པོ་དང་ལྕགས་ཀྱུས་མཚན་པ། དྭངས་ཤིང་སྒྲིབ་པམེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་དབང་གི་མེ་དམར་གསལ་དུ་འབར་བའི་དབུས་སུ་པད་ཉི་ལ་གནས་པའི་རཾ་ལས་དབང་གི་མེ་ལྷ་སྐུ་མདོག་དམར་པོ་ཞི་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་(9བ)གཉིས་དབྱུག་པ་དང་བགྲང་ཕྲེང་། གཡོན་གཉིས་ལྕགས་ཀྱུ་དང་དབང་སྡུད་ཀྱི་ཕྱག་རྒྱ་མཛད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་རིན་པོ་ཆེའི་རྒྱན་དང་ཚངས་སྐུད་སོགས་དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་དམར་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ།(དྲང་སྲོང་གི་འཁོར་ཚོགས་སོགས་སྔར་བཞིན་དང་།) ཞི་བའི་མལ་དུ་དབང་གི་(ཞེས་བསྒྱུར། དགང་བླུགས་སྐབས་ལག་གཉིས་ཁུ་ཚུར་སྲིན་མཛུབ་རྩེ་སྤྲད་པ་པདྨའི་ཕྱག་རྒྱས་དགང་བླུགས་བཟུང་། སྤེལ་ཚིག་སྐབས།) ཁམས་གསུམ་སྲིད་གསུམ་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བའི་ཕྲིན་ལས་མཛད་དུ་གསོལ།(ཞེས་དང་།)གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ (ཞེས་པས་འགྲེས་སྦྱར། འདོད་གསོལ་སྐབས།) ན་མོཿ རིག་པའི་རྒྱལ་པོ་(སོགས་གོང་ལྟར་ལ།) བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་རྒྱལ་བློན་བཙུན་མོ་འགྲོ་བ་ཕོ་མོ་ཟས་ནོར་ལོངས་སྤྱོད་ཁྱད་པར་དུ་བདུད་རིས་ནག་པོའི་ཕྱོགས་སུ་གྱུར་པའི་དྲེགས་ལྡན་མི་དང་མི་མ་ཡིན་མཐུ་བོ་ཆེ་མཐའ་དག་རང་དབང་མེད་པར་མོས་པ་རྣམ་པ་བཞིས་དབང་དུ་འདུ་བར་མཛད་དུ་གསོལ། རྩ་བརྒྱུད་བླ་མའི་བྱིན་རླབས་ཡི་དམ་ལྷའི་དངོས་གྲུབ་མཁའ་འགྲོ་སྲུང་མའི་མཐུ་རྩལ་(10ན)ལས་དང་དངོས་གྲུབ་རླུང་སེམས་སྣང་བ་ཐམས་ཅད་རང་དབང་དུ་གྱུར་པར་མཛད་དུ་གསོལ། མདོར་ན་འཁོར་འདས་ལམ་གསུམ་མཆོག་ཐུན་མོང་གི་དངོས་གྲུབ་ཡིད་ལ་འདོད་པ་གང་མཆིས་པ་ཐམས་ཅད་ཐོགས་པ་མེད་པར་དབང་དུ་འདུ་བར་མཛད་དུ་གསོལ། ཝཱ་ཤཾ་ཀུ་རུ་ཧོཿ (ཞེས་སྦྱར། འདས་པའི་དགང་བླུགས་སྐབས།)དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་ཞིང་ཆགས་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་པདྨ་དམར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ་(ཞེས་འདོན་པ་སྤོ། ཁྱད་པར་གྱི་རྫས་འབུལ་ན་དེའི་སྔགས་དང་དམིགས་གནད་ནི་མན་ངག་ལས་ཤེས་པར་བྱ་ཞིང་། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ།)ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་པདྨ་རཱ་གའི་བུམ་པ་བདུད་རྩི་དམར་པོས་གང་བ་འཛིན་པས་ཟླ་བ་དམར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་དབང་བསྐུར་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་མོས་པ་རྣམ་བཞིས་དབང་དུ་སྡུད་པའི་ནུས་མཐུ་ལ་མངའ་བརྙེས་པར་(བསམ། རྗེས་མེ་རང་ཞིར་བཏང་བའམ་ཆང་གིས་གཞིལ་ནས་ཐལ་སོལ་རི་རྩེ་ནས་རླུང་ལ་བསྐུར་(10བ)བའམ་ཆུ་བོ་ཆེན་པོར་བསྐྱལ་ལོ། །) ༈ (ཡང་སྐབས་འགའ་ཞིག་ཏུ་དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བ་ཡིན་ན།) བདག་ཉིད་གཙོ་བོའི་ཐུགས་ཀ་ནས་ལས་ཀྱི་ཧེ་རུ་ཀའི་རྣམ་པར་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་(མོས་ཤིང་། འདས་པའི་མེ་ལྷ་བསྐྱེད་པའི་སྐབས།) པད་ཉི་དྲེགས་པ་རྒྱལ་བསེན་རྣམས༔ བསྣོལ་ཞིང་བརྩེགས་པའི་ཁྲི་རུ་གྱུར།(ཅེས་རྟེན་གྱི་བཀོད་པ་བསྒོམ་ནས་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་ཏེ་སྙིང་པོ་འཁོར་སྔགས་བཅས་བཟླ་བཞིན་མེ་ཏོག་ཐབ་ཏུ་དོར་བའི་མཐར།)ཧཱུྃ༔ ཕོ་བྲང་དབུས་ཀྱི་གདན་སྟེང་དུ༔ འཆོལ་བའི་ཁྲོ་རྒྱལ་ཧེ་རུ་ཀ༔ (ཞེས་སོགས་ལྷ་བསྐྱེད་ཡོངས་རྫོགས་ནས།) བཀའ་ཉན་ལྷ་སྲིན་སྡེ་བརྒྱད་སོགས༔ སྤྲིན་ཕུང་གཏིབས་བཞིན་གསལ་བར་གྱུར།(ཅེས་བསྒྱུར། དེ་ནས་ཆུ་གཉིས་འབུལ་བ་དང་བཞུགས་གསོལ་ཕྱག་འཚལ་སོགས་སྦྱིན་སྲེག་ཡོངས་རྫོགས་དཀྱུས་བཞིན་བྱ། རྗེས་བསྡུ་བའི་སྐབས།) དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་(བསམ་ཞིང་ཚོམ་བུ་སྒྲུབ་དཀྱིལ་དུ་སླར་སྤྱན་དྲངས།) གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་(བསམ་པ་རྣམས་ཁྱད་པར་ཏེ། སྐབས་ཐོབ་བཞིན་འདོར་ལེན་(11ན)གྱི་དམིགས་ཕྱེད་ཤེས་པར་བྱའོ། །ཞེས་པའང་ཉེ་བར་མཁོ་ཞིང་འཇུག་པ་བདེ་བའི་ཕྱིར་གསང་བ་སྤྱིའི་ཚོ་གའི་འགྲོས་དང་བསྟུན་ཏེ། ལྷ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་ཁམས་ཁྱུ་མཆོག་གི་ལོ་སྨིན་དྲུག་ཟླ་བའི་ཡར་ངོའི་ཚེས་བཅོ་ལྔ་ལ་བྱང་ཀོང་བྲག་གསུམ་མཚོ་ཆུ་དར་མ་འཇའ་འོད་འཁྲུགས་པའི་ལྟེ་བ་མཚོ་རྫོང་དབང་དྲག་འབར་བའི་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་སྐྱུ་རུའི་སྔགས་འཆང་པདྨ་དབང་ཆེན་གྱིས་བགྱིས་པའོ། །སརྦ་སིངྔྷི་རསྟུ།། །།)