DJYD-KABUM-15-BA-014
DJYD-KABUM-15-BA-014
༄༅། །བླ་མ་དབང་དྲག་འཆོལ་བའི་ཕྲིན་ལས་དབང་གི་ སྲེག་བླུགས་ཁམས་གསུམ་མྱུར་འགུགས་ ཞེས་བྱ་བ་བཞུགས་སོ། །
(1བ)ན་མོ་མ་ཧཱ་ཀྲོ་ངྷ་གུ་རུ་ལོ་ཀོཏྟ་རཱ་ཡ།(བླ་མ་དབང་དྲག་འཆོལ་བའི་ཕྲིན་ལས་དབང་གི་སྲེག་བླུགས་བྱ་བར་འདོད་ན། ཟླ་བ་མར་གྱི་ངོའི་ཉི་མ་ཕྱི་དྲོའི་དུས་སུ། ཆུ་བོ་འདུས་པའི་མདོའམ་སྨད་འཚོང་མ་ཉལ་པོ་བྱས་པའི་གནས་སུ། དེའི་མལ་འོག་གི་ས་སོགས་ལས་ཐབ་སྟེགས་བརྩིགས་པར་ཟླ་གམ་སུམ་རིམ་པདྨ་དང་ལྕགས་ཀྱུས་མཚན་པའི་ཁ་ཁྱེར་ལ་ཙནྡན་དམར་པོ་སོགས་ལས་མཐུན་གྱི་ཤིང་ལས་ཐབ་ཁུང་ཟླ་གམ་དུ་བརྩིགས་ལ་མེ་ཚང་བཅའ། མཆོད་གཏོར་ཉེར་སྦྱོད་སོགས་སྤྱི་ལྟར་ལས། ཁྱད་པར་དམར་ལ་དྲི་ཞིམ་པའི་ཡམ་ཤིང་། འབྲི་མོག་གིས་བསྒྱུར་བའི་མར་ཁུ། ནས་གྲོ་འབྲས་སྲན་མ་སོགས་འབྲུ་སྣ། ཤ་མར་བུ་རམ་སོགས་ཟས་སྣ། དར་ཟབ་སྣམ་རས་སོགས་གོས་སྣ། བཞུ་བ་དང་མི་བཞུ་བའི་རིན་པོ་ཆེའི་རིགས་གང་འབྱོར། ཁྱད་པར་གྱི་བསྲེག་རྫས་(2ན)ཙནྡན་གྱི་བྱང་བུ་ལ་རྒྱ་སྐྱེགས་ཀྱིས་བྲིས་པའི་བསྒྲུབ་བྱའི་ལིངྒ་མིང་རུས་ཅན་ཟག་རྫས་ཀྱིས་བྱུགས་པ། གླང་སྣ་དང་ཁུག་ཆོས་སོགས་མེ་ཏོག་དམར་པོའི་རིགས་གང་འཛོམ་བཅས་བསགས། དགང་གཟར་བླུག་ལ་སོགས་པ་དགོས་པའི་ཆ་བྱད་རྣམས་ཚོགས་པར་བྱས་ལ། ཆགས་ཤིང་གདུང་བའི་བསམ་པ་དང་ལྡན་པས་ཁ་ནུབ་ཏུ་ཕྱོགས་པར་པདྨའི་སྐྱིལ་ཀྲུང་གིས་འདུག་སྟེ། བདག་གི་རྣལ་འབྱོར་བཟླས་པའི་བར་དང་། ཁྱད་པར་གྱི་ཕྲིན་ལས་ཟབ་པའི་མན་ངག་བཞིན་དབང་སྡུད་ཀྱི་བཟླས་པ་བྱ་ཞིང་། དམིགས་བསལ་གྱི་བསྒྲུབ་བྱ་ཡོད་ན་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་དང་ཞགས་པས་དྲངས་པའི་དམིགས་གནད་ཀྱིས་བསྒྲུབ་བྱ་ལིངྒ་ལ་ཡང་ཡང་བསྟིམ། དེ་ནས་བསྲེག་རྫས་རྣམས།) རྃ་ཡྃ་ཁྃ་(གིས་བསང་སྦྱང་།)སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་པར། །འབྲུ་གསུམ་ཞུ་ལས་(2བ)མཆོད་རྫས་བསྲེག་རྫས་ཚོགས། །ངོ་བོ་ཟག་མེད་བདུད་རྩིའི་རང་བཞིན་ཅན། །དཔག་ཡས་ནམ་མཁའི་ཁམས་ཀུན་གང་བར་གྱུར། །ཨོཾ་ཨཱཿཧཱུཾ།(ཞེས་ལན་གསུམ་གྱིས་བརླབ། རང་འདོད་པའི་ལག་ནས་བྱུང་བའི་མེ།) ཨོཾ་ཨགྣེ་ཛྭ་ལ་རཾ་(གྱིས་སྦར་ལ་མར་ཁུས་ཀྱང་གསོ།) ཐབ་ཧྱ་གྲཱི་ཝ(ས་བསང་།) སྭ་བྷཱ་ཝ(ས་སྦྱང་།) མི་དམིགས་སྟོང་པའི་ངང་ལས་རང་ཉིད་ཀྱི། ། མདུན་དུ་དབང་གི་ཐབ་ཁུང་མཚན་ཉིད་ཀུན། ཡོངས་རྫོགས་འོད་ཟེར་དམར་པོ་འཕྲོ་བའི་དབུས། །པད་ཉིའི་གདན་ལ་ཆེ་མཆོག་གྲོ་ལོད་རྩལ། །སྐུ་མདོག་སྨུག་ནག་གར་དགུའི་ཉམས་འགྱུར་ཅན། །(སོགས་མངོན་རྟོགས་ནས་བསྟོད་པའི་བར་དུ་བཏང་རྗེས།) རྫས་རྣམས་བསྲེགས་པའི་བདུད་རྩི་དྭངས་མའི་འོད། །ཞལ་དུ་དྲངས་པས་མཉེས་ཤིང་ཚིམ་གྱུར་ནས། །གཙོ་བོའི་ཐུགས་ལས་འབར་བའི་འོད་ཟེར་འཕྲོས། །འཁོར་གྱི་ལྷ་ཚོགས་རྣམས་བསྐུལ་དེ་དག་ལས། །རང་འདྲའི་ཕོ་ཉ་སྟོང་ཁམས་གང་སྤྲོས་པས། །འཇིག་རྟེན་ཁམས་ཀྱི་མི་དང་མི་མ་ཡིན། །དྲེགས་ལྡན་ཀུན་གྱི་སེམས་རྒྱུད་དབང་མེད་བསྒྱུར། །བདག་ལ་དད་ཅིང་གུས་པས་རྗེས་སུ་ཞུགས། །ཕྱིར་མི་ལྡོག་པར་དབང་དུ་འདུས་པར་གྱུར། །(ཅེས་གསལ་བཏབ་ལ། རྩ་སྔགས་མཐར།) ཧ་རི་ནི་ས་ར་ཙ་ཧྲིཿཡ་མ་ཧཱ་རཱ་ཛ་སརྦ་ཨ་ནྲྀ་ཏྲི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ (ཞེས་བཟླ་བཞིན་དུ་རྫས་རྣམས་རིམ་པར་ཐབ་ཏུ་ཕུལ་ཞིང་། བར་མཚམས་སུ།)བདག་གི་མཆོད་རྫས་དམ་པ་འདི་བཞེས་ལ། །(3ན)ཆེ་བཙན་འགྲོ་ཀུན་དབང་དུ་འདུས་པར་མཛོད། །(ཅེས་འདོད་དོན་ཡང་གསོལ། འདི་ཉིད་སྤྱིར་གཟུགས་ཅན་གཟུགས་མེད་གང་ལའང་དམིགས་པའི་ལས་སྦྱོར་ཏེ། ཡང་ཁྱད་པར་གྱི་དམིགས་བྱ་གཅིག་ལ་མཚོན་ན། གོང་གི །)རང་འདྲའི་ཕོ་ཉ་སྟོང་ཁམས་གང་སྤྲོས་པས། །དམིགས་བྱ་དེ་ཉིད་མེ་ལྷའི་མདུན་དུ་བཀུག །ཤིན་ཏུ་གུས་པས་ཐལ་སྦྱར་གནས་པ་ལ། །འབར་བའི་འོད་ཟེར་བསྒྲུབ་བྱའི་སྤྱི་བོ་ནས། །སྙིང་གར་ཞུགས་པས་སེམས་རྒྱུད་དབང་མེད་བསྐུལ། །ཡིད་ཆགས་མྱོས་པས་བརྒྱལ་ཐབས་གནས་པར་གྱུར། །སླར་ཡང་རྫས་ཕུལ་མེ་ཉིད་ཆེར་འབར་ཞིང་། །ཁྱད་པར་ལྷ་ཡི་ཐུགས་ཀའི་འོད་དམར་པོས། །རེག་པས་བསྒྲུབ་བྱ་ཆགས་པའི་མེས་གདུངས་ཏེ། །རང་དབང་མེད་པར་བདག་ལ་ཆགས་པར་གྱུར། །(ཞེས་བསམ་ཞིང་། རྫས་རྣམས་འབུལ་བ་དང་བཅས་སྔགས་གོང་བཞིན་ལ།) ནྲྀ་(ཆེ་གེ་མོ་)པཱ་ཤཾ་ཀུ་རུ་ཧོཿ (ཞེས་ཕུལ་བ་ལ་གྲངས་འཛིན་ཅིང་། འདོད་གསོལ་ཀྱང་)དམིགས་བྱ་(ཆེ་གེ་མོ་)དབང་དུ་འདུས་པར་མཛོད་(ཅེས་སྦྱར། མཐར་གྲངས་ལོངས་པ་ན་གྱི་དང་ཁྱད་པར་གང་གི་སྐབས་སུའང་འདྲ་སྟེ།) དམིགས་བྱ་འོད་དམར་གྱི་རྣམས་པར་མེར་གྱི་ཞུ། ཐུགས་སྲོག་ས་བོན་ཧཱུྃ་གི་ཞབས་ཀྱུར་ཐིམ། །བདག་གཞན་གཉིས་མེད་ཀློང་ཡངས་རྫོགས་པ་ཆེ། །འཁོར་འདས་སྲོག་ལ་དབང་བསྒྱུར་དབང་ཐོབ་གྱུར། །(ཞེས་བསྡུ། རྗེས་མེ་ལྷའི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་ནས་(3བ)ནོངས་པ་བཟོད་པར་གསོལ། མེ་ལྷའི་ཡེ་ཤེས་པ་གཤེགས་སུ་གསོལ་བའམ་རྟེན་ལ་བསྟིམ། དམ་ཚིག་པ་རང་ལ་བསྡུ། བསྔོ་སྨོན་དང་ཤིས་པ་བརྗོད་པས་མཐའ་བརྒྱན། ཐལ་བ་རིའི་རྩེ་ནས་རླུང་ལ་འཕྱར་བའམ་ཡང་ན་ཆུ་བོ་ཆེན་པོའི་གཞུང་ལ་སྦྱང་ངོ་། །འདིའི་བསྲེག་རྫས་རྣམས་སོ་སོར་འབུལ་བར་མི་ནུས་ན། ཡམ་ཤིང་མར་ཁུ་ལིངྒ་གསུམ་མ་གཏོགས་པའི་རྫས་བྱིང་རྣམས་ཕྱེ་མའམ་རིལ་བུ་གང་བདེར་བྱས་ལ་ཕུལ་བས་ཀྱང་རུང་ངོ་། །ཞེས་པའང་སྔགས་སྟོན་ཚེ་དབང་དཔལ་འབྱོར་གྱི་ནན་ཏན་ཆེན་པོས་བསྐུལ་བའི་གཡར་ངོ་མི་ལྡོག་ཕྱིར་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ཀུན་བཟང་དབང་འདུས་སོ། །ཛཡནྟུ།། །།)