DJYD-KABUM-15-BA-016
DJYD-KABUM-15-BA-016
(1ན)(ལས་སྦྱོར་གྱི་སྐབས་འགའ་ཞིག་ཏུ་དྲེགས་པ་སྡེ་བརྒྱད་ཀྱི་བསྐུལ་བའི་འཕྱོང་དམིགས་བསལ་དུ་གདག་པར་སྤྲོ་ན། །དམར་གཏོར་ཤ་ཁྲག་གིས་བརྒྱན་པ་ལ་སྨན་རཀ་སྦྲན་ཅིང་།) ཧཱུྃ༔ སྲིད་པ་གསུམ་ལ་དབང་བསྒྱུར་ཞིང་༔ འཇིག་རྟེན་ཁམས་ལ་མངའ་མཛད་པ༔ རྣམ་འགྱུར་ཁྲོ་གཏུམ་དྲག་ཤུལ་ཅན༔ དྲེགས་པ་སྡེ་བརྒྱད་ད་ཚུར་བྱོན༔ ཨཿ སྲིད་པ་ལྷ་ཡི་གཙོ་བོ་ནི༔ སྐུ་མདོག་དཀར་པོ་འཛུམ་ཞིང་བརྗིད༔ ཕྱག་ན་རལ་གྲི་མདུང་དར་བསྣམས༔ ཆིབས་སུ་ལྷ་གཡག་དཀར་པོ་ཆིབས༔ ལྷ་དམག་འབུམ་གྱི་འཁོར་གྱིས་བསྐོར༔ རྒྱལ་འགོང་བྱེ་བ་སྤྲུལ་པར་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དགྲ་ལ་སྙིང་གཟིར་བརྒྱལ་ནད་ཐོང་༔ ཡ༔ སྲིད་པ་གཤིན་རྗེའི་གཙོ་བོ་ནི༔ སྐུ་མདོག་ནག་པོ་ཁྲོ་ཞིང་གཏུམ༔ ཕྱག་ན་བེ་ཅོན་ཁྲམ་ཤིང་ཐོགས༔ ཆིབས་སུ་མ་ཧེ་རུ་རིང་ཆིབས༔ གཤིན་རྗེའི་དམག་ཚོགས་འབུམ་གྱིས་བསྐོར༔ ཡི་དྭགས་བྱེ་བ་སྤྲུལ་པར་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་བོ་ཁྲམ་ལ་ཐོབ༔ མ༔ སྲིད་པ་མ་མོའི་གཙོ་བོ་ནི༔ སྐུ་མདོག་དཀར་སྨུག་བརྗིད་པའི་ཞལ༔ ཕྱག་ན་མདའ་དར་མེ་ལོང་བསྣམས༔ ཆིབས་སུ་གཡུ་འབྲུག་སྔོན་པོ་ཆིབས༔ (1བ)མ་མོའི་དམག་ཚོགས་འབུམ་གྱིས་བསྐོར༔ བསེན་མོ་བྱེ་བ་སྤྲུལ་པར་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་ལ་ཡམས་ནད་ཐོང་༔ དུ༔ སྲིད་པ་བདུད་ཀྱི་གཙོ་བོ་ནི༔ སྐུ་མདོག་མཐིང་ནག་རབ་ཏུ་འཇིགས༔ ཕྱག་ན་དར་ནག་ཁྲམ་ཤིང་ཐོགས༔ ཆིབས་སུ་རྟ་ནག་རྟིང་དཀར་ཆིབས༔ བདུད་ཀྱི་དམག་ཚོགས་འབུམ་གྱིས་བསྐོར༔ བགེགས་རིགས་བྱེ་བ་སྤྲུལ་པར་འགྱེད༔ ཤ་ཁྲག་གཏོར་མ༴ སྡང་བའི་དགྲ་བོ་འཐོམ་སུ་ཆུག༔ རུ༔ སྲིད་པ་བཙན་གྱི་གཙོ་བོ་ནི༔ སྐུ་མདོག་དམར་ནག་མེ་ལྟར་འབར༔ ཕྱག་ན་ལྕགས་ཀྱི་མདའ་གཞུ་འགེངས༔ ཆིབས་སུ་བཙན་རྟ་རླུང་གཤོག་ཆིབས༔ བཙན་གྱི་དམག་ཚོགས་འབུམ་གྱིས་བསྐོར༔ ས་བདག་བྱེ་བ་སྤྲུལ་པར་འགྱེད༔ ཤ་ཁྲག་གཏོར་མ༴ དགྲ་ལ་ཁྲག་སྐྱུག་གཟེར་ནད་ཐོང་༴ ཙ༔ སྲིད་པ་རྒྱལ་པོའི་གཙོ་བོ་ནི༔ སྐུ་མདོགདཀར་བརྗིད་ཁྲོ་ཞིང་འཛུམ༔ ཕྱག་ན་གསེག་ཤང་པར་བུ་བསྣམས༔ ཆིབས་སུ་སེངྒེ་དཀར་མོ་ཆིབས༔ རྒྱལ་པོའི་དམག་ཚོགས་འབུམ་གྱིས་བསྐོར༔ གིང་འགོང་བྱ་བ་སྤྲུལ་པར་འགྱེད༔ ཤ་ཁྲག་གཏོར་མ༴ སྡང་བའི་དགྲ་ལ་སྨྱོ་འབོག་ཐོང་༔ (2ན)ཤ༔ སྲིད་པ་གནོད་སྦྱིན་གཙོ་བོ་ནི༔ སྐུ་མདོག་སྔོན་པོ་འོད་དུ་འཁྲུགས༔ ཕྱག་ན་རལ་གྲི་ནོར་བུ་འཛིན༔ ཆིབས་སུ་སྟག་ཆེན་རྔམས་པ་ཆིབས༔ གནོད་སྦྱིན་དམག་ཚོགས་འབུམ་གྱིས་བསྐོར༔ གཟའ་སྐར་བྱེ་བ་སྤྲུལ་པར་འགྱེད༔ ཤ་ཁྲག་གཏོར་མ༴ སྡང་བའི་དགྲ་བོ་མྱུར་དུ་སྒྲོལ༔ ན༔ སྲིད་པ་ཀླུ་ཡི་གཙོ་བོ་ནི༔ སྐུ་མདོག་དུད་ཁ་འཇིགས་པའི་གཟུགས༔ ཕྱག་ན་སྦྲུལ་ཞགས་ནད་རྐྱལ་ཐོགས༔ ཆིབས་སུ་གདུག་པའི་ཆུ་སྲིན་ཆིབས༔ ཀླུ་བདུད་དམག་ཚོགས་འབུམ་གྱིས་བསྐོར༔ ཀླུ་གཉན་བྱེ་བ་སྤྲུལ་པར་འགྱེད༔ ཤ་ཁྲག་གཏོར་མ༴ དགྲ་ལ་མཛེ་ཤུ་ཕོལ་འབྲས་ཐོང་༔ ཧཱུྃ༔ སྲིད་པ་གསུམ་ལ་དབང་བྱེད་ཅིང་༔ བར་སྣང་ཁམས་ནས་རྩལ་འབྱིན་པའི༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱིས༔ དམ་ཉམས་དགྲ་བོའི་ཤ་དང་ཁྲག༔ སྨན་རཀ་གཏོར་མ་འདོད་ཡོན་སྐྱེམས༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ (ཅེས་བསྐུལ་ལོ། །ཞེས་པའང་དག་འདོན་ཁ་སྐོང་དུ་བསྡེབས་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།)