DJYD-KABUM-15-BA-020
DJYD-KABUM-15-BA-020
༄༅། །བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་ཕྲིན་ལས་ འགོང་པོ་ཨར་ལ་གཏད་པའི་ལས་ཁྲིགས་འཆོར་མེད་ དུས་ཀྱི་ཞགས་པ་ཞེས་བྱ་བ་བཞུགས་སོ། །
(1བ)ན་མོ་མཧཱ་གུ་རུ་བཛྲ་ཀྲོ་ངྷ་ལོ་ཀོཏྟ་རཱ་ཡེ།(ཡི་དམ་གྱི་བསྙེན་སྒྲུབ་ལས་སུ་རུང་ཞིང་ལྟ་སྒོམ་གདིང་དང་ལྡན་པའི་སྔགས་པ་བསྟན་འགྲོའི་དོན་ལ་ལྷག་བསམ་སེམས་བསྐྱེད་ལྡན་པས་འགོང་པོ་ཨར་ལ་གཏད་པའི་ལས་སྦྱོར་རྩོམ་པ་སྐབས་སུ་བབས་པ་ན། ཕུང་ས་སྣ་ཚོགས་ལས་གྲུབ་པའི་མཎྜལ་སྟེགས་བུ་གྲུ་བཞི་པའི་དབུས་སུ་བྲུབ་ཁུང་རྒྱར་ཁྲུ་གང་པའམ་མཐོ་གང་བ། རྒྱའི་ཕྱེད་ཚད་ཀྱི་དཔངས་ལ་བང་རིམ་གསུམ་པ། ཕྱི་རོ་སོལ་གྱིས་ནག་པོ་དང་། ནང་གྲི་ཁྲག་སོགས་ཁྲག་སྣས་དམར་པོར་བྱུགས། ཁ་ཁྱེར་ལ་དྲག་པོའི་རྩང་ཕུར་སྟོད་སྨད་གྲི་ཁྲག་དང་བཙག་གིས་དམར་པོར་བྱུགས་ཤིང་། རྐེད་པ་རོ་སོལ་གྱིས་ནག་པོར་བྱུགས་པ་ཉེར་གཅིག་སྲིན་མོ་འགྲོས་སུ་བཙུགས་པའམ། བསྡུ་ན་བྲུབ་ཁུང་(2ན)རྐྱང་པ་ཙམ་གྱིས་ཀྱང་ཆོག །གང་ལྟར་ཡང་དེར་དུག་ཤོག་ལ་དུག་ཁྲག་གིས་ལིངྒ་མི་གཟུགས་དགུ་སྤྱི་ལྟར་བྲིས་པ་ལ། མགོ་བོ་རིམ་པར་སྤྱང་ཀི ། བྲ་བ། མི། བྱ། བྱི་ལ། རྔ་མོང་། ཁྱི། སྤྲེའུ། རི་བོང་རྣམས་ཀྱི་གདོང་པ་ཅན་དང་། སྙིང་གར་ཛ་ཁ་སྤྲོད་ཀྱི་བར་དུ་ཏྲི། མཐའ་བསྐོར་དུ། མཱ་ར་ཡ་རྦད༔ ཏྲིག་ནན་ཛཿཛཿ འཁྲུགས་བྱེད་ཀྱི་འགོང་པོ་སྤྱང་མགོ་ཅན་ཐུཾ་ཤད་ལིང་མྱོག་ཛཿཧཱུྃ་བྃ་ཧོ༔ གཟུགས་ཀྱི་ཕྱི་རོལ་དུ། འཁྲུགས་བྱེད་ཀྱི་འགོང་པོ་སྤྱང་མགོ་ཅན་དུར་དུར༔ མྱོག་མྱོག༔ ཐུཾ་ཐུཾ༔ ཨ་ཀྲག་ཀླག་ཀླག༔ རྦད་རྦད༔ ཅེས་བྲི། དེ་བཞིན་དུ་རིམ་པར། ལོ་ཉེས་གཏོང་བའི་འགོང་པོ་བྲ་པའི་མགོ་ཅན། མི་ནད་གཏོང་བའི་འགོང་པོ་མིའི་མགོ་ཅན། ཕྱུགས་ནད་གཏོང་བའི་འགོང་པོ་བྱའི་མགོ་ཅན། ཆག་སྒོ་ངན་པ་(2བ)གཏོང་བའི་འགོང་པོ་བྱི་བའི་མགོ་ཅན། ལྟས་ངན་གཏོང་བའི་འགོང་པོ་རྔ་མོང་མགོ་ཅན། དམ་ཉམས་གཏོང་བའི་འགོང་པོ་ཁྱིའི་མགོ་ཅན། དབྱེན་སྦྱོར་གཏོང་བའི་འགོང་པོ་སྤྲེའུའི་མགོ་ཅན། བསེ་རག་གཏོང་བའི་འགོང་པོ་རི་བོང་མགོ་ཅན། ཞེས་པ་རྣམས་སུ་བསྒྱུར་བ་དང་། ཡན་ལག་བཞིར་ཛཿཧཱུྃ་བྃ་ཧོ༔ སྤྱི་བོར་ཏྲིག་ནན་སོགས་གནས་ཡིག་རྣམས་ལིངྒ་སྤྱི་ལྟར་བྲི། ལྷ་ཁང་ཞིག་རལ་སྡེ་འཁྲུགས་རི་རུད་ཕུང་ཤུལ་འདྲེ་ཅན་གྱི་ས་དང་། ཁྱི་བྱ་སྤྲེ་བྱི་ལའི་ཁྲག་རྣམས་ཀྱིས་བྱུགས། རང་གི་དྲི་མ་སྦྱངས་ལ་བྱད་ཐག་སྔོ་དམར་གྱིས་བསྡམས་ནས་བྲུབ་ཁུང་དུ་བཅུག །ཉེ་ལོགས་ཅི་བདེ་བར་བདག་བསྐྱེད་ཀྱི་མཆོད་པ། སྲུང་མའི་གཏོར་མ་སོགས་དང་། ཐུན་གཏོར་ཟུར་གསུམ་མཚེ་ཡུངས་རྩང་དང་ཁྲག་གིས་བརྒྱན་པ། ཐོད་ངན་དུ་བླུགས་པའི་ཐུན་རྫས་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། བདག་གི་རྣལ་འབྱོར་གྱི་གཞུང་བསྲངས་ཏེ་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་སྔོན་དུ་འགྲོ་བས། ཐོག་མར་ཐུགས་དམ་བསྐུལ་བ་ནི།)ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ པདྨ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ ཁྲག་འཐུང་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ བཞེངས་ཤིག་རྔ་ཡབ་ལངྒའི་གླིང་ནས་བཞེངས༔ དགོངས་ཤིག (3ན)སྙིགས་མའི་སེམས་ཅན་དོན་ལ་དགོངས༔ གཤེགས་ཤིག་བོད་ཀྱི་རྗེ་འབངས་དོན་ལ་གཤེགས༔ དུས་གསུམ་བདེ་གཤེགས་ཡི་དམ་ལྷ་ཡི་ཚོགས༔ པདྨ་དྲག་པོ་རིག་འཛིན་མཁའ་འགྲོ་དང་༔ ཆོས་སྐྱོང་སྲུང་མ་དམ་ཅན་གཞི་བདག་རྣམས༔ མཐུ་རྩལ་དཔུང་བསྐྱེད་བདག་གི་བསམ་པ་སྒྲུབས༔ སངས་རྒྱས་བསྟན་པ་སྙིགས་མའི་མཐའ་ལ་ཐུག༔ བདུད་ཀྱི་སྤྲུལ་པས་འཛམ་གླིང་ཁྱབ་པར་འདུལ༔ བོད་ཡུལ་འདི་ན་སྡུག་བསྔལ་ཁྲག་མཚོ་བརྡོལ༔ ཁྲི་སྲོང་ལྡེའུ་བཙན་གདུང་བརྒྱུད་དམངས་སུ་འབེབས༔ དབེན་གནས་དགོན་པོ་རྣམས་སུ་ཇག་ཆོམས་བྱེད༔ དམག་དཔུང་འཇིགས་པས་སེམས་ཅན་གྱོད་ལ་འབེབས༔ བདུད་དང་འགོང་པོས་སྡེ་དཔོན་ཁ་ལོ་བསྒྱུར༔ དམ་ཆོས་ཚུལ་བཞིན་བྱེད་དུ་བར་ཆོད་བྱས༔ དམ་ཚིག་ཚུལ་བཞིན་བསྲུང་དུ་མ་སྟེར་རོ༔ དམ་ཅན་བཀའ་སྲུང་མཆོད་དུ་མ་སྟེར་རོ༔ ཆོས་རྒྱལ་མངའ་ཐང་རྒྱས་སུ་འབངས་མགོ་རྒོད༔ བོད་ཁམས་སེམས་ཅན་བདེ་རུ་དམག་འཁྲུགས་དར༔ ཧཱུྃ༔ བདེ་བར་གཤེགས་པའི་དགོངས་པ་སྤྲིན་ལྟར་གཏིབས༔ ཁྲོ་(3བ)བོ་འཇིགས་པའི་གད་མོ་འབྲུག་ལྟར་སྒྲོག༔ འགྲོ་ལ་བརྩེ་བའི་ཐུགས་རྗེ་གློག་ལྟར་འཁྱུག༔ བྱིན་རླབས་མཐུ་རྩལ་དྲག་པོ་ཐོག་ལྟར་ཕོབ༔ བདུད་དང་འགོང་པོ་དམ་སྲི་ཤ་ཟ་དང་༔ ཕུང་བྱེད་གདོན་གྱི་རིགས་རྣམས་ཐལ་བར་རློག༔ དུག་ལྔ་འཆོལ་ཉོག་རང་རྒྱུད་འཁྲུགས་པའི་མི༔ བདུད་ཀྱི་སྡེ་དཔོན་རྒྱལ་ཕྲན་ཆམ་ལ་ཕོབ༔ ལས་ངན་རྔམ་སེམས་མེ་ལྟར་འབར་བ་ཡི༔ དམག་དཔོན་དམག་མིའི་རང་གཤེད་རང་ལ་ཕོབ༔ སངས་རྒྱས་བསྟན་པ་བཤིག་པའི་གདོན་བགེགས་དང་༔ ཆོས་རྒྱལ་དམངས་སུ་འབེབས་པའི་དགྲ་བོ་དང་༔ བོད་ཁམས་ཕུང་བར་བྱེད་པའི་འགོང་པོ་དང་༔ རྣལ་འབྱོར་བདག་ལ་སྡང་བའི་དགྲ་བགེགས་ཀུན༔ ཡིད་ཀྱི་བསམ་སྦྱོར་ངན་པ་སྨྱོ་རུ་ཆུག༔ ངག་གི་སྨྲ་བ་ལྐུགས་ཤིང་བརྒྱལ་དུ་ཆུགས༔ གདོས་བཅས་ལུས་ཀྱི་ཕུང་པོ་མྱུར་དུ་སྒྲོལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ (དེ་ནས་སྨད་ལས་བཞིན་གསེར་སྐྱེམས་གཏོང་ཞིང་གཟུ་དཔང་གསོལ།) བྲུབ་ཁུང་བསྐྱེད་པ་གཞུང་ལྟར་ལ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་བསྟན་འགྲོའི་ལེགས་ཚོགས་འཕྲོག་པར་བྱེད་པའི་གདོན་བགེགས་ཐམས་ཅད་འདུས་པའི་ངོ་བོ་ར་ཙ་ཏྲི་ལས་(4ན)ཕུང་བྱེད་འགོང་པོ་སྤུན་དགུ་མིའི་གཟུགས་ལ་སྤྱང་ཀི་བྲ་བ་མི་དང་བྱ་དང་བྱི་ལ་རྔ་མོང་ཁྱི་སྤྲེལ་རི་བོང་རྣམས་ཀྱི་གདོང་པ་ཅན། ལུས་གཅེར་བུ་རིད་པ་(སོགས་དང་། བདེན་སྟོབས་ཀྱི་ཚེ།)བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། སྤྱིར་སངས་རྒྱས་བསྟན་པའི་སྤྱི་བགེགས། དཔལ་ལྡན་བླ་མའི་སྐུ་བགེགས། སེམས་ཅན་ཡོངས་ལ་འཚེ་བར་བྱེད་ཅིང་། ཁྱད་པར་རྣལ་འབྱོར་པ་བདག་ཅན་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་འཚེ་བསམ་ངན་སྦྱོར་རྩུབ་འཆང་བའི་རྒྱལ་འགོང་དམ་སྲི་བོད་ཁམས་ཕུང་བྱེད་ཀྱི་འགོང་པོ་སྤུན་དགུ་རྒྱ་འདྲེའི་ཚོགས་དང་བཅས་པའི་ཚེ་སྲོག་ཡིད་གསུམ། གནམ་ས་བར་སྣང་། ཉི་ཟླའི་གོ་བར། ཆོས་བོན་སྲུང་མའི་སྐྱབས་འོག་གང་ན་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །(སྒྲུབ་སྔགས་གཟིར་སྔགས་དང་བཅས་པའི་ཤམ་བུར།) སརྦ་ར་ཙ་ཏྲི་ཨ་ཀརྵ་ཡ་ཛཿཏྲི་ཡཾ་ཛཿ ཛཿཧཱུྃ་བྃ་ཧོཿ (ཞེས་བསྒྱུར་བ་ལན་གསུམ་བདུན་ཉེར་གཅིག་སོགས་དང་།)ཕུང་བྱེད་འགོང་པོ་སྤུན་དགུའི་བླ་ཤ་རེ་མ་ཏི་(སོགས་བླ་འགུགས་ཀྱི་སྔགས་བརྒྱ་རྩ་སོགས་ཀྱིས་བཀུག་མཐར་འགུགས་འཆིང་སྡོམ་མྱོས་ཀྱི་ལས་བསྐུལ། ཐུན་གཏོར་ལ་གོང་བཞིན་(4བ)དམིགས་བྱ་དགུག་བསྟིམ་བྱས་ཏེ་བདུད་རྩིར་སྦར་བ་སྔགས་ཀྱིས་སྟོབ་ཅིང་།) ཧཱུྃ། བདུད་འདུལ་དབང་དྲག་ཆེན་པོ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིང་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི ། ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །རྒྱལ་ཁམས་ཕུང་བྱེད་འགོང་པོ་སྤུན་དགུའི་སྡེ། །བདུད་ཀྱི་དཔུང་ཚོགས་མ་ལུས་ཆམ་ལ་ཕོབ། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །(ཅེས་འབུལ། ཚུལ་དེ་ལྟ་བུའི་རིམ་པས་ཁུག་རྟགས་མ་བྱུང་གི་བར་དུ་བརྩོན་པར་བྱ་སྟེ། ཇི་སྐད་དུ། འགོང་པོ་ཤར་གྱི་ཕྱོགས་ནས་འབྱུང་༔ ཤར་ནས་འགུགས་འདྲེན་ཡང་ཡང་བྱ༔ ཕྱག་རྒྱ་བཞི་སྤྲོས་ཏིང་འཛིན་སྤར༔ དམིགས་པའི་རྟེན་ལ་ཡང་ཡང་བསྟིམ༔ ཞེས་དང་། སྲོད་དང་ཐོ་རངས་སྐར་ཆེན་དུས༔ དགུག་གཞུག་དྲག་ཏུ་བྱ་ཞིང་བསྟིམ༔ ཞེས་སོ། །དེ་ནས་ཨར་གཏད་གཟིར་བའི་ལས་དངོས་ལ། གོང་གི་འགུགས་འཆིང་སྡོམ་མྱོས་ཀྱི་ལས་བསྐུལ་མ་ཐག་(5ན)པ་དེར།) ལིངྒ་འགོང་པོ་དངོས་སུ་གསལ༔ སྙིང་གར་གནམ་ལྕགས་འཁོར་ལོ་ནི༔ རྩིབས་བརྒྱད་རྣོ་དབལ་སྤུ་གྲིའི་རྩེར༔ ལྕགས་སྡིག་ཚྭ་ཚྭ་འཕྲོ་བར་གྱུར༔ རང་གི་ཐུགས་ནས་འབར་བའི་འོད༔ མེ་དཔུང་རླུང་ནག་རབ་འཕྲོས་པས༔ འཁོར་ལོ་གཡས་སུ་ཤུགས་དྲག་འཁོར༔ སྲོག་རྩ་བཅད་དེ་སྙིང་ཁྲག་ལྷུང་༔ ལྕགས་སྡིག་ཚོགས་ཀྱིས་ཁྲག་ལ་འཇིབས༔ དེ་རྣམས་ངར་སྐྱེས་ཤ་རུས་ཀུན༔ ལྷག་མེད་ཧབ་ཧབ་ཟོས་པར་གྱུར༔ (ཅེས་དམིགས་ལ་རྩ་སྔགས་གཟིར་ཤམ་ཅན་མཐར།) ཕུང་བྱེད་འགོང་པོ་སྤུན་དགུ་མཱ་ར་ཡ་རྦད༔ ཏྲིག་ནན་ཛཿཛཿདུར་དུར༔ མྱོག་མྱོག༔ ཐུཾ་ཐུཾ༔ ཨ་ཀྲག་ཀླག་ཀླག༔ རྦད་རྦད༔ (ཅེས་རིག་པ་ངར་དང་ལྡན་པས་ཐུན་རེ་ལ་དགུ་བརྒྱ་རེ་ལས་མི་ཉུང་བ་བཟླ་ཞིང་ཐུན་རྫས་ལ་ངར་བཏགས་ནས།) ཧཱུྃ༔ ཁྲག་འཐུང་ཁྲོས་པ་དྲག་པོའི་མཚོན༔ (ཞེས་སོགས་ཀྱིས་ཐུན་དབབ། ཚུལ་དེ་ལྟ་བུས་འགོང་པོ་ཐུལ་བའི་རྟགས་མ་བྱུང་གི་བར་དུ་བརྩོན་པར་བྱ་སྟེ། ཇི་སྐད་དུ། བནྡྷེ་བཟུང་དང་ཁྱི་དཀར་བསད༔ ལྷ་ཁང་བཅོམ་དང་བུད་མེད་བསད༔ དེ་སོགས་ཐུལ་བའི་རྟགས་མཐོང་ན༔ ཞེས་སོ། །དེ་ནས་རྗེས་མཐའ་བསྡུ་བ་ལ། གོང་གི་ཐུན་དབབ་མ་ཐག་པ་དེར་ལིངྒ་ལ་ཕུར་བུས་གཟིར་ཞིང་ལས་བྱང་གི་ཚོགས་ཐ་མའི་སྐབས་ལྟར།) ཧཱུྃ༔ ང་ནི་རྡོ་རྗེ་གྲོ་བོ་ལོད༔ (སོགས་ཀྱིས་ཚེ་ཁྲུས་ཀྱི་དགོངས་(5བ)པས་རྣམ་ཤེས་དབྱིངས་སུ་བསྒྲལ། རྣམ་སྨིན་བག་ཆགས་ཀྱི་ཕུང་པོ་རྡུལ་ཕྲན་དུ་བཏང་བར་བསམ་ལ། སྤྲེའུ་ཁྱི་དཀར་སྤྱང་ཀི་ཡི༔ ཐོད་པར་འགོང་པོའི་ལིངྒ་གཞུག༔ ཅེས་པས། ཐོད་པ་དེ་གསུམ་གང་འབྱོར་གྱི་ནང་དུ་ཤོག་ལིང་མནན་ཆས་སྤྱི་ལྟར་བྱས་ཏེ། ལུང་པ་གསུམ་གྱི་འཛོམས་སུ་མནན༔ ཞེས་པ་ལྟ་བུའི་ས་མིག་ཏུ་མནན་པའི་སྐབས་བཞིན་ལས་ཀྱི་མཐའ་བསྡུ་བའམ། སྐབས་འགའ་ཞིག་ཏུ་སྲེག་པས་མཐའ་བསྡུ་བར་འདོད་ནའང་རུང་བས་དེའི་ཚུལ་རྒྱས་པར་དྲག་སྲེག་གི་སྐབས་བཞིན་དང་། ཤིན་ཏུ་བསྡུ་ན། ཚེར་མ་ཅན་གྱི་ཤིང་ལ་ཐབ་གྲུ་གསུམ་དུ་བརྩིག །སྨན་རཀ་གཏོར་མ་ཉེར་སྤྱོད། ཡུངས་ཀར་ལ་དུག་ཁྲག་བཏབ་པ་མར་ཁུས་སྦགས་པ་སོགས་བཤམ། གདོལ་བཤན་ནམ་ཡུགས་སའི་མེས་ཧོམ་སྦར།) སྟོང་པའི་ངང་ལས་དྲག་པོའི་ཐབ་ཁུང་གྲུ་གསུམ་པ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བདུད་འདུལ་ཆེ་མཆོག་རྡོ་རྗེ་གྲོ་ལོད་རྩལ་གྱི་ལྷ་ཚོགས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་དུ་གསལ་བ་ཁྲོས་པའི་ཞལ་གནམ་ས་ཙམ་དུ་གདངས་ཏེ་བསྲེག་བྱ་ཟ་བའི་ལས་ལ་རྔམས་པར་གྱུར།(ཅེས་གསལ་བཏབ་ནས་སྔགས་ཙམ་གྱིས་མཆོད་ཅིང་ཤླཽ་ཀས་བསྟོད། ཧཱུྃ༔ ཡེ་ཤེས་བསྐལ་མེ་འབར་བའི་ཧོམ་ཁུང་དུ༔ ཟིལ་གནོན་ཁྲོ་རྒྱལརྡོ་རྗེ་གྲོ་ལོད་རྩལ༔ ཁྲག་འཐུང་སྤྲུལ་པའི་ཕོ་ཉར་བཅས་པ་ལ༔ དམ་སྲི་འགོང་པོ་གནོད་བྱེད་གདོན་བགེགས་ཀྱི༔ (6ན)དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འབུལ༔ དོན་སྙིང་ནང་ཁྲོལ་དབང་པོའི༴ ཕུང་ཁམས་སྐྱེ་མཆེད་བཀྲག་མདངས༴ བླ་ཚེ་སྲོག་དབུགས་དབང་ཐང་༴ ཡུལ་མཔར་ལོངས་སྤྱོད་འཁོར་བཅས༴ བཞེས་རིག་རོལ་ཅིག་ལྷག་མེད་ཁ་རཾ་ཁཱ་ཧི༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་སརྦ་དུཥྚཾ་ཧཾ་ཤཾ་ཏྲི་ཛྭ་ལ་རཾ༔ འགོང་པོ་སྤུན་དགུ་འཁོར་དང་བཅས་པ་མཱ་ར་ཡ་ཁ་རཾ་ཁཱ་ཧི༔ (ཞེས་བརྒྱ་རྩ་སོགས་ཕུལ་ཞིང་ཤོག་ལིང་ཧོམ་དུ་བསྲེགས་པས་ལྷག་མེད་དུ་སོང་བར་མོས།)མཐར་མེ་ལྷ་འབར་བའི་རྣམ་པར་གྱུར་པར་(བསམ་ལ། ལས་གསོར་མི་རུང་བ་བྲོ་བརྡུང་གིས་མཐའ་བསྡུ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་ཡང་ཇི་སྐད་དུ། དུས་མཐར་འགོང་པོས་བོད་ཁམས་འདུལ༔ དེ་ཚེ་འགོང་པོ་ཨར་གཏད་འདི༔ བྱང་སེམས་ལྡན་པས་ཡང་ཡང་བྱ༔ བསྟན་པ་ཡུན་དུ་རྒྱས་པར་འགྱུར༔ ཞེས་དང་། འདི་ལྟར་ཚུལ་བཞིན་གནད་ལྡན་ན༔ འགོང་པོའི་ཆོ་འཕྲུལ་རྩུབ་འགྱུར་ཞི༔ བོད་ཁམས་བདེ་སྐྱིད་ངེས་པར་འབྱུང་༔ དུས་ལ་བསྔགས་པའི་གདམས་པ་སྟེ༔ ཟབ་པའི་ལས་མཐའ་ཡང་དག་གོ༔ ཞེས་གསུངས་པ་ལྟར་རོ། །ཞེས་པའང་བསྟན་འགྲོ་སྤྱིའི་རིམ་གྲོ་ལ་འདི་ལྟར་རྩོམ་པ་སྐབས་སུ་བབས་པ་ན་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིལ་གནོན་གྱི་ལོ་དྲག་པོའི་ལས་ལ་བསྔགས་པའི་(6བ)ཉིན་མོའི་ཐུན་གཅིག་ལ་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་མོན་གྱི་སྔགས་སྟོན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །། ཛ་ཡནྟུ།། །།)