DJYD-KABUM-15-BA-026

From Dudjom Wiki
Revision as of 05:15, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-15-BA-026

༄༅། །བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་ཡིག་ དངོས་གྲུབ་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

(1བ)ན་མོ་མཧཱ་གུ་རུ་བཛྲ་ཀྲོ་ངྷ་ལོ་ཀོཏྟ་རཱ་ཡེ། ཁྲག་འཐུང་དབང་དྲག་འཆོལ་བའི་ཁྲོ་རྒྱལ་ཆེན་པོ་བསྙེན་པའི་ལས་རིམ་ལ་འཇུག་པར་འདོད་པས། དབེན་ཅིང་ཤེས་པའི་སྒྲུབ་ཁང་གི་ཕུག་ལོགས་སོགས་གང་དུ་བྱ་བའི་གཞིར་མཎྜལ་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ་ཚུལ་བཞིན་བྲིས་པའི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ། འབྲུ་ནག་ཛ་གད་ཀྱིས་གཤེར་བས་ཚོམ་བུ་ལྷ་གྲངས་བཀོད་པའི་ཁར་འཕྲུལ་སྟེགས་ལ་བརྟེན་པའི་སྒྲུབ་ཐོད་དུམ་བུ་གཅིག་པ་འབྲུ་སྨན་བཀང་བར་ལྕགས་སམ་ཙནྡན་ནམ་སེང་ལྡེང་གི་སྒྲུབ་ཕུར་ཚད་ལྡན་གྱིས་དར་སྣའི་ཅོད་པན་ཅན་བརྟན་པར་གཟུག་ཅིང་དེ་དང་ལྷན་དུ་དམ་ཞིཚིག་གི་སྣང་བརྙན་(2ན)ཀྱང་འགོད། དེའི་མདུན་རྒྱབ་གང་བདེར་གཏོར་མ་སྨན་རཀ་ཞི་དྲག་གི་ཆུ་གཉིས་ཉེར་སྤྱོད་ལྔ་རྣམས་དང་། གཞན་ཡང་ཆོས་སྐྱོང་དང་གཏེར་སྲུང་གཞི་བདག་གི་གཏོར་མ། ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བའི་རིགས་རྣམས་ཕུན་སུམ་ཚོགས་པར་འདུ་བྱས་ལ། ཡར་ངོའི་ཚེས་བཅུ་ལྟ་བུའི་དུས་ཚེས་བཟང་པོའི་དགོང་ཐུན་གྱི་ཆར་སྐྱབས་སེམས་སྔོན་དུ་འགྲོ་བས་གཞི་བགེགས་ལ་གཏོར་མ་བཏང་ཞིང་བགེགས་བསྐྲད་དེ་སྒོ་དྲུང་དུ་ཐོ་བརྩིགས་པར་རྒྱལ་ཆེར་སྡེ་བཞི་བསྐྱེད་བསྟིམ་རབ་གནས་བྱས་ལ་མཚམས་དམ་པར་བཅད་ནས་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། བྱིན་འབེབས་དང་མཆོད་པ་བྱིན་བརླབ་མཐར། དངོས་གཞི་(2བ)བདག་མདུན་སོགས་ཀྱི་ཐ་སྙད་ལས་འདས་པ་ཨ་ཏིའི་རྣལ་འབྱོར་གྱི་གསང་བ་ཁོང་དུ་ཆུད་པའི་སྒོ་ནས་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་སྐད་ཅིག་དྲན་རྫོགས་ཆེན་པོར་གསལ་གདབ། བཟླས་པའི་སྐབས་སྤྱིར་མཚན་མའི་བསྙེན་པ་ནི་རྟགས་ཀྱི་རིམ་པ་ཁོ་ན་དང་སྦྱར་བ་ལས་གྲངས་མི་གཙོ་ལ། གྲངས་ཀྱི་བསྙེན་པ་ནི་འབུམ་ཕྲག་བཞི་དང་། དེའི་བཞི་འགྱུར་སོགས་སྔགས་ཀྱི་ནུས་པ་ཐོབ་ཀྱི་བར་དང་། དུས་ཀྱི་བསྙེན་པ་ནི་ཟླ་བ་དྲུག་གམ་གསུམ་མམ་གཅིག་གིས་མཐའ་བརྟེན་པ་སྟེ། སྤྱིར་བཏང་བསྙེན་འབྲེལ་ཟླ་བ་གཅིག་ལ་མཚོན་ན། བདུན་དང་པོར་སྔགས་ཀྱི་དམིགས་པ་དང་པོ་དང་སྦྱར་ཏེ་ཧཱུྃ་སུམ་སྦྲེལ་ཁོ་ན་གཙོ་བོར་བཟླ། བདུན་གཉིས་པ་ལ་ཧཱུྃ་བཟླས་ཀྱིས་འགོ་ཅུང་ཟད་དྲངས་པས་དམིགས་གནད་གཉིས་པ་དང་སྦྱར་ཏེ་བསྙེན་སྒྲུབ་ཆིག་དྲིལ་གྱི་སྔགས་གྲོ་བོ་ལོད་ཁོ་ན་བཟླ། བདུན་གསུམ་པ་ལ་བསྙེན་སྒྲུབ་ཅུང་ཟད་ཀྱིས་འགོ་དྲངས་པས། ཕྲིན་ལས་གནད་བྱང་དུ་གསལ་བའི་དམིགས་པ་དང་བཅས་འཁོར་སྔགས་དང་སྡེ་བརྒྱད་སྲོག་སྔགས་ཤམ་བུར་སྦྱར་ཏེ་བཟླ་ཞིང་། ཐུན་གྱི་ཕྱེད་མཚན་མེད་ལས་སྦྱོར་མན་ངག་ལྟར་སྤྱིར་ལས་ལ་སྦྱོར་བའི་དམིགས་གནད་དང་སྦྱར་ཏེ་རྩ་སྔགས་ཀྱི་(3ན)ཤམ་བུར་དྲེགས་པའི་གཟིར་སྔགས་དང་སྤུ་གྲིའི་མཚོན་ཆའི་དྲག་སྔགས་སྦྲེལ་ཏེ་བཟླ། བདུན་བཞི་པར་ཁྱད་པར་སྲུང་ཟློག་བསད་པའི་ལས་ལ་སྦྱོར་བ་སྟེ། ཐོར་ཐུན་ལ་བསྙེན་སྒྲུབ་ལས་སྦྱོར་ཤམ་བུ་དང་བཅས་པ། སྔ་ཐུན་ལ་ཤམ་བུ་ཡན་ཁྱུག་ཙམ་གྱི་རྗེས་སུ་སྲུང་བ་རྡོ་རྗེའི་རྫོང་ཁྲ་བ་ཀྱི་དམིགས་བཟླས། དགོང་ཐུན་ལ་དེ་བཞིན་དུ་ཟློག་པ་གནམ་ལྕགས་ཐོག་གཟེར་གྱི་དམིགས་བཟླས་མཐར་བདེན་སྟོབས་ཐལ་རྡེབ་དང་བཅས་པ། སྲོད་ཐུན་ལ་བསད་པ་སྡིག་པ་སྙིང་འཛིན་གྱི་དམིགས་བཟླས་བསྐུལ་བཅས་བྱ། གང་གི་ཚེ་ནའང་ཐུན་ཐམས་ཅད་ཀྱི་མཇུག་ཏུ་ཨ་ལི་ཀི་ལི་ཡིག་བརྒྱ་སྦྲེལ་བ་ལན་གསུམ་གྱིས་ཉམས་པ་བསྐང་ཞིང་རྟེན་འབྲེལ་སྙིང་པོས་ནུས་པ་བརྟན་པར་བྱས་ལ། སྲུང་འཁོར་མི་བསྡུ་བར་སྦྲ་ཕུབ་པ་ལྟར་བཞག་ནས་རྟེན་དང་བརྟེན་པའི་སྣང་ཆ་ཐམས་ཅད་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་ཐུན་མཚམས་ལ་འཇུག །སྲོད་ཐུན་ཀྱང་དེ་དང་འདྲ་བ་ལས་ཐུན་མཐར་དམ་ཅན་གཏོར་སྐྱོང་དང་། ཚོགས་མཆོད་འབུལ་ཞིང་ལྷག་མ་གཏར་འཛིན། རྗེས་(3བ)བསྡུ་སོགས་སྔར་བཞིན་གྱིས་མཚན་མའི་རྣལ་འབྱོར་ལ་འཇུག ། ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ་སྔོན་འགྲོའི་ཆོས་རྣམས་ནས་བཟུང་ཐུན་གྱི་གཏོང་ལུགས་སྔ་མ་ལྟར་བྱ་ཞིང་། རྒྱུན་གྱི་ཐུན་འགོ་ཐོར་ཐུན་ཡིན་པས་སྔོན་འགྲོ་རྣམས་རྒྱས་པ་དང་། སྲོད་ཐུན་འདི་ཐུན་མཇུག་ཡིན་པས་ཚོགས་མཆོད་སོགས་རྗེས་ཆོག་རྣམས་སྦྲེལ་བ་ཡིན་ལ། དེ་ལྟར་ཐུན་བཞིའི་ཁྲིགས་རིམ་གྱིས་ཉམས་སུ་བླངས་ནས་ནངས་བར་གྲོལ་རྒྱུའི་དེ་རིང་གི་ཉིན་གཅིག་ལ་བསྙེན་སྒྲུབ་ལས་སྔགས་ཁྱུག་ཙམ་རེའི་རྗེས་སུ་མདུན་གྱི་སྒྲུབ་ཕུར་སྐུ་རྟེན་གཏོར་མ་བཅས་རང་དང་ཞལ་སྤྲོད་ཚུལ་གྱི་ལྷར་བསྒོམ་ལ་དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་གྲོ་བོ་ལོད་ཀྱི་སྔགས་ཤམ་དུ། སརྦ་སིངྔྷི་ཕ་ལ་ཧཱུྃ། ཞེས་བཏགས་པ་ལ་བཟླས་པའི་དངོས་གཞི་བྱ། སང་སྔ་ཐུན་ལ་ཚོགས་གཏོར་གསར་པ་རྒྱ་ཆེར་བཤམ། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་དངོས་གྲུབ་བསྡུ་བའི་བཟླས་པ་ཅི་ནུས་དང་། གཏོར་སྐྱོང་ཚོགས་མཆོད་ཀྱི་བར་བྱས་རྗེས་མདུན་རྟེན་ལྷར་གསལ་བ་ལ་མཆོད་ཅིང་བསྟོད། ཡིག་བརྒྱ་མང་དུ་བཟླས་པས་འཁོན་གཅུག་བཤགས་ནས། ཧཱུྃ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་གྲོ་ལོད་རྩལ༔ ཞེས་སོགས་ཀྱིས་བསྐུལ་ལ་དངོས་གྲུབ་བླངས་ཏེ་སྒྲུབ་ཕུར་དང་གཏོར་མ་སོགས་(4ན)གནས་གསུམ་དུ་འཇོག་ཅིང་། ལྷ་འོད་དུ་ཞུ་བའི་དམ་རྫས་ལ་ལོངས་སྤྱད། མཇུག་ཆོག་ཤིས་བརྗོད་ཀྱི་བར་མཐར་དབྱུང་། ཁ་སྐོང་དུ་ཞི་བའི་སྦྱིན་སྲེག་འགྲུབ་ན་མཆོག་དང་། དེ་མིན་སྔགས་ཀྱིས་ཁ་བསྐང་བས་ཀྱང་འཐུས། དེ་ནས་ཐོ་འགྲོལ་ཞིང་གནས་སྲུང་བ་སོགས་ཀྱིས་གྲུབ་བོ། །དེ་ལྟར་འདིར་སྨོས་པ་ནི་ཁྱད་པར་གྱི་སྒོས་ཆོས་བྱེ་བྲག་པ་རྣམས་མདོ་ཙམ་བྲིས་པ་སྟེ། གཞན་དུ་བསྙེན་པའི་སྐབས་ཀྱི་གོ་བ་ར་བྱ་བའི་གནད་རྣམས་སྤྱི་ལྟར་ཤེས་པར་བྱའོ། །ཞེས་པའང་རྩ་བའི་ཆོས་ཀྱི་བདག་པོར་གྲུབ་པ་དཔལ་མིའི་དབང་པོ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་ཐུགས་དམ་ཉམས་བཞེས་ཀྱི་གསལ་འདེབས་སུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསམ་འགྲུབ་ཕོ་བྲང་གི་གནྡྷོ་ལར་ཟིན་བྲིས་སུ་བཏབ་པ་ཛ་ཡནྟུ།། །།