DJYD-KABUM-12-NA-011

From Dudjom Wiki
Revision as of 09:29, 15 July 2024 by Mort (talk | contribs)

DJYD-KABUM-12-NA-011
Wylie title DJYD-KABUM-12-NA-011.pdf
Location bdud 'joms rin po che bka' 'bum
Volume 12, Text 11, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 12: . Kalimpong: Dupjung Lama, 1979-1985.
Side notes   Verso: bdud 'joms yang khros
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཁྲོ་རྒྱལ་ཁམས་གསུམ་རོལ་པ་རྟ་མགྲིན་ཡང་ཁྲོས་ནག་པོ་ (khro rgyal khams gsum rol pa rta mgrin yang khros nag po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rta mgrin,phyag na rdo rje,khyung chen
[edit]
༄༅། །གཏེར་གསར་རྟ་མགྲིན་ཡང་ཁྲོས་ཀྱི་ཆ་ལག་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་བསྙེན་སྒྲུབ་དབང་བསྐུར་དང་བཅས་པ་གདོན་འདུལ་གནམ་ལྕགས་ཞུན་ཐིག་ཅེས་བྱ་བ་བཞུགས་སོ། །

(1བ)ན་མོ་གུ་རུ་ཧྱ་གྲཱི་བ་ཡེ། ཆོས་དབྱིངས་་ཞི་ལས་རྣམ་འགྱུར་ཧེ་རུ་ཀའི། །སྐུར་བཞེངས་མ་རུངས་གདུག་པ་ཚར་གཅོད་པ། །བླ་མ་དབང་ཆེན་ལྷ་ལ་གུས་བཏུད་ནས། །བསྙེན་སྒྲུབ་ཕྲིན་ལས་ལམ་བཟང་དབྱེ་བར་བྱ། །(འདི་ལ་གཉིས། རང་དོན་བསྙེན་སྒྲུབ་ཀྱི་ཆོ་ག་དང༌། གཞན་དོན་དབང་བསྐུར་གྱི་བྱ་བའོ། །) (དང་པོ་ནི། སྦྱོར་བ་མདུན་སྟེགས་ཁེབས་ལྡན་གྱི་ཁར་རིན་པོ་ཆེའི་སྣོད་དུ་དཔལ་གྱི་གཏོར་མ་པད་འདབ་མཐེབ་ཀྱུས་བསྐོར་བ་རྒྱན་སྤྲོས་ཅན་དང༌། གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་བཅས་བཤམ། ཕྲིན་ལས་དངོས་ལ་སྔོན་དངོས་རྗེས་གསུམ་ལས།) (དང་པོ་སྔོན་འགྲོའི་ཐོག་མར་སྐྱབས་སེམས་ནི།) རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རྟ་ཕྱག་ཁྱུང་གསུམ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་(2ན)བཛྲ་མཱ་ཛཿ(ས་སད་པའི་སྤྱན་སྔར།) ན་མོ༔ དཀོན་མཆོག་རིན་ཆེན་རྣམ་གསུམ་དང་༔ དྲག་པོའི་སྐུ་གསུང་ཐུགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ (ལན་གསུམ།) སྤྲོ་ན། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། (སོགས་ཀྱིས་ཚོགས་བསགས།) ཛཿཧཱུཾ་བཾ་ཧོ(ས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། བགེགས་གཏོར་ཡོད་ན།) རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ་ཧོཿ(ས་བརླབ།) ཨོཾ་སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛ(ས་མགྲོན་བཀུག །)ཨོཾ་སརྦ་བིགྷྣཱན་བ་ལིངྟ་ཁཱ་ཧི༔ (ལན་གསུམ་གྱིས་བསྔོས་ལ།) ཧཱུཾ༔ མ་རིག་གཟུང་འཛིན་རུ་ཏྲ་ཀུན༔ བདག་མེད་ཆེན་པོར་དེངས་ཤིག་ཕཊ༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་ལོག་འདྲེན་མིང་(2བ)ཡང་མེད༔ ཨུ་ཙ་ཏ་ཡ་ཕཊ༔ (བགེགས་གཏོར་ཕྱི་རོལ་དུ་དོར།) ཛྙཱ་ན་ཙཀྲ་རཀྵ་ཧཱུྃ༔ (ཞེས་སྲུང་འཁོར་བསྒོམ། བྱིན་དབབ་ཅིང་མཆོད་རྫས་བྱིན་བརླབ་ནི།) ཧཱུྃ༔ ཡེ་ཤེས་རོལ་པའི་དཀྱིལ་འཁོར་འདིར༔ རྡོ་རྗེ་གསུམ་གྱི་བྱིན་ཆེན་ཕོབ༔ ཡུལ་དྲུག་འདོད་ཡོན་མི་ཟད་གཏེར༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ཨ་བེ་ཤ་ཡ་ཨཱ༔ མ་ཧཱ་སརྦ་པཉྩ་པཱུ་ཛ་གྷ་ཎ་ཙཀྲ་ཧོཿ (གཉིས་པ་དངོས་གཞི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི།) ཨ༔ རྣམ་ཐར་གསུམ་ལྡན་བཙུན་མོའི་མཁའ༔ ཁྱབ་བརྡལ་སྙིང་རྗེ་ཆེན་པོར་བརྡལ༔ ཐབས་ཤེས་སྙིང་པོ་ཧྲཱིཿ་ཡིག་ལས༔ འོད་འཕྲོས་ཡེ་ཤེས་ལྔ་ལྡན་ཀློང་༔ གཟའ་ཀླུ་སྡེ་བརྒྱད་བསྣོལ་བའི་ཁྲིར༔ པདྨ་ཉི་མའི་གདན་སྟེང་དུ༔ ཧྲཱིཿ་ལས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་དབང་ཆེན་རྟ་མགྲིན་ནི༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རལ་གྲི་གཡོན་སྦྲུལ་ཞགས༔ ཁྲོ་གཏུམ་རྔམ་བརྗིད་བལྟར་མི་བཟོད༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་བསྒྲད༔ ཁམ་ནག་རལ་པའི་སྐྲ་གསེབ་ཏུ༔ རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ ཐུགས་ཀར་པདྨ་ཉི་གདན་ལ༔ གསང་བདག་རྡོ་རྗེ་གཏུམ་པོ་མཐིང་༔ ཕྱག་གཡས་རྡོ་རྗེ་གཡོན་སྦྲུལ་ཞགས༔ (3ན)ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་པ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ དབང་དྲག་འབར་བའི་སྤྱི་བོ་རུ༔ ཁྲོ་ཆུ་ཞུན་མ་ལས་གྲུབ་པའི༔ ཡེ་ཤེས་བྱ་ཁྱུང་ཀླུ་གདོན་ཟ༔ སྤྱན་གསུམ་ཉི་མའི་ཟེར་ལྟར་འབར༔ གཤོག་པས་ཉི་ཟླ་ཙོག་པོར་འཕེན༔ ཁྱུང་སྐད་སྒྲོགས་པས་ས་གསུམ་གཡོ༔ ཁྱུང་གི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ དེ་ལྟར་དྲག་པོ་ལྷ་གསུམ་གྱི༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སྐུ་གསུམ་དག་པའི་ཞིང་ཁམས་ནས༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ (ཡེ་ཤེས་ཀྱི་འཁོར་ལོ་བསྟིམ་ཞིང་ཕྱག་མཆོད་བསྟོད་པ་ནི།) ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ པདྨ་དབང་ཆེན་གཤེགས་སུ་གསོལ༔ ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་གཏུམ་པོ་གཤེགས་སུ་གསོལ༔ ཕྲིན་ལས་མངོན་སྤྱོད་དཀྱིལ་འཁོར་ནས༔ ཡེ་ཤེས་ཁྱུང་ཆེན་གཤེགས་སུ་གསོལ༔ ཧྲཱི་ཧཱུཾ་ཁྲོཾ་བྷྱོ་བཛྲ་ས་མ་ཡ་ཛ་ཛཿ ཧོཿ ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་ལྷ༔ གདན་གསུམ་ཚང་བའི་ངོ་བོར་(3བ)བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ འདོད་དགུའི་དཔལ་གྱི་མཆོད་པ་འབུལ༔ ས་མ་ཡ་ཏིཥྛ་ལྷན༔ ན་མོ་པུ་རུ་ཤ་ཡ་ཧོཿ མ་ཧཱ་ཨརྒྷཾ་(ནས་)ཤཔྡ་རཱུ་པ་(སོགས།) སྤརྴེ་མཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བ་ལིངྟ་སརྦ་པཱུ་ཛ་ཧོཿ ཧཱུཾ་ཧྲཱིཿ ཁམས་གསུམ་དབང་སྡུད་དབང་དྲག་རྒྱལ་པོའི་སྐུ༔ འཁོར་འདས་འུབ་ཆུབ་རྡོ་རྗེ་གཏུམ་པོའི་ཐུགས༔ གདུག་པ་འདུལ་མཛད་བྱ་ཁྱུང་འབར་བའི་གར༔ རང་བྱུང་ལྷུན་གྲུབ་ལྷ་ལ་ཕྱག་འཚལ་བསྟོད༔ (བཟླས་པའི་རྣལ་འབྱོར་ནི།) ཧཱུཾ༔ རྡོ་རྗེ་གཏུམ་པོའི་ཐུགས་ཀ་རུ༔ ཉི་ཟླའི་གའུ་ཁ་སྦྱོར་སྦུབས༔ གསང་བའི་སྙིང་པོ་ཧྲཱིཿ དམར་ལ༔ ལྷ་གསུམ་སྙིང་པོ་གཅིག་དྲིལ་བའི༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་བསྒོམ་པ་དང་འདྲ་བའི༔ ཡེ་ཤེས་དཔག་མེད་སྤྱན་དྲངས་བསྟིམ༔ (ཞེས་པའི་དམིགས་གནད་དང་ལྡན་པས།) ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོ་ག་རུ་ཌ་ཡཀྵ་རཀྵ་ཧཱུཾ་ཕཊ༔ (ཅེས་སྤྱི་དྲིལ་རྩ་བའི་བསྙེན་པ་ཉིད་གཙོ་བོར་བཟླ། སྒྲུབ་པ་ནི།) ཧྲཱིཿ ཡང་ཁྲོས་གསང་བའི་དཀྱིལ་འཁོར་ནས༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱི༔ ཐུགས་སྲོག་ཧྲཱིཿ ལ་སྔགས་དྲག་འཁོར༔ རིགས་ཀུན་སྲོག་སྔགས་གཅིག་ཏུ་བསྒྲུབ༔ (ཞེས་དམིགས་ལ་ཙ་སྔགས་བཟླ། ལས་སྦྱོར་ནི།) རང་ཉིད་ལྷ་གསུམ་ཐུགས་ཀ་(4ན)རུཿཧྲཱིཿ ཧཱུཾཿཁྲོཾཿཡིག་གསལ་བ་ལས༔ མེ་དཔུང་སྤྲུལ་པ་དཔག་མེད་འཕྲོས༔ གནོད་བྱེད་ནད་འདྲེ་གདོན་བགེགས་རྣམས༔ བསྲེག་གཏུབ་ཧབ་ཧབ་ཟོས་པ་ཡིས༔ རྗེས་ཤུལ་ཙམ་ཡང་མེད་པར་བསྒོམ༔ ཧྲཱིཿཔདྨ་ཏ་ཀྲིཏ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཌ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ (ཁྱད་པར་ཀླུ་གདོན་འདུལ་བའི་ལས་སྦྱོར་ལ་སྔགས་ཤམ་དུ།) ཨཿཡཿམཿདུཿརུཿཙཿཤཿ་ནཿམཱཿརཿཡཿཕཊ༔ ནཱ་ག་ཙིཏྟ་རྦད་ནན༔ (ཞེས་སྦྱར་ལ་བཟླ། ཐུན་མཐར་སྔགས་ཀྱི་ལྷག་ཆད་སྐོང་བའི་ཕྱིར་དུ་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་གསུམ་རེ་བཟླས་ལ།) ཨོཾ་བཛྲ་ཨརྒྷཾ་(སོགས་དང་གོང་གསལ་ཤླཽ་ཀས་མཆོད་བསྟོད་བྱ།) (གསུམ་པ་རྗེས་ལ་རྒྱུན་གྱི་ཉམས་ལེན་དཀྱུས་སུ་འདི་ནས་འོག་གི་བསྡུ་ལྡང་བསྔོ་སྨོན་ལ་འཇུག་པས་འགྲུབ་པ་ཡིན་ཅིང༌། བསྙེན་སྒྲུབ་སྐབས་ཚོགས་མཆོད་བྱེད་པར་སྤྲོ་ན། ཚོགས་ཀྱི་རྫས་རྣམས་བཤམས་ཏེ། བདུད་རྩིས་བྲན་ལ།) རཾ་ཡཾ་ཁཾ༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ ཡེ་ཤེས་མེ་རླུང་བྱང་སེམས་ཆུས༔ ཚོགས་ཀྱི་དངོས་འཛིན་བསྲེག་གཏོར་བཀྲུས༔ སྣོད་བཅུད་དམ་ཚིག་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ (ཞེས་ལན་གསུམ་གྱིས་བརླབ། ཚོགས་མགྲོན་སྤྱན་འདྲེན་ནི།) ཧཱུཾ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ འབར་བའི་སྐུར་བཞེངས་གཉེན་པོ་སྟོབས་ཀྱི་ལྷ༔ འདོད་ཡོན་ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཡེ་ཤེས་སྒྱུ་མར་རོལ་བཞིན་(4བ)གཤེགས་སུ་གསོལ༔ ཨོཾ་སརྦ་མ་ཧཱ་ཀྲོ་དྷ་རཱ་རྫས་མ་ཡ་ཛ་ཛཿ (དང་པོ་མཆོད་པ་ནི།) ཕྱི་སྣོད་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ༔ ནང་བཅུད་སྣང་བ་སྣ་ཚོགས་གཏོར་མར་བཤམས༔ སྣང་སྲིད་གཞིར་བཞེངས་འདོད་ཡོན་མཆོད་པའི་སྤྲིན༔ དགྱེས་པར་བཞེས་ལ་བྱིན་རླབས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་གྷ་ཎ་ཙཀྲ་པཱུ་ཛ་ཧོཿ (བར་པ་བཤགས་པ་ནི།) ཧོཿ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ ཉོན་མོངས་དབང་གྱུར་དམ་ཚིག་ཉམས་ཆག་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ (ཐ་མ་བསྒྲལ་མཆོད་ནི།) ཨེ་ནྲྀ་ཏྲི་ཛཿཧཱུཾ་བཾ་ཧོཿ ཧཱུཾ་བྷྱོཿ དབྱིངས་ནས་སྐུ་བསྐྱོད་ཁྲག་འཐུང་སྟོབས་ཀྱི་ལྷ༔ དྲག་ཏུ་བསྐུལ་ལོ་འབར་བའི་བརྟུལ་ཞུགས་བསྐྱེད༔ དྲག་བགེགས་འབྱུང་པོའི་རྣམ་ཤེས་དབྱིངས་སུ་སྤོར༔ ཤ་ཁྲག་བདེ་ཆེན་ཚོགས་ཀྱི་མཆོད་པ་བཞེས༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ (དེ་ནས་ཚོགས་རྫས་ནང་གི་བསྲེག་བླུགས་སུ་རོལ་བའི་ལྷག་མ་བདུད་རྩིས་བྲན་ལ།) པཉྩ་ཨ་མྲྀ་ཏ་ཧཱུྃ་ཧོཿ ཧཱུྃ༔ དབང་གི་བཀའ་ཉན་དཀྱིལ་འཁོར་མུ་རན་སྐྱོང་༔ ལྷག་མ་དབང་བའི་མཁའ་འགྲོ་གིང་ལངྐ༔ དཔལ་གྱི་ཕམ་ཕབ་གཏོར་མ་འདི་ལོངས་(5ན)ལ༔ ཞལ་བཞེས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཨོཾ་ཨུ་ཙྪིཥྚ་བ་ལིངྟ་ཁཱ་ཧི༔ (ཞེས་ཕྱི་རོལ་དུ་བསྐྱལ། དེ་ནས་གཏང་རག་གི་མཆོད་བསྟོད་དང༌།) མ་རྙེད་ཡོངས་སུ་མ་ཚང་དང༌། །(སོགས་དང་ཡིག་བརྒྱས་ནོངས་པ་བཤགས། ཚོགས་མགྲོན་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་སུ་གསོལ། བདག་བསྐྱེད།) ཧཱུཾ༔ ཆོས་ཉིད་སྐྱེ་བ་མེད་པ་ལས༔ འགགས་མེད་རྡོ་རྗེ་སྲིན་པོ་ཤར༔ འགགས་པ་ཉིད་ནས་འགགས་མེད་པ༔ སྤྲོས་བྲལ་ཀ་དག་ཀློང་དུའོ༔ ཧཱུཾ་ཧཱུཾ་ཧཱུཾ་(གིས་འོད་གསལ་དུ་བསྡུ།) ཕཊ་ཕཊ་ཕཊ་(ཀྱིས་སླར་ཡང་དབང་ཆེན་ཧེ་རུ་ཀའི་སྐུར་ལྡང་ལ།) བསྔོ་སྨོན་ནི། དགེ་འདིས་མཁའ་མཉམ་སེམས་ཅན་ཀུན། །ཁྲག་འཐུང་པདྨ་ཧེ་རུ་ཀའི། །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །(ཤིས་བརྗོད་ནི།) བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང༌། །དངོས་གྲུབ་ཆར་འབེབས་གཉེན་པོ་སྟོབས་ཀྱི་ལྷ། །དམ་ཅན་རྒྱ་མཚོ་ནོར་ལྷ་གཏེར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་བཀྲ་ཤིས་ཤོག །(ཅེས་པ་རྣམས་ཀྱིས་ཕྲིན་ལས་ཀྱི་རིམ་པ་གྲུབ་བོ། །འདིའི་བསྙེན་སྒྲུབ་ཆེད་དུ་བྱེད་ན། སྦྱོར་བ་གོང་དུ་སྨོས་པ་ལྟར་ལ། དངོས་གཞིའི་ཐོག་མར་གནས་བདག་ལ་དཀར་གཏོང་སྤྱི་འགྲེ་དང་བགེགས་གཏོར་བཏང༌། རྒྱུན་དུ་མ་གྲུབ་ཀྱང་ཆོག །ལས་བྱང་དུས་བཞིར་གཞུང་བསྲང་ལ། ལྷ་ཀླུའི་གསལ་སྣང་དང་དག་དྲན་ང་རྒྱལ་(5བ)བརྟན་པོར་བསླབ། བཟླས་པའི་སྐབས་སུ་གཞུང་གསལ་དམིགས་གནད་དང་སྦྱར་ཏེ་རྩ་བའི་བསྙེན་སྔགས་འབུམ་ཕྲག་ཉེར་གསུམ་དང༌། སྒྲུབ་པ་དེའི་ཕྱེད་ཆ་ནས་ལས་སྦྱོར་བསྙེན་པའི་གསུམ་ཆ་ཙམ་དུ་བཟླ་བ་ནི་གྲངས་བསྙེན་དང༌། སྤྱི་མཐུན་གདོན་བགེགས་ཐུལ་བའི་རྟགས་སོགས་ཐུན་མོང་དང༌། སྐུ་གསུང་ཐུགས་ཀྱི་མཚན་མ་ལ་སོགས་པས་མཆོག་གྲུབ་པའི་རྟགས་མཐོང་བ་ནི་རྟགས་ཀྱི་བསྙེན་ཚད་དང༌། དམིགས་གསལ་གནད་དང་ལྡན་པས་ཟླ་བ་གསུམ་གྱིས་འགྲུབ་པར་གཞུང་ལས་གསུངས་སོ། །དགོངས་ཐུན་བཀའ་གཏེར་སྲུང་མའི་གསོལ་ཁ་གཏོང་འབུལ་བཏང་ཞིང་ཚོགས་མཆོད་སྤྲོ་ན་འདིར་བྱ། བསྙེན་སྒྲུབ་ཐེམས་པ་ན་མཆོད་པ་གསར་དུ་བཤམས་ནས་ཚོགས་མཆོད་རྗེས་ཀྱི་བསྟོད་ཡན་གྲུབ་པ་དང༌། དངོས་གྲུབ་བསྐུལ་ཚིག་སྤྱི་ལྟར་བརྗོད་ཅིང་སྒྲུབ་གཏོར་ལས་དངོས་གྲུབ་བླངས། བཟོད་གསོལ་མན་མཐའ་རྒྱས་སུ་བྱས་པས་གྲུབ་བོ། །)

(གཉིས་པ་གཞན་དོན་སྨིན་བྱེད་ཀྱི་ཆོ་ག་ལ། སྦྱོར་བ་མཎྜལ་ལ་ཚོམ་བུ་གསུམ་བཀོད་པའི་སྟེང་དུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་གཟུངས་རྡོར་བཅས་བཞག །མདུན་དུ་རྟ་ཕྱག་ཁྱུང་གསུམ་གྱི་སྐུ་ཙཀ་སོ་སོ་སྔགས་ཕྲེང་དང་རྡོ་རྗེ། གཡས་སུ་གསང་ཐོད་བདུད་རྩིས་བཀང་བ། རྒྱབ་ཏུ་རྨ་བྱའི་སྒྲོ་མདོངས། གཡོན་དུ་ཤེལ་རྡོ། མདུན་རྒྱབ་གང་བདེར་གཏོར་དཔལ་བཤོས་རྒྱན་སྤྲོས་སྐུ་ཙཀ་དར་གདུགས་ཅན་བཀོད། སྨན་རཀ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམས། གཞན་ཡང་སྔོན་གཏོར་ལས་གསུམ་སོགས་མཁོ་བའི་ཡོ་ཆས་རྣམས་ཚོགས་པར་བྱས་ལ། ལས་བྱང་ལྟར་བདག་མདུན་དབྱེར་མེད་དུ་སྒྲུབ་ཅིང་བཟླས་པའི་ཐོག་མར་འཛབ་ཁང་ཕྱེས་ལ། འོད་ཟེར་སྤྲོ་བསྡུའི་དམིགས་(6ན)བཟླས་ལ།) བུམ་པ་དབང་དྲག་རོལ་པའི་ཕོ་བྲང་དུ། །དབང་ཆེན་དྲག་པོ་ལྷ་གསུམ་གསལ་བ་ཡི། །སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས། །བུམ་བཅུད་བདུད་རྩིའི་དབྱིག་ཏུ་འཁྱིལ་བར་གྱུར། །(ཞེས་དམིགས་ལ་གཟུངས་ཐག་བླངས་ཏེ་བཟླས་པ་ཅི་ནུས་སུ་བྱ། མཐར་མཆོད་བསྟོད་དང༌།) ཨོཾ་ཨཱཿཧཱུྃ་(གིས་དུང་ཆུ་ཕུལ་བས།) བུམ་ལྷ་འོད་དུ་ཞུ་ནས་བུམ་བཅུད་དང་དབྱེར་མེད་དུ་གྱུར་པར་(བསམ་ལ་རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་ཀྱིས་བརླབ། དབང་དངོས་ལ་སློབ་མ་རྣམས་ཁྲུས་ནས་དབྱུང་སྟེ་འཁོད། བགེགས་གཏོར་བསྔོས་ལ་བཀའ་བསྒོ་དང་དྲག་སྔགས་ཀྱིས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྲམ་བསྡུ་བྱས་ལ།) འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དབང་ཆེན་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་རིམ་པ་ཟབ་མོ་ནོད་པར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་ལེགས་པར་གསན་འཚལ། གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་སྐབས་སུ་བབས་པ་ནི། སྙིགས་མའི་དུས་ཀྱི་སེམས་ཅན་རྣམས་ཉོན་མོངས་པ་ཇེ་རགས་དང་དགེ་བའི་རྩལ་ཇེ་དམན་དུ་སོང་བས་ནང་དུ་དུག་ལྔའི་སྟོབས་རྩལ་ཤིན་ཏུ་རྒྱས་པའི་རང་གཟུགས་ཕྱི་རོལ་གཟའ་ཀླུ་རྒྱལ་བསེན་གྱི་ཟ་ཁ་ལྡང་བས་འགྲོ་རྣམས་སྡུག་བསྔལ་གྱིས་འཁྲུལ་འཁོར་ལ་སྦྱོར་བའི་སྐབས་སུ་འདུལ་བྱེད་(6བ)གཉེན་པོའི་ལྷ་མཆོག་སྟོབས་སུ་ཆེ་བ་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་གདམས་སྐོར་མཐའ་ཡས་པ་ཞིག་དཔལ་ཆེན་ཧེ་རུ་ཀ་དངོས་བྱོན་པདྨ་ཐོད་ཕྲེང་རྩལ་གྱིས་ཐུགས་སྲས་རྗེ་འབངས་གྲོགས་དང་བཅས་པ་རྣམས་ལ་སྩལ་ཞིང་ཕལ་ཆེར་ཕྱི་མའི་དུས་ཀྱི་གདུལ་བྱ་དགོངས་ཏེ་གཏེར་གྱི་རིགས་བྱེད་དུ་མར་རྒྱས་བཏབ་པ་ལས། སྐབས་སུ་བབས་པ་འདི་ནི་འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་རྣམ་རོལ་གཏོར་ཆེན་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེའི་བྲག་ནས་སྤྱན་དྲངས་པར་མཛད་པའི་རྟ་མགྲིན་ཡང་ཁྲོས་ནག་པོའི་ཆ་ལག་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པ་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་བསྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱིས་བགྱི་འོས་རྣམས་སྔོན་དུ་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་གཉིས་སུ་མེད་པའི་སྤྱན་སྔར་དབང་བསྐུར་གསན་པའི་སླད་དུ་དམིགས་ཏེ་མཎྜལ་ཕུལ། (ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །)ཕྱག་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ བདག་གི་སྒོ་གསུམ་སྨིན་གྲོལ་(7ན)ཕྱིར༔ རྡོ་རྗེ་གསུམ་གྱི་དབང་བསྐུར་སྩོལ༔ (ལན་གསུམ།) དེ་ལྟར་གསོལ་བ་བཏབ་པའི་ལན་དུ་སློབ་དཔོན་གྱིས་གནང་བ་བྱིན་པ་འདི་ལ་གསན་འཚལ། ཀྱཻ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཉོན༔ མི་ལུས་ཐོབ་པ་དོན་ལྡན་ཕྱིར༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་ན༔ ཟབ་མོའི་དབང་མཆོག་བསྐུར་བགྱིའོ༔ བླ་མ་དབང་ཆེན་དྲག་པོ་རྩ་གསུམ་རྒྱ་མཚོའི་བདག་ཉིད་དུ་གསལ་བ་ལ་མི་ཕྱེད་གུས་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་ཞིང་གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ན་མོ༔ དཀོན་མཆོག་རིན་ཆེན་(སོགས་ལས་བྱང་ལྟར་ལན་གསུམ།) ཚོགས་ཞིང་དེ་དག་གི་སྤྱན་སྔར་སྒོ་གསུམ་སྤྱོད་ལམ་མཐུན་པར་ཕྱག་འཚལ་བ་སོགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་(སོགས་ལན་གསུམ།) དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་(སོགས་ཀྱིས་བསང་སྦྱང༌།) གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འོད་གསལ་གྱི་རང་མདངས་ཕྱི་སྣོད་ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོར་དག་པའི་དབུས་སུ་སྣ་ཚོགས་པདྨ་ཉི་ཟླ་གཟའ་ཀླུ་སྡེ་བརྒྱད་བསྣོལ་བའི་གདན་གྱི་སྟེང་དུ་ཁྱེད་རང་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་རྒྱལ་པོ་ཁྲོ་གཏུམ་(7བ)བཟོད་པར་དཀའ་བའི་རྣམ་འགྱུར་ཅན། སྐུ་མདོག་དམར་པོ་དུས་མཐའི་མེ་ལྟར་འབར་ཞིང་ཁམ་ནག་རལ་པ་གྱེན་དུ་བརྫེས་པའི་ཁྲོད་དུ་རྟ་མགོ་ལྗང་ཞུར་རྟ་སྐད་དྲག་པོ་འཚེར་བ། ཕྱག་གཡས་གནམ་ལྕགས་ཀྱི་རལ་གྲི་མེ་འབར་བ་ནམ་མཁའ་ལ་འཕྱར་ཞིང་གཡོན་སྡིག་མཛུབ་དཀུ་ལ་བརྟེན་པའི་ཚུལ་གྱིས་སྦྲུལ་ཞགས་འཛིན་པ། དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྗིད་ཅིང་ཞབས་གཉིས་འདོར་སྟབས་མེ་ཕུང་དྲག་ཏུ་འབར་བའི་ཀློང་ན་འགྱིང་བ། ཐུགས་ཀར་གསང་བདག་རྡོ་རྗེ་གཏུམ་པོ་མཐིང་ནག་ཁྲོ་བོའི་ཆས་ཅན་ཕྱག་གཉིས་རྡོ་རྗེ་སྦྲུལ་ཞགས་འཛིན་ཅིང་ཞབས་འདོར་སྟབས་པད་ཉིའི་གདན་ལ་མེ་དཔུང་གི་ཀློང་ན་བཞུགས་པ། སྤྱི་བོར་ཡེ་ཤེས་ཀྱི་ཁྱུང་ཆེན་དམར་ནག་སྤུ་གྲིའི་སྒྲོ་གཤོག་ཅན་ཕྱག་གཉིས་སྦྲུལ་རིགས་བཟུང་ནས་ཞལ་དུ་གསོལ་བ། ཁྱུང་སྐད་དྲག་པོ་སྒྲོགས་པས་ཀླུ་གཉན་དབང་དུ་བསྡུད་ཅིང་ཁྱུང་གི་ཚྭ་ཚྭ་འཕྲོ་བ། ཐམས་ཅད་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང༌། སློབ་དཔོན་གྱི་ཤུགས་ཀ་ནས་འོད་ཟེར་འཕྲོས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། (སྦྱར་སྤོས་བསྲེགས་ཤིང་རོལ་མོའི་སྒྲ་དང་བཅས་ཏེ།) ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས། །འབར་བའི་སྐུར་(8ན)བཞེས་གཉེན་པོ་སྟོབས་ཀྱི་ལྷ། །ཁྲག་འཐུང་དྲག་པོ་ལྷ་གསུམ་གནས་འདིར་གཤེགས། །དབང་བསྐུར་བྱིན་ཕོབ་མཐུ་རྩལ་དངོས་གྲུབ་སྩོལ། །(རྩ་སྔགས་མཐར།) ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱ༔ (བཏགས་པ་དྲག་ཏུ་བརྗོད་ལ་དབབ།) ཡེ་ཤེས་པའི་བྱིན་རླབས་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། (ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །)དེ་ནས་དབང་དངོས་ལ། བུམ་པ་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་དུ་བླ་མ་དབང་ཆེན་ལྷ་ཚོགས་འོད་དུ་ཞུ་བའི་བདུད་རྩིས་སྤྱི་བོར་དབང་བསྐུར་བས་ལུས་རྩའི་དྲི་མ་ཐམས་ཅད་གཏོར་ཞིང་སྐུ་རྡོ་རྗེའི་དབང་དང་བྱིན་རླབས་མ་ལུས་རྒྱུད་ལ་ཞུགས་པའི་མོས་པ་མཛོད། (བུམ་པ་ཐོགས་ལ།) ཧཱུྃ༔ ཆོས་དབྱིངས་རྣམ་དག་བུམ་པ་རུ༔ ལྷུན་གྲུབ་དྲག་པོ་ལྷ་གསུམ་གྱི༔ རྟེན་དང་བརྟེན་པའི་འཁོར་ལོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ (རྩ་སྔགས་མཐར།) ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ (བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བྱིན།) དེ་ནས་སྐུ་ཕྱག་རྒྱའི་དབང་གི་སླད་དུ་དཀྱིལ་འཁོར་གྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། (ཙཀླི་སོ་སོས་རིམ་པར་དབང་བསྐུར་ལ།) ཧཱུྃ༔ ཁམས་གསུམ་རོལ་པ་དབང་གི་སྐུ༔ རྟ་མཆོག་འབར་བའི་དབང་བསྐུར་རོ༔ ལུས་ཀྱི་(8བ)སྒྲིབ་པ་ཀུན་དག་ནས༔ རྡོ་རྗེའི་སྐུ་རུ་སྨིན་སྒྲོལ་ཤོག༔ (རྩ་སྔགས་མཐར།) ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྲིད་གསུམ་གདུག་པ་འདུལ་མཛད་པ༔ རྡོ་རྗེ་གཏུམ་པོའི་དབང་བསྐུར་རོ༔ གདོན་གསུམ་གཡུལ་ལས་རྒྱལ་བ་དང་༔ དྲེགས་པ་ཀུན་འདུལ་དབང་ཐོབ་ཤོག༔ (རྩ་སྔགས་མཐར།) ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་ཉིད་རྩལ་ལས་རང་ཤར་བ༔ ཡེ་ཤེས་ཁྱུང་གི་དབང་བསྐུར་རོ༔ མངོན་སྤྱོད་ཕྲིན་ལས་ལྷུན་གྲུབ་ཅིང་༔ ཀླུ་གཉན་ཀུན་འདུལ་དབང་ཐོབ་ཤོག༔ (རྩ་སྔགས་མཐར།) ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། གསུང་བཟླས་ལུང་གི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཁོར་ལས་སྔགས་ཕྲེང་གཉིས་པ་རེ་འཕྲོས་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགསས། སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧྲཱིཿཡིག་དམར་པོའི་མཐར་གཡས་བསྐོར་དུ་འབོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། (ཕྲེང་བ་འདྲེན་ལ་རྩ་སྔགས་དང་ལས་སྔགས་ལན་གསུམ་རེ་རྗེས་ཟློས་བྱ།) ཕྲེང་བ་སྔགས་ཀྱི་ངོ་བོ་མགྲིན་པར་བཞག་པས་སྔགས་ཀྱི་ནུས་པ་བརྟན་པར་བྱས་པའི་མོས་པ་མཛོད། (དབང་ཕྲེང་མགྲིན་པར་བཞག་ལ།) ཨཱཿ དབང་ཆེན་ཁྲོ་རྒྱལ་ལྷ་ཚོགས་ཀྱི༔ རྡོ་རྗེ་གསུང་གི་བྱིན་རླབས་རྣམས༔ སྐལ་ལྡན་འདི་ལ་སྩལ་ནས་ཀྱང་༔ སྔགས་(9ན)ཀྱི་ཡེ་ཤེས་འགྲུབ་པར་ཤོག༔ (རྩ་སྔགས་མཐར།) ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཐུགས་ཀྱི་དབང་གི་སླད་དུ་མེ་ལོང་དྭངས་པའི་ངོས་སུ་རྡོ་རྗེའི་གཟུགས་བརྙན་ཤར་ཡང་སྣང་ལ་རང་བཞིན་མ་གྲུབ་པ་བཞིན་འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་རང་བྱུང་རིག་པའི་རང་རྩལ་དུ་ཤེས་པས་གནས་ལུགས་གསལ་སྟོང་ཟུང་འཇུག་གི་ངོ་བོར་མཉམ་པར་ཞོག་ཅིག །(མེ་ལོང་དུ་རྡོ་རྗེ་ཤར་བ་བསྟན་ལ།) ཧཱུྃ༔ ཁྲོ་རྒྱལ་སྟོང་གསལ་ཡེ་ཤེས་དབྱིངས༔ རྡོ་རྗེ་ཐུགས་ཀྱི་བྱིན་རླབས་རྣམས༔ སྐལ་ལྡན་འདི་ལ་སྩལ་ནས་ཀྱང་༔ རང་བྱུང་དགོངས་པའི་རྩལ་རྫོགས་ཤོག༔ (རྩ་སྔགས་མཐར།) ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བླ་མ་དབང་ཆེན་ཧེ་རུ་ཀ་རང་འོད་ཀྱི་རིག་མ་དང་མཉམ་པར་སྦྱོར་བའི་བྱང་སེམས་བདུད་རྩི་ལྕེ་ལ་བཞག་པས་ངག་དང་རླུང་གི་དྲི་མ་ཐམས་ཅད་སྦྱངས་ཏེ་གསང་བའི་དབང་བསྐུར་ཐོབ་པར་མོས་མཛོད། (གསང་ཐོད་བདུད་རྩི་མགྲིན་པར་བཞག་ཅིང་ངག་ཏུ་བླུད་ལ།) ཧཱུྃ༔ སྟོང་ཉིད་དབྱིངས་ཀྱི་ཀ་པཱ་ལར༔ དྲག་པོའི་གསུང་གསང་བདུད་རྩིར་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ རྡོ་རྗེ་གསུང་དུ་སྨིན་གྲོལ་ཤོག༔ (རྩ་སྔགས་མཐར།) ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ རང་བྱུང་སྐུ་དང་ཡེ་ཤེས་ཀྱི་མཚོན་དཔེ་རྨ་བྱའི་སྒྲོ་ཐིག་(9བ)སྙིང་གར་བཞག་པས་སྣང་སྟོང་ཐབས་ཤེས་ཟུང་འཇུག་གི་བརྡ་དོན་རྟོགས་ཏེ་ཡིད་དང་ཐིག་ལེའི་སྒྲིབ་པ་སྦྱངས་ཤིང་ཤེས་རབ་ཀྱི་དབང་བསྐུར་ཐོབ་པར་མོས་མཛོད། (རྨ་བྱའི་མདོངས་སྙིང་བར་བཞག་ལ།() ཧཱུྃ༔ སྐུ་དང་ཡེ་ཤེས་རང་བྱུང་བ༔ མདངས་ལྡན་རྨ་བྱ་ལུག་རྒྱུད་ཀྱི༔ རྣམ་པའི་འོད་ཐིག་འདི་གཏད་པས༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ ཆོས་ཀྱི་སྐུ་རུ་སྨིན་གྲོལ་ཤོག༔ (རྩ་སྔགས་མཐར།) ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རང་བྱུང་གི་ཤེལ་དཀར་དྲི་མ་མེད་པ་ལ་གཟུགས་བརྙན་གྱི་རྣམ་པ་ཅིར་ཡང་འཆར་བ་ལྟར་སེམས་ཉིད་ཀ་དག་གི་རང་རྩལ་ལྷུན་གྲུབ་ཀྱི་རོལ་པ་སྣ་ཚོགས་སུ་སྣང་ཡང་རང་རིག་ཡེ་ཤེས་ཀྱི་རོལ་པ་ལས་མ་གཡོས་པའི་བརྡ་དོན་གོ་བར་མཛོད་ལ་གསལ་སྟོན་ཟུང་འཇུག་གི་ངོ་བོར་མཉམ་པར་བཞག་པས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་སྦྱངས་ཤིང་ཚིག་དབང་རིན་པོ་ཐོབ་པར་མོས་མཛོད། (ཤེལ་རྡོ་སྙིང་བར་བཀོད།) ཧཱུྃ༔ ལྷུན་གྲུབ་རང་མདངས་འཇའ་ཤེལ་གྱི༔ རྣམ་པར་ཤར་བའི་ཀློང་དཀྱིལ་དུ༔ འོད་ལྔའི་དྭངས་མའི་ཐིག་ལེ་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཉོན་ཤེས་སྒྲིབ་པ་ཀུན་དག་ནས༔ མཚན་མ་ཚིག་བྲལ་དབང་ཐོབ་སྟེ༔ ངོ་བོ་ཉིད་སྐུར་སྨིན་གྲོལ་ཤོག༔ (རྩ་སྔགས་མཐར།) སརྦ་ཨ་བྷི་ཥིཉྩ་ཨཱཿ (10ན)དེ་ནས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་གཏོར་མ་ལ་བརྟེན་ནས་དབང་བསྐུར་བ་ལ་འདུན་པ་འདི་ལྟར་མཛོད། གཏོར་མ་འདི་ཉིད་དབང་ཆེན་དྲག་པོ་ལྷ་གསུམ་གར་དགུའི་ཉམས་ཀྱིས་རྣམ་པར་རོལ་པའི་སྐུར་གསལ་བ་ཁྱེད་རང་གི་སྤྱི་བོར་དྲངས་ཏེ་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་ནད་གདོན་བག་ཆགས་དང་བཅས་པ་སྦྱངས་ཤིང་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་རྩལ་བར་མོས་ཤིག །(དཔལ་གཏོར་གནས་གསུམ་དུ་བཞག་ལ།) ཧཱུཾ༔ ཆོས་ཉིད་བརྡལ་ཁྱབ་གཏོར་གཞོང་དུ༔ ལྷུན་གྲུབ་དབྱིངས་ཀྱི་གཏོར་མ་བཤམས༔ གང་འདུལ་ཐབས་ཀྱི་སྐུར་སྟོན་པ༔ དབང་ཆེན་ཧྱ་གྲཱི་བ་དང་༔ རྡོ་རྗེ་ཅན་དང་གུ་རུ་ཌའི༔ རྟེན་དང་བརྟེན་པ་ཡོངས་སུ་རྗོགས༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ དབང་བསྒྱུར་དབང་མཆོག་ཐོབ་པར་ཤོག །(རྩ་སྔགས་མཐར།) མཎྜལ་གུ་ཧྱ་བ་ལིངྒ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་ཁྱེད་རང་གི་ལུས་ངག་ཡིད་གསུམ་དབང་ཆེན་གྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པ་ལ་བཀྲ་ཤིས་པའི་རྫས་ཀྱིས་མདུན་བདར་ཅིང་ཤིས་པ་བརྗོད་པའི་དབྱངས་ཀྱིས་མངའ་གསོལ་བའི་མོས་པ་མཛོད། (རྫས་རྟགས་སྣ་བདུན་རྣམས་སྤྱི་ལྟར་གཏད་ལ་ཤིས་བརྗོད་བྱ་ཞིང་རོལ་མོ་འཁྲོལ། སྐབས་(10བ)འགར་རྐྱེན་སེལ་ཆེད་དུ་དབང་བསྐུར་བྱེད་ན་གི་ཐུགས་དབང་གི་བར་དཀྱུས་ལྟར་ལ།) དེ་ནས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་གཏོར་མ་ལ་བརྟེན་ནས་དབང་བསྐུར་བ་ལ། (སོགས་གཏོར་དབང་སྦྱར་བ་ལས་མཆོག་དབང་གསུམ་མི་དགོས་སོ། །)དེ་དག་གིས་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་སྟེ། རྡོ་རྗེའི་གསུང་ལས། དེ་ལྟར་དབང་བསྐུར་ཟབ་མོ་མཆོག༔ ཐོབ་པས་ཕྱི་ནང་གསང་བ་ཡི༔ བར་ཆད་འགལ་རྐྱེན་ལས་གྲོལ་ཏེ། འདི་ཕྱིའི་དགེ་ལེགས་ངང་གིས་བྱུང་༔ ཞེས་བསྔགས་པས་མཚོན་དགོས་པ་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པ་ལགས་པས་འདི་ཉིད་ཡི་དམ་གྱི་ལྷར་འཛིན་ཅིང་དམ་ཚིག་ལ་བསྲུང་སྡོམ་ཚུལ་བཞིན་དུ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་(སོགས་དམ་ཚིག་ཁས་ལེན་གཏང་རགས་མཎྜལ་ལུས་འབུལ་དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་ཚོགས་མཆོད་སྤྲོ་ན་གཞུང་ལྟར་བཏང༌། ཚོགས་ཡོད་མེད་གང་ལྟར་ཡང་གཏང་རག་གི་མཆོད་བསྔོ་ནས་ཤིས་བརྗོད་ཀྱི་བར་བྱས་པས་གྲུབ་བོ། །ཁྲག་འཐུང་དྲག་པོའི་རིགས་སྔགས་དུས་མཐའི་མེས། །གཉིས་འཛིན་འཁྲུལ་རྟོག་ཚང་ཚིང་ཀུན་བསྲེགས་ཏེ། །ཁྲོ་རྒྱལ་གསང་གསུམ་ཚེ་འདིར་མྱུར་འགྱུར་ནས། གདུག་ཅན་འདུལ་ལ་ཆེ་བཙན་ཟླ་མེད་ཤོག །ཅེས་པའང་ཉེ་བར་གནས་པ་བརྩོན་འགྲུས་བཟང་པོས་རིང་མོ་ནས་བསྐུལ་བ་དང༌། མངའ་རིས་ཕྱོགས་ཀྱི་སྒྲུབ་བརྩོན་དཀོན་མཆོག་ཆོས་དབང་དང་དཀོན་མཆོག་ཚུལ་ཁྲིམས་(11ན)ཟུང་གིས་ཀྱང་བསྐུལ་བ་ལྟར། ཟབ་གཏེར་རང་གཞུང་ལ་མཚམས་སྦྱོར་ཉུང་ངུའི་གསལ་བྱེད་དང་བཅས་བཀླག་པས་གྲུབ་པར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་མངྒ་ལཾ།། །།)