DJYD-KABUM-14-PHA-018

From Dudjom Wiki
Revision as of 13:45, 16 July 2024 by Mort (talk | contribs)

DJYD-KABUM-14-PHA-018
Wylie title DJYD-KABUM-14-PHA-018.pdf
Location bdud 'joms rin po che bka' 'bum
Volume 14, Text 18, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 14: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön ཟིལ་གནོན་ནམ་མཁའི་རྡོ་རྗེ་ (zil gnon nam mkha'i rdo rje)
Genre
Cycle ཚེ་སྒྲུབ་འཆི་མེད་སྲོག་ཐིག་ (tshe sgrub 'chi med srog thig)
Parent Cycle དཔལ་རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་ (dpal rdo rje phur pa yang gsang 'phrin las bcud dril)
Deity tshe dpag med
[edit]
༄༅། །ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་དཀྱིལ་འཁོར་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཚེ་མཆོག་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། ། (1བ)ན་མོ་གུ་རུ་ཨཱཿཡུརྫྙཱ་ན་པ་རི་མི་ཏ་ཡེ། (དེ་ཡང་ལམ་དུས་ཀྱི་དམ་ཚིག་གསོ་ཞིང་ཚེ་དང་ཡེ་ཤེས་ཀྱི་སྤེལ་བ་ལ་མེད་དུ་མི་རུང་བ་རིགས་འདུས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་འདི་ལ་ཆེ་ཐང་དུ་བརྩོན་པར་བྱ་སྟེ། དེའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྦྱོར་བ་མཚན་མའི་དཀྱིལ་འཁོར་བཞེངས་ཏེ་བདག་མདུན་བུམ་གསུམ་ཐ་མི་དད་ཀྱི་ཚུལ་དུ་ལས་གཞུང་གི་བཟླས་པའི་བར་བསྒྲུབས་རྗེས། བུམ་པའི་དཀྱིལ་འཁོར་ལོགས་སུ་ཕྱེས་ལ།)རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་(2ན) གཅིག་གྱུར། །(ཞེས་གསལ་བཏབ་སྟེ་རྣམ་རྒྱལ་བུམ་པར་རྩ་བའི་སྙིང་པོ་སྟོང་རྩ་སོགས་ཇི་ལྟར་རིགས་པ་དང་། ལས་བུམ་དུ་སྐད་ཅིག་གིས་རྟ་མགྲིན་བསྐྱེད་ལ་དེའི་སྙིང་པོ་བརྒྱ་རྩ་སོགས་བཟླས་ནས།)ཨོཾ་ཨཱཿཧཱུྃ་(གིས་མཆོད་ཡོན་ཕུལ་བས།)ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་(བསམ་མོ། །གཉིས་པ་དངོས་གཞི་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དང་། དབང་གི་བྱ་བ་རྣམས་གཙོ་བོ་ལས་ཕྱེ་བའི་རྒྱལ་ཐེབས་ཀྱིས་མཛད་ཅིང་། བདག་ཉིད་རྣམ་འགྱུར་བློ་བུར་བའི་རང་བཞིན་དབང་ཞུ་བ་པོར་བྱས་ནས་འཇུག་སྟེ། དེ་ལ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་དབང་བླང་བའོ། །སྔ་མ་ལ་གཉིས་ཀྱི། དང་པོ་ཕྱི་འཇུག་ནི།)ཇི་ལྟར་བལྟམས་པ་(སོགས་ཀྱིས་ལས་(2བ)བུམ་གྱི་ཆུས་ཁྲུས་བྱ།) སུམྦྷ་ནི(འི་སྔགས་ཀྱིས་བགེགས་བསྐྲད།)ས་གཞི་སྤོས་ཆུས་(སོགས་ཀྱིས་མཎྜལ་ཕུལ་ལ།)ཨོཾ་ཙ྇ཀྵུ་བྷནྡྷ་ཝཱ་ར་ཎ་ཡེ་སྭཱཧཱ(ས་མིག་དར་འཆིང་།)ཨཱ་ཁཾ་ཝི་ར་ཧཱུྃ་(གིས་མེ་ཏོག་བཟུང་ནས། ཐལ་མོ་སྦྱར་བས་བཏུད་དེ།)ཨོཾཿ དཔལ་ལྡན་པདྨ་གར་གྱི་བདག༔ འཆི་མེད་ཡེ་ཤེས་སྐུ་འཆང་བ༔ རྡོ་རྗེ་སློབ་དཔོན་ཆེ་བའི་མཆོག༔ བཀྲ་ཤིས་ཚེ་ཡི་དཀྱིལ་འཁོར་དུ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ (ཞེས་ལན་གསུམ་གྱིས་གསོལ་བ་བཏབ།) རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །(ཞེས་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་བསགས་ཤིང་རྒྱུད་སྦྱང་།)ཨོཾ༔ འཆི་མེད་མགོན་པོ་པདྨ་འབྱུང་༔ སྐུ་གསུམ་འདུས་པ་ཚེ་ཡི་ལྷ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ འདི་བཟུང་ཡང་དག་སྙིང་པོའི་བར༔ སོ་སོ་ཐར་པའི་སྡོམ་པ་དང་༔ བྱང་ཆུབ་སེམས་དཔའི་བསླབ་པ་དང་༔ རིག་འཛིན་སྔགས་ཀྱི་འདུལ་བ་དང་༔ ཁྱད་པར་འཆི་མེད་རྡོ་རྗེ་ཡི༔ སྡོམ་པ་དམ་ཚིག་བཟུང་བར་བགྱི༔ (ཞེས་སྡོམ་པ་བཟུང་།)སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་གཟུགས་སུ་གནས་པར་(བསམ་ཞིང་།)ཨོཾ་སརྦ་ཡོ་གའི་ཙིཏྟ་ཨུཏྤ་ད་ཡཱ་མི༔ (ལན་གསུམ། སྙིང་གར་རྡོ་རྗེ་རེག་ལ།)བོ་དྷི་ཙིཏྟས་མ་ཡ་སྟྭྃ༔ (3ན) (ཞེས་གསང་སྔགས་ནང་གི་སེམས་བསྐྱེད།) ཛཿཧཱུྃ་བྃ་ཧོཿ བྷྲུྃ་པྲ་བེ་ཤ་ཡ་ཕཊ༔ (ཅེས་དཀྱིལ་འཁོར་གྱི་སྒོ་ཕྱེས་པའི་ནང་དུ་ཞུགས་པར་མོས་པས།)ཨོཾ་ན་མསྟེ་ཧཱུྃ། ཨོཾ་ན་མ་མཱི་ཧཱུྃ། ཨོཾ་ན་མོ་ནམ་ཧཱུྃ། (ཞེས་ཕྱག་བྱ། གཉིས་པ་ནང་འཇུག་ལ། སྦྱོར་བ་དམ་ལ་བཞག་པ་ནི། རྡོ་རྗེ་མགོར་བཞག་སྟེ།)དེང་ཁྱོད་དཀྱིལ་འཁོར་ཆེན་པོ་འདིར༔ གཞུག་ཅིང་ཡེ་ཤེས་བསྐྱེད་བྱ་སྟེ༔ དེ་ཡིས་དངོས་གྲུབ་མཆོག་ཐོབ་འགྱུར༔ བླ་མེད་གསང་བའི་མན་ངག་རྣམས༔ སྣོད་མིན་རྣམས་ལམ་སྨྲ་ཞིག༔ (རྡོ་རྗེ་སྙིང་གར་བཞག་སྟེ།) དེ་རིང་བཅོམ་ལྡན་འཆི་མེད་མགོན༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ (དམུ་ཆུ་བདུད་རྩི་མྱོང་ལ།)འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་སྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ༔ (སླར་ཡང་རྡོ་རྗེ་སྤྱི་བོར་བཞག་སྟེ།) དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི༔ ཚེ་དཔག་མེད་མགོན་ང་ཡིན་གྱི༔ ང་ཡིས་ཇི་ལྟར་བསྒོས་པ་རྣམས༔ བརྩོན་པས་ཁྱོད་ཀྱིས་བྱ་དགོས་སོ༔ ཁྱོད་ཀྱིས་ང་ལ་སྨད་མི་བྱ༔ གང་ཡང་ང་ལ་མ་གུས་མིན༔ གལ་ཏེ་གུས་པར་མ་བྱས་ན༔ སེམས་ཅན་དམྱལ་བ་ཆེན་པོར་ལྟུང་༔ (ཞེས་དམ་ལ་བཞག །དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ།) (3བ)ཨོཾ༔ སྣོད་བཅུད་དག་པ་ཆེན་པོའི་དབྱིངས༔ ཡང་དག་རྫོགས་པའི་རང་བཞིན་ཅན༔ འཆི་མེད་རྡོ་རྗེའི་ཡེ་ཤེས་ཆེ༔ གང་གི་དྲིན་གྱི་བདག་དབབ་གསོལ༔ (ཅེས་གསོལ་བ་བཏབ། ལུས་གནས་དྲང་པོར་བསྲང་ཞིང་རླུང་ཁ་སྦྱོར་དུ་འཆིང་ལ།)རང་ཉིད་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོའི་སྐུར་གསལ་བའི༔ སྙིང་གར་འོད་ལྔའི་གུར་ཁྱིམ་དབུས༔ འཆི་མེད་རིག་འཛིན་ཚེ་དཔག་མེད༔ ཡབ་ཡུམ་མཉམ་སྦྱོར་དགའ་བས་རོལ༔ ཐུགས་ཀར་གར་དབང་ཙཎྜ་ལཱི༔ སྟོང་གསལ་བདེ་ཆེན་འབར་བའི་སྐུ༔ བཅུ་དྲུག་ཉམས་ལྡན་ཚོན་གང་པ༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་ཅན༔ གསང་བར་མེ་ཡི་ཆོས་འབྱུང་དབུས༔ ཉི་མ་ལ་གནས་དགའ་བ་འཁྱིལ༔ ཧྲཱིཿདམར་འབར་འཁྲུག་རྣམ་པ་ཅན༔ ཧ་རི་ནི་སའི་ཡི་གེས་བསྐོར༔ དུང་ཁང་ཟླ་བ་ལ་གནས་པའི༔ ཧཾ་དཀར་ཞུན་ཐིག་རྣམ་པ་ཅན༔ དཔའ་བོའི་འབྲུ་བཞིའི་ཡི་གེས་བསྐོར༔ གནས་གསུམ་ཨོཾ་དཀར་ཨཱཿདམར་དང་༔ ཧཱུྃ་མཐིང་རྣམས་ཀྱིས་མཚན་པར་གསལ༔ བདག་གི་ཐུགས་འོད་དྭངས་མའི་ཟེར༔ ཐབས་ཤེས་ཡི་གེའི་འཁོར་ལོ་ལ༔ ཕོག་པས་གཡས་གཡོན་དྲག་ཏུ་འཁོར༔ ཧྲཱིཿའབར་རེག་བྱས་ཧཾ་ཡིག་བསྐུལ༔ ཟླ་ཞུན་ཐིག་པས་གསོས་བཏབ་སྟེ༔ དཔའ་བོ་འབྲུ་བཅུའི་དཀྱིལ་འཁོར་ལས༔ ཡི་གེ་(4ན)འཁོར་ལོའི་སྤྲིན་ཆེན་འཕྲོས༔ རང་སྒྲ་སྒྲོགས་པས་རྩ་ཁམས་ཁྱབ༔ ལྷ་མོ་བཟོད་མེད་ཉམས་འབར་ཏེ༔ དགའ་བའི་གར་དང་གླུ་སྒྲ་ཡིས༔ ཕྱོགས་དུས་བདེ་གཤེགས་སྲས་བཅས་ཀྱི༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་ཀྱི༔ གསང་བ་གསུམ་གྱི་རྣམ་པ་རུ༔ ཁ་བ་བུ་ཡུག་འཚུབས་པ་བཞིན༔ བྱོན་ནས་ཆུ་ལ་ཆུ་བཞག་ལྟར༔ གཉིས་སུ་མེད་པར་ཐིམ་པ་ཡིས༔ ཡེ་ཤེས་གཟི་བྱིན་བརྟན་པར་གྱུར༔ (ཅེས་དམིགས་ལ། ཁྱད་པར་གྱི་སྤོས་དང་རོལ་མོའི་སྦྱོར་བ་ལྷན་ཅིག་པས།) ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་སརྦ་ས་མ་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཨཱ་བེ་ཤ་ཡ་ཨ་ཨཱཿ ཧཱུྃ་ཧཱུྃ༔ (ཞེས་དྲག་ཏུ་བརྗོད་པས་ཡེ་ཤེས་པ་དབབ་ལ།)ཏིཥྛ་བཛྲས་བརྟན་པར་བྱ། ཧོཿ འཆི་མེད་རྒྱལ་བའི་དཀྱིལ་འཁོར་བར༔ རིན་ཆེན་མཛེས་པའི་མེ་ཏོག་འདི༔ བདག་ཅག་དད་པས་འབུལ་ལགས་ན༔ སྔོན་ནས་འབྲེལ་བ་གང་ཡོད་པའི༔ རིགས་ཀྱི་ལྷ་ལ་ཕོག་པར་ཤོག༔ སརྦ་ཨཱ་ཡུརྫྙཱ་ན་མཎྜལ་པུཥྤེ་པྲ་ཏཱིཙྪ་ཧོཿ(ཞེས་མེ་ཏོག་དོར།)ཏྲཱཾཿ རིན་ཆེན་མཛེས་པའི་མེ་ཏོག་འདི༔ རིགས་ཀྱི་རང་བཞིན་མཚོན་པའི་ཕྱིར༔ ཁྱེད་ཀྱི་མགོ་བོར་བཅིངས་པ་ཡིས༔ ཚེ་མཆོག་དམ་པ་བརྟན་གྱུར་ཅིག༔ བཛྲ་པུཥྤེ་ས་མ་ཡ་སིདྡྷི་ཧོཿ (4བ) (ཞེས་མེ་ཏོག་སླར་སྤྱི་བོར་བཀོད།)ཧོཿ ཀུན་ཏུ་སྒྲིབ་མེད་ས་ལེ་བ༔ ཡེ་ཤེས་སྣང་བྱེད་ཐུར་མ་འདིས༔ ཁྱོད་ཀྱི་མ་རིག་ལིང་ཏོག་བསལ༔ རིག་པ་ཡེ་ཤེས་སྤྱན་ཐོབ་ཤོག༔ བཛྲ་མཧཱ་ཛྙཱ་ན་ཙཀྵུ་པ྄་བེ་ཤ་ཡ་ཕཊ༔ (ཅེས་མིག་དར་བསལ་བས།) བདེ་གཤེགས་རིགས་འདུས་པདྨ་ཚེ་དཔག་མེད་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་(བསམ་ཞིང་།)ཨེ་མ་སྐལ་བར་ལྡན་པའི་བུ༔ ངོ་མཚར་རྨད་དུ་བྱུང་བ་ཡི༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་འདིའི༔ ཞལ་མཆོག་མཐོང་བ་ཙམ་གྱིས་ཀྱང་༔ ཐོག་མེད་དུས་ནས་བསགས་པ་ཡི༔ ལས་དང་ཉོན་མོངས་སྡིག་སྒྲིབ་བྱང་༔ འཆི་མེད་རྡོ་རྗེའི་གོ་འཕང་མཆོག༔ རྙེད་བ་མཉམ་མེད་དེ་རིང་ནས༔ ཁྱོད་ཀྱིས་ཡང་དག་རྙེད་ཟིན་ན༔ གསང་ཆེན་སྔགས་ཀྱི་དེ་ཉིད་དང་༔ དཀྱིལ་འཁོར་ལྷ་དང་སློབ་དཔོན་གྱི༔ བཀའ་དྲིན་རྗེས་སུ་དྲན་པ་དང་༔ དགའ་དང་སྤྲོ་བ་བསྒོམ་པར་གྱིས༔ གུ་རུ་ཨཱ་ཡུརྫྙཱ་ན་མཎྜལ་ས་མ་ཡ་ཨ་ལ་ལ་ཧོཿ (ཞེས་ཆེད་དུ་བརྗོད་ཅིང་སྤྲོ་བ་བསྐྱེད་དོ། །གཉིས་པ་དབང་བླང་བ་དངོས་ལ་གཉིས། ཐུན་མོང་དང་། ཁྱད་པར་རོ། །སྔ་མ་ལ་གཉིས་ཀྱི། དང་པོ་ཕྱི་ཕན་པའི་དབང་ནི། མཎྜལ་ཕུལ་ལ།)ཨོཾ༔ ཁྱབ་བདག་ཆེན་པོའི་བྱིན་རླབས་ཀྱིས༔ རིགས་ལྔ་སྒྱུ་འཕྲུལ་འཆང་བའི་ལྷ༔ བྱང་ཆུབ་དམ་པར་སྨིན་མཛད་ལྟར་༔ (5ན)བདག་ཀྱང་ཡང་དག་སྐྱོབ་པའི་ཕྱིར༔ མགོན་པོས་སྨིན་པར་མཛད་དུ་གསོལ༔ (ཞེས་ལན་གསུམ་གྱིས་གསོལ་བ་བཏབ།) རང་ཉིད་དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་ཁྱམས་སུ་དབང་སྟེགས་མཆོད་སྤྲིན་གྱིས་མཛེས་པའི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ་ཚེ་དཔག་མེད་ཀྱི་སྐུའི་རྣམ་པས་འཁོད་པར་མོས་ལ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་པའི་དབང་གི་ལྷ་ཚོགས་ཀྱི་རྣམ་པར་མདུན་གྱི་ནམ་མཁའི་གནས་སུ་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་ནས་བཞུགས་པར་གྱུར་པ་ལ། ཨོཾ་གུ་རུ་བཛྲ་ཨཱ་ཡུ་རྫྙཱ་ན་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱཧཱ། (ཞེས་སོགས་ནས།)ཤཔྡ(འི་བར་གྱིས་མཆོད།)རྡོ་རྗེ་ཅན་གྱིས་སངས་རྒྱས་ལ༔ འགྲོ་བ་སྐྱོབ་པའི་ཆེད་དུ་དབང་༔ ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ༔ དེ་ལྟར་བདག་ལའང་བསྩལ་ཏུ་གསོལ༔ ཞེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་ (5བ)བསྐྲད། བུམ་འཛིན་རིག་པའི་ལྷ་མོ་རྣམས་ཀྱིས་མི་བསྐྱོད་ཚེ་དཔག་མེད་པའི་རང་བཞིན་ཅན་གྱི་བུམ་པའི་ཆུས་མངོན་པར་དབང་བསྐུར་བར་(མོས་ལ།) ཧཱུྃ༔ རྡོ་རྗེའི་རིགས་མཆོག་བླ་ན་མེད༔ མི་བསྐྱོད་རང་བཞིན་བུམ་པའི་ཆུ༔ ཉོན་མོངས་ཞེ་སྡང་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བཛྲ་ཨ་མྲྀ་ཏ་ཛྙཱ་ན་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་གཏིགས།) དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་ཚེ་དཔག་མེད་ཀྱི་ངོ་བོར་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་སོ། །(ཞེས་རྟོགས་པ་བསྐྱེད།)ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་འབྱུང་ཚེ་དཔག་མེད་པའི་རང་བཞིན་ཅན་གྱི་དབུ་རྒྱན་དར་དཔྱངས་དང་ལྡན་པས་མངོན་པར་དབང་བསྐུར་བར་(མོས་ལ།)སྭཱཿ རིན་ཆེན་རིགས་མཆོག་བླ་ན་མེད༔ རིན་འབྱུང་རང་བཞིན་དབུ་ཡི་རྒྱན༔ ཉོན་མོངས་ང་རྒྱལ་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རཏྣ་མུ་ཀུ་ཊ་ཛྙཱ་ན་ཨ་བྷྀ་ཥིཉྩ་ཏྲཱྃ༔ (ཞེས་དབུ་རྒྱན་མགོ་བོར་བཅིང་།) དེ་ལྟར་དབུ་རྒྱན་ཅོད་པན་གྱིས་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་འབྱུང་ཚེ་དཔག་མེད་ཀྱི་ངོ་བོར་གནས་གྱུར། (6ན) མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་སོ། །(ཞེས་རྟོགས་པ་བསྐྱེད།) ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྣང་མཐའ་ཚེ་དཔག་མེད་པའི་རང་བཞིན་ཅན་གྱི་རྡོ་རྗེས་མངོན་པར་དབང་བསྐུར་བར་(མོས་ལ།)ཨཱཿ པདྨའི་རིགས་མཆོག་བླ་ན་མེད༔ སྣང་མཐའི་རང་བཞིན་རྡོ་རྗེ་ཆེ༔ ཉོན་མོངས་འདོད་ཆགས་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ པདྨ་བཛྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ (ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།) དེ་ལྟར་རྡོ་རྗེས་དབང་བསྐུར་བས་ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་མཐའ་ཚེ་དཔག་མེད་ཀྱི་ངོ་བོར་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་སོ། །(ཞེས་རྟོགས་པ་བསྐྱེད།)ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་གྲུབ་ཚེ་དཔག་མེད་པའི་རང་བཞིན་ཅན་གྱི་དྲིལ་བུས་མངོན་པར་དབང་བསྐུར་བར་(མོས་ལ།)ཧཱཿ ལས་ཀྱི་རིགས་མཆོག་བླ་ན་མེད༔ དོན་གྲུབ་རང་བཞིན་དྲིལ་བུ་མཆོག༔ ཉོན་མོངས་ཕྲག་དོག་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ (ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན།) དེ་ལྟར་དྲིལ་བུས་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་གྲུབ་ཚེ་དཔག་མེད་ཀྱི་(6བ)ངོ་བོར་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་སོ། །(ཞེས་རྟོགས་པ་བསྐྱེད།) ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་སྣང་ཚེ་དཔག་མེད་པའི་རང་བཞིན་ཅན་གྱི་མིང་གིས་མངོན་པར་དབང་བསྐུར་བར་(མོས་ལ།)ཨོཾ༔ བདེ་གཤེགས་རིགས་མཆོག་བླ་ན་མེད༔ སྣང་མཛད་རང་བཞིན་རྡོ་རྗེའི་མིང་༔ ཉོན་མོངས་གཏི་མུག་སྦྱོང་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བུདྡྷ་ཛྙཱ་ན་ན་མཿཨ་བྷི་ཥིཉྩ་ཨོཾ༔ ཀྱེ་དཔལ་པདྨ་ཚེ་ཡི་དབང་ཕྱུག་རྩལ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །(ཞེས་རྡོ་དྲིལ་ལྷན་ཅིག་ཏུ་བཟུང་བ་སྤྱི་བོར་དཀྲོལ།)དེ་ལྟར་མིང་གི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་སྣང་ཚེ་དཔག་མེད་ཀྱི་ངོ་བོར་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་སོ། །(ཞེས་རྟོགས་པ་བསྐྱེད། གཉིས་པ་ནང་ནུས་པའི་དབང་ནི།) བདག་ཉིད་རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ་བའི་ཕྱིར་དཀྱིལ་འཁོར་གྱི་ཤར་ཁྱམས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་གནས་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཕུབ་ཅིང་མཐའ་སྐོར་དུ་མཆོད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར་པ་ལས། རིགས་ཐམས་ཅད་འདུས་པའི་སྤྱི་གཟུགས་པདྨ་ཚེ་དཔག་(7ན)མེད་པའི་སྐུར་གྱུར་པ་ལ་ཐབས་བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་ལག་གཡས་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་དྲིལ་བུ་ལག་གཡོན་དུ་གཏད་པ་སྙིང་གར་བསྣོལ་ཏེ་འཁྱུད་རྒྱ་བྱས་པས་རང་ཉིད་རིགས་འདུས་ཚེ་དཔག་མེད་པར་གསལ་བའི་པང་དུ་རང་སྣང་ཡེ་ཤེས་ཀྱི་ཕྱག་རྒྱ་མ་ཙཎྜ་ལཱི་ལོ་བཅུ་དྲུག་ལོན་པ་ལྟ་བུ་རེ་རེས་ཡང་དག་པར་འཁྱུད་པས་བདེ་བ་ཆེན་པོས་ཡོངས་སུ་ཁྱབ་པར་གྱུར་(པར་མོས་ལ།)ཐབས་ཀྱི་རྡོ་རྗེ་ཤེས་རབ་དྲིལ༔ འཛིན་དང་བཅས་པས་སྙེམས་མར་སྦྱོར༔ བདེ་སྟོང་གཉིས་སུ་མེད་པར་ནི༔ བརྟུལ་ཞུགས་རྡོ་རྗེ་སློབ་དཔོན་ཆེའི༔ གོ་འཕང་ཉིད་དུ་དབང་བསྐུར་རོ༔ ཨོཾ་སརྦ་ཏཐཱ་ག་ཏ་བཛྲ་ཨཱ་ཙརྱ་ཏིཥྛ་ན་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་རྡོ་དྲིལ་བཟུང་ལ་འཁྱུད་རྒྱ་བྱ།) དེ་ལྟར་རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །ཕྱག་རྒྱ་སྐུ་ཡི་དམ་ཚིག་གསུམ་པོ་ལེགས་པར་བྱིན་པས་ཕྱི་ནང་གི་རྡོ་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་ཀྱིས་རྒྱུད་གང་བས་དོན་གཉིས་སྒྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་ལ། རྐང་འོག་ཏུ་འཁོར་ལོ། ལག་ཏུ་དུང་དང་གླེགས་བམ་གཏད་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བྱེད་ལས་གཞན་དོན་འཆད་ཕྲིན་གྱི་གནང་བ་བསྩལ་བར་(མོས་ལ།)ཇི་སྲིད་ནམ་མཁའ་དེ་སྲིད་དུ༔ (7བ)སྐལ་ལྡན་གདུལ་བྱ་རྣམ་མང་པོར༔ ཆོས་སྟོན་ཆོས་ཀྱི་རྒྱལ་མཚན་ཟུངས༔ ཐེག་མཆོག་ལམ་དུ་དབུགས་དབྱུང་ཤིག༔ (ཅེས་དང་།) སླར་ཡང་དེ་ཉིད་བརྟན་པར་བྱ་བའི་སླད་དུ་སངས་རྒྱས་ཀུན་གྱིས་རྡོ་རྗེ་མ་ཤིགས་པའི་བདག་ཉིད་ཅན་རྣམ་རྒྱལ་བུམ་པའི་ཆུ་རྒྱུན་གྱིས་རྒྱལ་ཐབས་སྤྱི་བླུགས་སུ་དབང་བསྐུར་བར་(མོས་ལ།)ཨོཾ༔ བཀྲ་ཤིས་རྣམ་པར་རྒྱལ་བ་ཡི༔ བུམ་པ་བཟང་པོའི་དཀྱིལ་འཁོར་དུ༔ རིགས་འདུས་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་ཧྲྰུྃ་ཏྲཱྃ་ཧྲཱིཿཨཱཿཨཱ་ཡུརྫྙཱ་ན་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་བུམ་ཆུ་མྱང་།)བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཐམས་ཅད་འདུས་པའི་སྤྱི་གཟུགས་རྒྱལ་བ་འོད་མི་འགྱུར་བས་དབུ་བརྒྱན། སྤྱན་དྲངས་པའི་ལྷ་རྣམས་ཀྱང་རང་ལ་དབྱེར་མེད་དུ་ཐིམ་པར་(མོས་ལ།) ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། (ཞེས་མེ་ཏོག་འཐོར།) དེ་ལྟར་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་བྱིན་གྱིས་བརླབས་པ་ལ་མངའ་དབུལ་བའི་སླད་དུ་མཆོད་པར་(མོས་ལ།) ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་པུཥྤེ་(ནས།)ཤཔྡ་པྲ་ཏཱིཙྪ་སྭཱཧཱ(འི་བར་གྱིས་མཆོད།) དེ་ལྟ་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་(8ན)བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །(ཞེས་རྟོགས་པ་བསྐྱེད་དོ། །གཉིས་པ་ཁྱད་པར་གྱི་དབང་ལ་གསུམ་གྱི། དང་པོ་གསང་དབང་ནི། མཎྜལ་ཕུལ་ལ།)ཨེ་ཧ་ཧོཿ བདེ་བ་ཆེན་པོའི་བདག་ཉིད་ཀྱི༔ ཡེ་ཤེས་རོལ་པའི་བྱང་ཆུབ་སེམས༔ གསང་བ་མཆོག་གྱི་དཀྱིལ་འཁོར་དུ༔ བདག་ཅག་སྨིན་པར་མཛད་དུ་གསོལ༔ (ཞེས་གསོལ་བ་བཏབ།) སློབ་དཔོན་པདྨ་ཚེ་དཔག་མེད་རང་སྣང་གི་ཡུམ་ཙཎྜ་ལཱི་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རྟེན་དུ་གྱུར་པ་དྷུ་ཏིའི་ལམ་ནས་བརྒྱུད་འཁོར་ལོ་བཞིར་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ་ཡུམ་གྱི་པདྨོར་འཁྱིལ་བ་ཉི་ཟླ་གཉིས་འདྲེས་ཀྱི་ཐིག་ལེ་བདུད་རྩི་དྭངས་མའི་རྒྱུན་དེ་ཉིད་ལྕེ་ཐོག་ཏུ་བཞག་པར་(མོས་ལ།)ཨཱ༔ འཆི་མེད་རྒྱལ་བའི་དཀྱིལ་འཁོར་པ༔ སྦྱོར་བ་བྱང་ཆུབ་སེམས་ཀྱི་མདངས༔ དམ་ཚིག་མཆོག་གི་རྫས་ཆེན་པོ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བོ་དྷི་ཙིཏྟ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཨ་ཧོ་མཧཱ་སུ་ཁ་ཨ་ལ་ལ་ཧོ༔ (ཞེས་བདུད་རྩི་མྱང་།)བྱང་སེམས་ (8བ)ཡི་གེའི་སྤྲིན་ཨཱ་ལི་ཀཱ་ལིའི་རྣམ་པར་འཆར་བས་རྩ་གནས་ཐམས་ཅད་གང་སྟེ་རྩའི་འཆིང་བྱེད་ཀྱི་མདུད་པ་གྲོལ། གཟུང་འཛིན་བརྒྱད་ཅུའི་རྟོག་པ་འགགས། ཐིག་རླུང་སེམས་གསུམ་ཡེ་ཤེས་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས་ནས་བདེ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསམ། དེ་ལྟ་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་གཏུམ་མོ་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུ་བདག་བྱིན་གྱིས་རློབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །(ཞེས་རྟོགས་པ་བསྐྱེད། གཉིས་པ་ཤེར་དབང་ནི། མཎྜལ་ཕུལ་ལ།)ཨེ་མ་ངོ་མཚར་རྨད་བྱུང་བ༔ ཡང་དག་ཡོན་ཏན་བླ་ན་མེད༔ ཤེས་རབ་སྙིང་པོའི་དཀྱིལ་འཁོར་དུ༔ རྣམ་གྲོལ་དབང་མཆོག་བསྐུར་ཏུ་གསོལ༔ (ཞེས་གསོལ་བ་བཏབ།) རང་ཉིད་བཅོམ་ལྡན་ཚེ་དཔག་མེད་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བ་ལ། སློབ་དཔོན་གྱི་ཡུམ་ཙཎྜ་ལཱི་ལས་རིགས་མཐུན་ཚེ་ལམ་གྱི་ཕྱག་རྒྱ་པདྨ་ཅན་གཟུགས་དང་ལང་ཚོ་མཚན་ཉིད་ཕུན་སུམ་ཚོགས་པ་ཞིག་རྣམ་པར་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་(མོས་ལ།)ཧོཿ ཆོས་རྣམས་མ་ལུས་འབྱུང་བའི་གནས༔ རྣམ་པ་ཀུན་ལྡན་ཡིད་འོང་མ༔ (9ན) འདི་བརྟེན་དགའ་བྲལ་ལྷན་སྐྱེས་ཀྱི༔ ཡེ་ཤེས་དྲི་མེད་རྟོགས་པར་གྱིས༔ པདྨ་མུ་ཏྲ་ཛྙཱ་ན་མོཀྵ་ཨ་བྷི་ཥིཉྩ་ཧོ༔ (ཞེས་རིག་ཙཀ་གམ་དྲིལ་བུ་བླངས། རིག་མ་དེས་ཀྱང་།)ཨེ་མ་བདག་གི་གསང་བའི་མཁའ༔ བདེ་ཆེན་མཆོག་ནི་ཡང་དག་ལྡན༔ གང་ཞིག་ཆོ་གས་བརྟེན་བྱས་པ༔ དེ་ཡི་མདུན་དུ་བདག་གནས་སོ༔ འཆི་མེད་མགོན་པོ་དགྱེས་ལ་སོགས༔ བྱ་བ་གསང་བ་ཇི་བཞིན་བྱེད༔ རྣལ་འབྱོར་རྒྱལ་པོ་ཁྱོད་ཉིད་ནི༔ དཀྱིལ་འཁོར་འདིར་ནི་རྟག་ཞུགས་མཛོད༔ བློ་ཆེན་སྲེད་དང་བྲལ་བའི་ངང་༔ དགའ་བཞིའི་ཡེ་ཤེས་མཆོག་ལ་རེག༔ བྷཉྫ་མོཀྵ་ཧོཿ (ཞེས་བདེ་བ་བསྒྲུབ་པར་གདམས་པ་ན།)ཤེས་རབ་མ་དང་འདུ་ཤེས་གསུམ་གྱི་རོལ་པས་རྗེས་ཆགས་བདེ་ཆེན་གྱི་ཡེ་ཤེས་ཆེར་འབར་བས་གཉིས་སྣང་གི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་ནས་བྱང་སེམས་ཐིག་ལེའི་དྭངས་མ་དབབ་བཟློག་གི་སྦྱོར་བས་བདེ་སྟོང་དགའ་བ་བཞིའི་ཡེ་ཤེས་ཀྱི་རོལ་མོ་རྒྱུད་ལ་བརྟན་པར་(བསམ་ཞིང་།) ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭབྷ་ཝ་ཨཏྨ་ཀོ྅ཧཾ༔ (ཞེས་འཁྱུད་རྒྱ་བྱ།) དེ་ལྟ་ན་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་(9བ)དུ་བྱས། འབྲས་བུ་ཐུགས་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །(ཞེས་རྟོགས་པ་བསྐྱེད། གསུམ་པ་ཚིག་དབང་ནི། མཎྜལ་ཕུལ་ལ།)ཨེ་མ་ཧོཿ ཀུན་ཏུ་བཟང་པོ་ཆེ་བའི་མཆོག༔ ཡེ་ཤེས་སྙིང་པོ་བླ་ན་མེད༔ དཀྱིལ་འཁོར་གཙོ་བོའི་བཀའ་དྲིན་གྱིས༔ དོན་གྱིས་དབང་མཆོག་བསྐུར་ཏུ་གསོལ༔ (ཞེས་གསོལ་བ་བཏབ།)བླ་མ་འཆི་མེད་མགོན་པོའི་ཞལ་ནས་སྐྱེད་མེད་རྡོ་རྗེའི་ཚིག་གིས་རང་བྱུང་དོན་གྱི་དགོངས་པ་ངོ་སྤྲད་དེ་དབུགས་དབྱུང་བར་(མོས་ལ།)ཨོཾ༔ གདོང་མའི་ཀ་དག་དབྱིངས་ཀྱི་བབ༔ སྤྲོས་མཐའ་ཀུན་བྲལ་བདེ་བ་ཆེ༔ རང་བྱུང་རིག་སྟོང་རྗེན་པ་འདི༔ མ་བཅོས་ཆོས་སྐུའི་དགོངས་པའོ༔ བཛྲ་ཨཱ་ཡུརྫྙཱ་ན་དྷ་རྨ་དྡྷ་ཏུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ (ཞེས་རང་བྱུང་གི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་ངང་ལ་མཉམ་པར་བཞག །)དེ་ལྟ་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ཕྲ་བའི་སྒོ་གསུམ་སྣང་གསུམ་གྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །(ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་རྗེས་ཀྱི་བྱ་བ་ནི།)གཙོ་བོས་ཇི་ལྟར་བཀའ་བསྩལ་བ། །(9ན) དེ་དག་ཐམས་ཅད་བདག་གིས་བགྱིད། །(ཅས་དང་།) དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །(ཞེས་དམ་ཚིག་ཁས་བླངས་ཏེ་ལུས་ལོངས་སྤྱོད་དབུལ་ཞིང་། སླར་ཡང་གཏང་རག་གི་མཎྜལ་སྔར་ལྟར་ཕུལ་ལོ། །དེ་ནས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ཀྱང་ལས་བྱང་བཞིན་མཐར་དབྱུང་བར་བྱའོ། །ལམ་དབང་བདུད་རྩིའི་རྒྱུན་བཟང་གིས། །རྒྱུ་ཡིས་སྨིན་བྱེད་གསོས་ཐེབས་ཏེ། །འབྲས་བུའི་དབང་མཆོག་རྡོ་རྗེའི་སྐུ། །འཆི་མེད་རིག་འཛིན་མྱུར་འགྲུབ་ཤོག །ཅེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་དབང་བསྐུར་རྩ་བའི་གཞུང་ལས་ངག་འདོན་སྙིང་པོར་བཀོལ་ཞིང་མཚམས་སྦྱོར་གྱི་སྤྲོས་པ་འཇུག་བ་བདེ་བར་བྱས་ཏེ ལུང་ཟིན་ཆོས་ཀྱི་བདག་པོར་དབུགས་དབྱུང་ཐོབ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལྕགས་མོ་ཡོས་ཀྱི་ལོ་ས་ཟླ་ཕྱི་མའི་ཡར་ངོ་ལ་བུ་ཆུ་རིག་འཛིན་དགའ་ཚལ་དུ་ཚུལ་འདིའི་སྒྲུབ་ཆེན་སྐབས་ཀྱི་ཐུན་མཚམས་སུ་སྤེལ་བ་ཨཱ་ཡུརྫྙཱ་ན་སིདྡྷི་རསྟུ།། །།)