DJYD-KABUM-15-BA-022

From Dudjom Wiki
Revision as of 12:43, 17 July 2024 by Mort (talk | contribs)

DJYD-KABUM-15-BA-022
Wylie title DJYD-KABUM-15-BA-022.pdf
Location bdud 'joms rin po che bka' 'bum
Volume 15, Text 22, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
༄༅། །བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་ཕྲིན་ལས་དང་འབྲེལ་བར་རྒྱལ་འགོང་གིཟ་ཁ་སྤོ་ཐབས་བཞུགས་སོ། ། (1བ)ན་མོ་མ་ཧཱ་གུ་རུ་བཛྲ་ཀྲོ་ངྷ་ལོ་ཀོཏྟ་རཱ་ཡེ།(བླ་མ་དབང་དྲག་འཆོལ་བའི་ཕྲིན་ལས་ལ་བརྟེན་ནས་རྒྱལ་འགོང་གི་ཟ་ཁ་སྤོ་བར་འདོད་ན། སྲོད་དང་ཐོ་རངས་གང་རུང་དུས་གནད་དང་བསྟུན་ཏེ། མདོས་སྣོད་ཚུར་ལེན་མི་དགོས་པའི་གཞི་ལ་བག་ཟན་གྱིས་རྒྱལ་འགོང་གི་གཟུགས་ཁྲུ་གང་ལས་མི་ཆུང་བ་འགྲེང་སྟབས་ཅན་ལུས་ལ་གཟན་ཤམ་སོགས་བཙུན་ཆས་དང་མགོ་ལ་བསྭེ་ཐེབ་གྱོན་པ། ལག་གཉིས་མདུན་དུ་བཟེད་དེ་ལེན་པའི་ཚུལ་ཅན། འཁོར་དུ་སྔགས་གཟུགས། བཙུན་གཟུགས། སྐྱེས་པ། བུད་མེད། བྱིས་པ། སྤྲེའུ། བྱ་དེ་ཕོ། ཐེའུ་རང་སོགས་ལྟོག་འགོང་མང་པོས་བསྐོར་བ་ཞིག་བཟོས་ལ། དེའི་མདུན་དང་མཐའ་སྐོར་དུ་རྩམ་རྐྱལ་སྤྲུགས་པའི་ཕྱེ། ཇ་རོ། མར་ལྐོག ། རུས་པ། སྦང་མ། ཚྭ་ཁུག་དྲེག་པ། ཞོ་དྲེག །གཞན་ཡང་བཟའ་བཏུང་གི་ལྷག་མ། གྱོན་གོས་སྙིང་པོའི་དྲས་དུམ། རྫ་སྣོད་ཕོར་སྡེར་ཆག་དུམ་རས་མ། ཆངས་བུ། ཏིང་ལོ། མཆོད་ཆ་རལ་རོལ་སོགས་དཀོར་ཆ་སྣ་ཚོགས་པ་བཤམ། བདག་ཉིད་ཡི་དམ་གྱི་ང་རྒྱལ་དང་བཅས། མདུན་གྱི་གཟུགས་ལ་དམིགས་ཏེ།) ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྩ་བ་གསུམ་གྱི་བྱིན་རླབས་དང་། །ཆོས་སྐྱོང་སྲུང་མའི་མཐུ་སྟོབས་ཀྱིས། །གནོད་བྱེད་རྒྱལ་འགོང་དམ་སྲི་རྣམས། །མདུན་གྱི་གཟུགས་ལ་ཐིམ་(2ན)པར་གྱུར། །ཨ་ཀརྵ་ཡ་ཛཿཞེས་ལན་གསུམ་སོགས་ཀྱིས་བཀུག་ནས་དངོས་སུ་(གྱུར་པར་བསམ། ཡས་སྟག་ལ་ཆུ་གཙང་བྲན་ཅིང་།) རྃ་ཡྃ་ཁྃ། སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་པར། །ཁྃ་ཡིག་ལས་བྱུང་གླུད་གཏོར་རྒྱ་ཆེ་བ། །འདོད་པའི་ཡོན་ཏན་ལྔ་དང་རབ་ལྡན་ཏེ། །སོ་སོར་མོས་པའི་ར་མཆོག་ཆར་འབེབས་གྱུར། །(ཞེས་བྱིན་བརླབས།) བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །ཨོྃ་ཨ་ཀཱ་རོ་མུ་ཁཾ་སརྦ་ངྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭོཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ།(ཞེས་བརྒྱ་རྩ་སོགས་ཀྱིས་བསྔོས་ལ།)ཧཱུྃ༔ རྒྱལ་པོ་འཁོར་དང་བཅས་པ་རྣམས༔ འདི་རུ་བཞུགས་པ་ཡུན་རིང་བས༔ ཟས་ནོར་དཀོར་ཆ་ཐམས་ཅད་སྟོངས༔ རྒྱལ་པོ་ཆགས་པའི་རྟེན་དང་བྲལ༔ ཕ་ཀི་ཕྱུག་པོ་ཆེ་གེ་མོ༔ བང་མཛོད་ནོར་གྱིས་མི་ཤོང་འདུག༔ ཚད་མང་ཟས་སྐོམ་མི་ཤོང་འདུག༔ གོ་ཁ་མི་ཡིས་གང་ནས་འདུག༔ རྟ་ར་རྟ་ཡིས་གང་ནས་འདུག༔ མཛོ་ར་མཛོ་ཡིས་གང་ནས་འདུག༔ ལྷས་ར་འབྲི་ཡིས་གང་ནས་འདུག༔ ར་ཚང་ར་ཡིས་གང་ནས་འདུག༔ ལུག་ཚང་ལུག་གིས་གང་ནས་འདུག༔ (2བ)སྒོ་ཁྱི་གསེར་མགོ་རྔ་བརྒྱན་འདུག༔ སྤྲེའུ་ནོར་བུས་བརྒྱན་པ་འདུག༔ ལྷ་ཆ་རོལ་མོ་དཔག་མེད་འདུག༔ རྒྱལ་པོ་ཆེན་པོ་ཕེབས་ཡོང་ཟེར༔ གསེར་ཁྲི་གཡུ་ཁྲི་བཤམས་ཤིང་འདུག༔ ལོངས་སྤྱོད་སྣ་དགུ་སྦྱར་ཞིང་འདུག༔ རོལ་མོ་སྣ་ཚོགས་སྦིར་ཞིང་འདུག༔ རྒྱལ་པོ་བྱོན་པའི་ས་རེ་བཟང་༔ རྒྱལ་པོ་བྱོན་ལམ་ཉམས་རེ་དགའ༔ རྒྱལ་པོ་བཞུགས་ཡུལ་དང་རེ་སྤྲོ༔ རྒྱལ་པོ་ཆེན་པོ་དེ་རུ་གཤེགས༔ འདི་ན་དཀོར་ཆ་སྟོངས་པའི་ལྷག༔ སྣམ་རས་སྣ་ཚོགས་ཁྱེད་ལ་རྫོངས༔ ཕོར་སྡེར་གས་ཆག་ཁྱེད་ལ་རྫོངས༔ མཆོད་ཆ་རལ་རོལ་ཁྱེད་ལ་རྫོངས༔ རྩམ་ཟད་རྐྱལ་པ་བརྡབ་ཕྱེ་རྫོངས༔ ཞོ་ཟད་ཟོམ་དྲེག་སྔོ་ནག་རྫོངས༔ ཚྭ་ཟད་ཚྭ་ཁུག་བརྡབ་ནས་རྫོངས༔ ཆང་ཟད་སྦང་མ་འབུས་ཁྱེར་རྫོངས༔ ཤ་ཟད་རུས་པ་ཁྲལ་ཁྲོལ་རྫོངས༔ ཇ་ཟད་ཇ་རོ་ཉལ་ཉིལ་རྫོངས༔ མར་ཟད་མར་ལྐོག་རལ་རྡོལ་རྫོངས༔ ལྷག་རོལ་གང་ཡོད་ཁྱོད་ལ་རྫོངས༔ འདི་རུ་ཆགས་པའི་རྟེན་མེད་པས༔ རྒྱལ་པོ་འཁོར་དང་བཅས་པ་རྣམས༔ ཕྱུགས་པོ་ཆེ་གེའི་ནང་དུ་གཤེགས༔ དེ་རུ་རྒྱལ་པོ་རྟེན་ཆོས་ཤིག༔ ད་ནི་མྱུར་དུ་མ་གཤེགས་ན༔ ཁྱིམ་འདིར་(3ན)དབང་དྲག་འབར་བ་ཡིས༔ ཕོ་བྲང་བཅས་ནས་ཕྱི་ནང་ཀུན༔ གནམ་ལྕགས་སྡིག་པ་འབར་བས་གང༔ ཁྱོད་ཀྱི་ཤ་ཁྲག་མ་ལུས་པ༔ ཧབ་ཧབ་བཟོས་སུ་རོལ་པར་འགྱུར༔ དེ་བས་ད་ལྟ་ཉིད་དུ་གཤེགས༔ ཞེས་བརྗོད་མཐར། གདོན་གཟུགས་དཀོར་ཆ་དང་བཅས་པ་ཕྱི་མིག་མི་བལྟ་བར་ཁྱེར་ལ། དམིགས་བསལ་རང་ལ་སྡང་དགྲའི་རིགས་ཡོད་ན་དེའི་ཁང་པའི་ཕྱོགས་སུ་ཁ་ཕར་བསྟན་ཏེ་བསྐྱལ། དེ་མིན་ལམ་གྱི་བཞི་མདོ་དང་ཆུ་བོའི་གཞུང་སོགས་གང་འོས་སུ་བསྐྱལ་ལ་ཕྱི་མིག་མི་བལྟ་བར་ནང་དུ་ལོག །བཀའ་བསྒོ་དྲག་སྔགས་དང་བཅས་གནས་ཁང་གི་ནང་ཀུན་གུ་གུལ་སོགས་རྫས་རྒོད་ཀྱི་དུད་པ་འཚུབས་འཁྱིལ་དུ་བཏང་། ཐུན་གྱིས་བྲབ་སྟེ་ཕྱིར་བསྐྲད་ལ་སྲུང་འཁོར་བརྟན་པོ་བསྒོམ། སྲུང་བའི་འཁོར་བྱང་ཡོད་ན་སྒོ་གང་དུ་སྦྱར། དེ་ལྟར་དོར་བའི་གཟུགས་འགྲོས་དཀོར་ཆ་རྣམས་ཕ་རོལ་པོའི་སྒོ་ཁྱིས་ཟོས་ན་བཟང་། མ་ཟོས་ན་བསྐྱར། རང་གི་སྒོ་ཁྱིར་བཟའ་རུ་མི་འཇུག །འདིས་ནི་རྒྱལ་འགོང་གིས་ཟ་ཁ་ཟུག་པ་བཟློག་པར་འགྱུར། ལན་གསུམ་བསྐྱར་བས་མ་བཟློག་ན། གནད་དུ་དབབ་པ་དང་། ཨར་ལ་གཏད་པ་དང་། ཤི་ས་བསྟན་པས་འདུལ་བར་བྱ་སྟེ། དེའི་ཚུལ་ནི་ཐུན་མིན་མན་ངག་ལས་ཤེས་པར་བྱའོ། །ཞེས་པའང་གཏེར་བྱོན་བླ་མ་དབང་དྲག་འབར་བའི་མན་ངག་(3བ)ལས་ཚོགས་ལ་བརྟེན་ནས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཇུག་བདེའི་ལག་ལེན་ཁྲིགས་སུ་བསྡེབས་པ་ཛ་ཡནྟུ།། །།