DJYD-KABUM-15-BA-030

From Dudjom Wiki
Revision as of 12:47, 17 July 2024 by Mort (talk | contribs)

DJYD-KABUM-15-BA-030
Wylie title DJYD-KABUM-15-BA-030.pdf
Location bdud 'joms rin po che bka' 'bum
Volume 15, Text 30, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 15: . Kalimpong: Dupjung Lama, 1979-1985.
Side notes   Verso: spu gri reg phung
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre
Cycle རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་ (rdo rje phur pa spu gri reg phung)
Deity rdo rje phur pa
[edit]
༁ྃ༔ ཕུར་པ་སྤུ་གྲི་རེག་ཕུང་གི་རྩ་བ་བཞུགས་སོ༔

(1བ)བླ་མ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་གསང་བ་གཅིག་ཏུ་དྲིལ་ཞིང་བིདྱཏྟོ་མ་ལ་འབུམ་སྡེའི་སྙིང་པོའི་ཡང་ཞུན་བཅུད་དུ་བསྡུས་པ་རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་གི་གདམས་པ་འདི་ལ་གསུམ་སྟེ༔ སྨིན་བྱེད་དབང་༔ གྲོལ་བྱེད་ཁྲིད༔ ཕྲིན་ལས་ཁ་ཚར་རོ༔ དང་པོ་ནི༔ དབང་མ་ཐོབ་པ་ལ་དངོས་གྲུབ་ལྟ་ཅི་ཉན་པ་ཙམ་གྱིའང་སྐལ་བ་མེད་པས་ཐོག་མར་དབང་ལ་འཇུག་པར་བྱའོ༔ དེའང་དཔོན་སློབ་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ན་དབེན་པའི་གནས་བཙལ་ལ་སའི་ཆོ་ག་བྱ་ཞིང་དཀྱིལ་འཁོར་བྲི༔ དབང་རྫས་བུམ་པ་(2ན)བདུད་རྩི་ལྔས་བཀང་བ༔ སྒྲུབ་པའི་ཕུར་བུ༔ གསང་ཐོད༔ རིག་མ༔ ཤེལ་རྡོ༔ ཕྱི་ནང་གསང་བའི་ཆོད་པ་རྣམས་བཤམ༔ དབང་སྒྲུབ་བསྙེན་པ་ཚུལ་བཞིན་དུ་བྱས་ལ་སྒྲུབ་པ་རྟགས་ཐོན་ནས༔ སློབ་མའི་བྱུར་དང་བགེགས་ཕྲལ་ནས་མཎྜལ་ཕུལ་ལ༔ ཧོཿ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ཕྱིར༔ རྡོ་རྗེ་གཞོན་ནུའི་དབང་མཆོག་སྩོལ༔ ཞེས་གསོལ་བ་བཏབ༔ སྐྱབས་སེམས་ཚོགས་བསགས་ཀྱིས་རྒྱུད་སྦྱངས་ལ་དམ་ཚིག་བཟུང་༔ དེ་ནས་སློབ་མ་རྡོ་རྗེ་གཞོན་ནུར་གསལ་ཞིང་སློབ་(2བ)དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ཡེ་ཤེས་པ་སྐུ་དང་ས་བོན་ཕྱག་མཚན་གྱི་རྣམ་པར་བྱོན་ནས་སློབ་མའི་ལུས་ཀྱི་ནང་གང་སྙིང་གའི་ཧཱུྃ་ལ་ཐིམ་པས་བདེ་སྟོང་གི་ཡེ་ཤེས་རྩོལ་མེད་དུ་ཤར་བའི་དོན་ལ་མཉམ་པར་འཇོག་ཏུ་བཅུག༔ རོལ་མོའི་སྒྲ་དང་སྙིང་པོའི་མཐར༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ༔ ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུྃ་ཨ་ཧཾ་ཛྷེཾ༔ ཞེས་བཟླས་ཤིང་བྱིན་ཕེབས་པའི་རྟགས་བྱུང་བ་ན་ཏིཥྛ་བཛྲས་བརྟན་པར་བྱ༔ བུམ་པ་སྤྱི་བོར་བཀོད་ཅིང་༔ ཧཱུྃ༔ སྟོང་གསལ་ཆོས་དབྱིངས་བུམ་པ་རུ༔ བདེ་ཆེན་ཕུར་པའི་ལྷ་ཚོགས་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེ་གཞོན་ནུའི་སྐུ་ཐོབ་ཤོག༔ སྔགས་མཐར༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བསྐུར་བས་ཆུས་ལུས་གང་ལྷག་མ་སྤྱི་བོར་ལུད་པ་ལས་ཁྲག་འཐུང་རིགས་ལྔས་དབུ་བརྒྱན་པར་བསམ༔ སྒྲུབ་ཕུར་དཀྱིལ་འཁོར་གསུམ་གྱི་རང་བཞིན་སློབ་མར་དབྱེར་མེད་དུ་བསྟིམས་ལ༔ ཧཱུྃ༔ སྣང་སྲིད་ཕུར་བུའི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྫོགས༔ རྩ་བའི་དཔལ་ཆེན་བསྒོམ་པ་དང་༔ ཕྱོགས་བཅུའི་ཁྲོ་བོ་སྤྲུལ་པར་འགྱེད༔ རྗས་ཀྱི་(3ན)སྲས་མཆོག་ལས་མ་མངགས༔ བསྙེན་སྒྲུབ་ཕྲིན་ལས་དབང་ཐོབ་ཤོག༔ ཅེས་ཛཔྲ་དབྱངས་དང་བཅས་ཕུར་པ་གནས་གསུམ་དུ་བཞག་ཅིང་ཕུར་བསྐོར་བྱ༔ གསང་རྫས་བདུད་རྩི་སྦྱིན་ལ༔ ཧཱུྃ༔ བླ་མ་ཧེ་རུ་ཀ་ཡབ་ཡུམ༔ དགའ་བཞི་རོལ་པའི་བྱང་ཆུབ་སེམས༔ བུ་ཡི་ལྕེ་ལ་བཞག་པ་ཡིས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ སྔགས་མཐར༔ གུ་ཧྱ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བྱང་སེམས་བདུད་རྩིས་རྩ་གནས་ཐམས་ཅད་གང་ནས་དྭངས་མ་གསལ་ཞིང་བདེ་དྲོད་རྒཡས་པར་བསམ༔ རིག་མ་གཏད་ལ༔ ཧཱུྃ༔ ཤེས་རབ་ཡུམ་གྱི་པདྨ་ལ༔ ཆགས་མེད་བདེ་སྟོང་ཐིག་ལེར་འཁྱིལ༔ འགྱུར་མེད་ལྷན་སྐྱེད་དགའ་བ་མྱོང་༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ སྔགས་མཐར༔ མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བདེ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བར་བསམ༔ ཤེལ་རྡོ་བསྟན་ལ༔ ཧཱུྃ༔ ཕྱི་དང་ནང་མེད་ཟང་ཐལ་གསལ༔ ཡེ་ནས་རྣམ་དག་རིག་པའི་གཤིས༔ རང་གྲོལ་འཛིན་མེད་ལྷུག་པ་འདི༔ རྡོ་རྗེ་གཞོན་ནུའི་དགོངས་པ་ཡིན༔ སྔགས་མཐར༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིག་པའི་རྩལ་དབང་བསྐུར་ལ་ཉམས་བསྐྱང་དུ་གཞུག༔ (3བ)དེ་དག་གིས་དབང་བཞི་ཐོབ༔ སྒྲིབ་བཞི་དག༔ ལམ་བཞི་བསྒོམ་པ་ལ་དབང་༔ འབྲས་བུ་སྐུ་བཞི་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ཅེས་ངོ་སྤྲད༔ སློབ་མས་དམ་ཚིག་ཁས་བླངས་ལ་གཏང་རག་འབུལ༔ ཚོགས་ཀྱི་འཁོར་ལོ་བྱ་ཞིང་གཏོར་མ་སྐྱོང་༔ དཀྱིལ་འཁོར་བསྡུ་ཞིང་སྨོན་ལམ་དང་བཀྲ་ཤིས་བྱའོ༔ འདི་ནི་རྩ་བ་ཐུགས་ཀྱི་དབང་བཞི་ཤིན་ཏུ་ཟབ་ཅིང་གཉན་པ་ཡིན་པས་གང་ཐོད་ཐོད་ལ་མི་བསྐུར་ཞིང་སྐལ་ལྡན་རྣམས་ལའང་དམ་ཚིག་གི་གསང་རྒྱས་འདེབས་པ་གལ་ཆེའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་གྲོལ་བྱེད་ཁྲིད་ལ་ཐལ་འབྱིན་གྱི་དགོངས་པ་རྣམ་པ་བཞི་སྟེ༔ རིག་པ༔ བྱང་སེམས༔ ཐུགས་རྗེ༔ རྫས་སོ༔ དང་པོ་རིག་པའི་ཕུར་བུ་ལ༔ འདེབས་པ་པོ་ནི༔ བློ་ཤིན་ཏུ་ཡངས་ལ་རྒྱ་ཆེ་བ་ནམ་མཁའ་ལྟ་བུའི་གང་ཟག་གིས་སོ༔ འདེབས་བྱེད་ཀྱི་ཕུར་པ་ནི༔ རང་བྱུང་རིག་པའི་ཡེ་ཤེས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའོ༔ འདེབས་པའི་ཡུལ་ནི༔ ཆོས་ཀྱི་དབྱིངས་རང་བཞིན་ཀུན་ཁྱབ་བརྡལ་བ་ཆེན་པོའི་ཀློང་དུའོ༔ འདེབས་པའི་ཐབས་ནི༔ ཐ་མལ་གྱི་ཤེས་པ་སོར་བཞག་དགག་སྒྲུབ་རེ་དོགས་སྤང་བླང་གི་རྩིས་གདབ་དང་བྲལ་(4ན)བར་དབྱིངས་དང་ཡེ་ཤེས་གཉིས་མེད་ཆུ་དང་འོ་མ་འདྲེས་པའི་ཚུལ་གྱིས་ཏེ༔ དེའང་རང་བྱུང་གི་རིག་པ་བློ་འདས་ཆེན་པོའི་འདི་ཉིད་ཀ་དག་རྡོ་རྗེ་གཞོན་ནུའི་དགོངས་པར་ངོ་རང་ཐོག་ཏུ་སྤྲད༔ རང་བབས་གཉུག་མའི་གཤིས་ལུགས་བཞི་ཆ་སུམ་བྲལ་གྱི་ངང་ལས་ནམ་ཡང་མི་གཡོ་བར་གནས་པས་ཐག་གཅིག་ཐོག་ཏུ་བཅད༔ དྲན་རྟོག་ཅི་འཕྲོ་རང་ཤར་རང་གྲོལ་འཛིན་རྩོལ་སྤང་བླང་གཉེན་པོ་མེད་པར་གདིང་གྲོལ་ཐོག་ཏུ་འཆོས་པའོ༔ ཐེབས་པའི་རྟགས་ནི༔ ཐ་མལ་གྱི་མཚན་རྟོག་མཐའ་དག་ཆོས་ཉིད་ཀྱི་ཀློང་དུ་གྲོལ་ཏེ་བྱར་མེད་དུ་རྟོགས་པའི་གདིང་ཐོབ་པའོ༔ མ་ཐེབས་པའི་སྐྱོན་ནི༔ རང་ལས་རང་འཁྲུལ་ཏེ་ལམ་གྱི་ཐབས་གང་བསྟེན་ཀྱང་མཐའ་གཅིག་ཏུ་ཞེན་འཛིན་གྱིས་བཅིངས་ནས་སངས་རྒྱས་ཐོབ་པའི་དུས་མེད་པའོ༔ ཐེབས་པའི་ཡོན་ཏན་ནི༔ རྣམ་པར་རྟོག་པ་རང་ག་མས་འཁོར་བར་འཁྱམས་པའི་སྐྱོན་ལས་གྲོལ་ཏེ་དབྱིངས་རིག་ཟུང་འཇུག་ཡེ་ཤེས་བླ་མའི་ས་ཐོབ་པར་བྱེད་པའོ༔ གཉིས་པ་བྱང་སེམས་ཀྱི་ཕུར་བུ་ལ༔ འདེབས་པ་པོ་ནི༔ བློ་ཆགས་པ་དང་བཅས་པ་བྱ་ཀ་ལནྡ་ལྟ་བུའི་གང་ཟག་གིས་སོ༔ འདེབས་བྱེད་ཀྱི་ཕུར་པ་ནི༔ དགའ་བ་བཅུ་དྲུག་གི་ཐིག་ལེས་གཏམས་ཤིང་བྱིན་གྱིས་བརླབས་པའི་རྡོ་རྗེའོ་(4བ)འདེབས་པའི་ཡུལ་ནི༔ རང་བྱུང་གི་ཆོས་འབྱུང་ཡུམ་མཚན་ཉིད་དང་ལྡན་པ་གསང་རྩ་པདྨ་ཅན་ལ་སོགས་པ་ཡོད་པའོ༔ འདེབས་པའི་ཐབས་ནི༔ གཉིས་ཀ་རྩ་རླུང་གིས་རྒྱུད་སྦྱངས་ལ་འདུ་ཤེས་གསུམ་གྱི་སྒོ་ནས་མཉམ་པར་སྦྱོར་བས་ཐིག་ལེ་ཕབ༔ ལུགས་འབྱུང་གི་དགའ་བ་བཞི་རིམ་པར་བསྐྱེད་ཅིང་བདེ་བ་བསྐྱང་༔ དེ་ལས་ལྡོག་ཅིང་ཁྱབ་པར་བཀྲམ་ནས་ལུགས་ལྡོག་གི་དགའ་བཞིའི་མཐར་ཐུག་པར་སྐྱེལ་བ་ཐིག་ལེ་འཕོ་མེད་ཆུ་སྲིན་གྱི་གྲེ་བར་རིན་པོ་ཆེ་ཚུད་པའི་ཚུལ་གྱིས་སོ༔ ཐེབས་པའི་རྟགས་ནི༔ གཉིས་སྣང་གི་རྟོག་ཚོགས་ཐམས་ཅད་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་སུ་ཤར་བའི་གདིང་ཐོབ་པའོ༔ མ་ཐེབས་པའི་སྐྱོན་ནི༔ དཔེའི་ཡེ་ཤེས་ངོ་མ་འཕྲོད་པས་དོན་གྱི་ཡེ་ཤེས་ངོ་མི་འཕྲོད་ཅིང་དེས་འཁོར་བར་ལྟུང་བའོ༔ ཐེབས་པའི་ཡོན་ཏན་ནི༔ ཆགས་པར་རང་རྒྱུད་པས་མངལ་གྱི་སྲིན་བུར་སྐྱེ་བའི་སྐྱོན་ལས་གྲོལ་ཏེ་བདེ་ཆེན་ཁ་སྦྱོར་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱེད་པའོ༔ གསུམ་པ་ཐུགས་རྗེའི་ཕུར་བུ་ལ༔ འདེབས་པ་པོ་ནི༔ བློ་བརྟན་ཅིང་མི་འགྱུར་བ་རི་བོ་ལྟ་བུའི་གང་ཟག་གིས་སོ༔ འདེབས་བྱེད་ཀྱི་ཕུར་པ་ནི༔ ཐུགས་རྗེའི་རྩལ་སྣང་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ཆོ་འཕྲུལ་དུ་(5ན)སྤྲུལ་པའོ༔ འདེབས་པའི་ཡུལ་ནི༔ ཁམས་གསུམ་སྣོད་བཅུད་ཐ་མལ་དུ་བཟུང་བའི་ཞེན་འཛིན་གྱི་རྟོག་པ་རང་ག་མའོ༔ འདེབས་པའི་ཐབས་ནི༔ ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་སྣོད་བཅུད་དཀྱིལ་འཁོར་གསུམ་དུ་བསྒོམ་ཞིང་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པ་སྣང་ལ་རང་བཞིན་མེད་པ་མེ་ལོང་ལ་གཟུགས་བརྙན་ཤར་བའི་ཚུལ་གྱིས་སོ༔ ཐེབས་པའི་རྟགས་ནི༔ མ་དག་པའི་སྣང་བ་ནུབ་ཅིང་དག་པའི་སྣང་བ་འབྱམས་ཀླས་ཏེ་འཁྲུལ་སྣང་ལྷར་ཤར་བའི་གདིང་ཐོབ་པའོ༔ མ་ཐེབས་པའི་སྐྱོན་ནི༔ ཐུགས་རྗེའི་དཔྱང་ཐག་ཆད་པས་སེམས་ཅན་འཁོར་བའི་གཡང་སར་འཁྱལ་ཞིང་རང་ཉིད་ཐར་པའི་ལམ་ཐག་རིང་བའོ༔ ཐེབས་པའི་ཡོན་ཏན་ནི༔ རྟོགས་པས་བདག་བསྒྲལ་ནས་ལྷར་སྣང་རང་རྒྱུད་པས་རུ་དྲར་གོལ་བའི་ཉེས་སྐྱོན་ལས་བྲལ་ཏེ་ཐུགས་རྗེ་སྤྲུལ་པའི་སྐུ་ཐོབ་པར་བྱེད་པའོ༔ བཞི་པ་རྫས་ཀྱི་ཕུར་བུ་ལ༔ འདེབས་པ་པོ་ནི༔ རྒྱུད་བཟང་ལ་རབ་ཏུ་གཏུམ་པ་ཙནྡན་ལྟ་བུའི་གང་ཟག་གིས་སོ༔ འདེབས་བྱེད་ཀྱི་ཕུར་བུ་ནི༔ དངུལ༔ གསེར༔ ཟངས༔ ལྕགས་རྣམས་སམ་དེ་དང་མཐུན་པའི་ཤིང་གི་ཕུར་པ་(5བ)མགོ་བོ་རྒྱ་མདུད་སྐེད་པ་ཆང་བཟུང་ལྟེ་བ་རྒྱ་མདུད་དང་ཆུ་སྲིན༔ རྩེ་མོའི་དབལ་ཟླུམ་པོ༔ གྲུ་བཞི༔ ཟླ་གམ༔ ཟུར་གསུམ་པ༔ བཀྲ་བ༔ བརྗིད་པ༔ མཛེས་པ༔ རྣོ་བ༔ བདུད་རྩི༔ བརྒྱད་ལྡན༔ མྱོས་བྱེད༔ དུག་གིས་ངར་བཏབ་པའོ༔ འདེབས་པའི་ཡུལ་ནི༔ འཇིགས་པ་བརྒྱད་༔ འབྱོར་པ་དྲུག༔ དགོས་པ་གསུམ༔ ཉམས་པ་བདུན་རྣམས་ལའོ༔ འདེབས་པའི་ཐབས་ནི༔ རྣལ་འབྱོར་པ་ལྟ་བའི་རྫོང་དུ་ཞུགས༔ སྒོམ་པའི་འཕྲང་ལས་གྲོལ༔ སྙིང་རྗེའི་སྲོག་དང་ལྡན་པས༔ བདག་ལྷ༔ རྫས་སྲས་མཆོག་རིགས་བཞི༔ གང་ལ་འདེབས་པའི་ཡུལ་དེ་མངོན་སུམ་བཞིན་དུ་བསྒོམས་པའི་ཐབས་ཀྱིས་ཐོགས་པ་མེད་པར་འབྱིན་པ་ནོར་བུ་མིག་ཡངས་ལ་རྟ་རྔ་བརྒྱུས་པའི་ཚུལ་གྱིས་སོ༔ ཐེབས་པའི་རྟགས་ནི༔ ཞི་རྒྱས་དབང་དྲག་གི་ཕྲིན་ལས་ལ་རང་དབང་འབྱོར་པའི་གདིང་ཐོབ་པའོ༔ མ་ཐེབས་པའི་སྐྱོན་ནི༔ འགལ་རྐྱེན་མི་བཟློག་ཅིང་མཐུན་རྐྱེན་མི་འཛོམ༔ མི་སྲུན་པ་རྣམས་མི་ཐུལ་ཞིང་༔ སངས་རྒྱས་ཀྱི་བསྟན་པ་མི་འཕེལ་བའོ༔ ཐེབས་པའི་ཡོན་ཏན་ནི༔ རང་གཞན་གང་ལའང་འཇིགས་པ་བརྒྱད་ཀྱིས་མི་ཚུགས༔ འབྱོར་(6ན) པ་དྲུག་དང་ལྡན༔ དགོས་པ་གསུམ་དབང་དུ་འདུ༔ ཉམས་པ་བདུན་ཚར་གཅོད་ཅིང་༔ རང་གཞན་གྱི་དོན་འགྲུབ༔ བསྟན་དང་བསྟན་འཛིན་དབུ་འཕང་དམའ་བའི་སྐྱོན་ལས་གྲོལ་ཏེ་སངས་རྒྱས་ཀྱི་བསྟན་པ་འཕེལ་བར་བྱེད་པའོ༔ ཕུར་པ་མཁན་པོ་ཐལ་འབྱིན་གྱི་དགོངས་པ་འདི་བཞི་དང་ལྡན་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

གསུམ་པ་ཕྲིན་ལས་ཁ་ཚར་གྱི་རིམ་པ་ནི༔ སྒྲུབ་རྟེན་ཕུར་པ་མཚན་ཉིད་དང་ལྡན་པ་བྱུག་སོགས་གསུམ་གྱིས་གཟི་བྱིན་བསྐྱེད་ལ་དལ་གྱི་དབུས་སུ་ཨེ་ཁྲམ་ལ་བརྟན་པར་འགོད༔ གཏོར་མ་སྨན་རཀ་སོགས་ཕྱི་ནང་གི་མཆོད་རྫས་འབྱོར་ཚོགས་བཤམས་ལ་བྱིན་གྱིས་བརླབ༔ ཚོགས་བསགས་ཀྱིས་རྒྱུད་སྦྱོང་ཞིང་༔ བགེགས་བསྐྲད་པ་དང་སྲུང་བའི་འཁོར་ལོ་སྒོམ་པ་རྣམས་སྔོན་དུ་འགྲོ་བས༔ དངོས་གཞི་བསྐྱེད་རིམ་ནི༔ ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ཡིས༔ ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔ འབར་བ་ཆེན་པོ་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ རང་བྱུང་ལྷུན་གྲུབ་གཞལ་ཡས་དབུས༔ སྣ་ཚོགས་པདྨ་ཟླ་ཉི་དང་༔ ལྷ་ཆེན་ཕོ་མོ་བསྣོལ་(6བ)བའི་སྟེང་༔ རིག་པ་ཧཱུྃ་གི་འཕྲོ་འདུ་ལས༔ བདག་ཉིད་མ་བཅོས་རྫོགས་པའི་ལྷ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་བཞད་གཤེ་རྔམས༔ ཕྱག་དྲུག་གཡས་ཀྱི་དང་པོ་གཉིས༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་གདེངས༔ ཐ་གཉིས་རི་རབ་ཕུར་བུ་འདྲིལ༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཅན༔ མ་ཧཱ་རུ་དྲའི་སྤྱི་ནས་བརྫིས༔ ཁྲོ་གཏུམ་མི་བཟད་གར་དགུར་ལྡན༔ ཧཱུྃ་ཧཱུྃ་རྡོ་རྗེའི་གསུང་གདངས་ཅན༔ ཐབས་དང་ཤེས་རབ་གཤོག་པ་གདེངས༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཉི་ཁྲི་ཆིག་སྟོང་གྱེན་དུ་འཁྱིལ༔ བྱེ་བ་ཐེར་འབུམ་རྡོ་རྗེས་གཏམས༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཨུཏྤལ་དུང་དམར་སྟོབ༔ ཕྱག་རྒྱ་ལྔ་ཡི་རྒྱན་འཆང་ཞིང་༔ གཡས་བརྐྱང་གཡོན་བསྐུམ་ཡབ་དང་སྦྱོར༔ རྡོ་རྗེ་པདྨ་མཉམ་པར་རོལ༔ སྤྱི་བོར་རིགས་ཀྱི་ཁྱུང་ཆེན་ལྡིང་༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་༔ སྲས་མཆོག་ཉེར་གཅིག་སྤྲུལ་པར་བཅས༔ རང་རིག་རང་གསལ་ངང་དུ་བསྐྱེད༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ བཛྲ་སཏྭ་དཀར་གསལ་འཚེར༔ རྡོ་རྗེ་དྲིལ་འཛིན་ལོངས་(7ན)སྐུའི་ཆས༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་བཞུགས༔ དེ་ཡི་ཙིཏྟའི་གུར་ཁང་དབུས༔ ཉི་སྟེང་རྡོ་རྗེ་རྩེ་ལྔའི་ལྟེར༔ སྲོག་གི་སྙིང་པོ་ཧཱུྃ་མཐིང་མཐར༔ འབར་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ ཕྱི་རིམ་འཁོར་ལོའི་རྩིབས་སྟེང་དུ༔ ཁྲོ་བཅུ་རང་རང་ཡུམ་དང་བཅས༔ ཟ་གསོད་ཕོ་ཉའི་སྤྲིན་ཕུང་འཕྲོ༔ སྒོ་བཞིར་ཕྲིན་ལས་སྒོ་མ་བཞི༔ མུ་རན་དམ་ཅན་སྲུང་མའི་ཚོགས༔ ཡེ་ཤེས་རོལ་རྩལ་བསམ་མི་ཁྱབ༔ ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་གདབ༔ སྣོད་བཅུད་རྒྱུད་བཅས་རྣམ་དག་པ༔ ཡེ་ཤེས་ལྔ་རུ་རང་དབང་བསྐུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷིཥིཉྩ་ཧཱུྃ༔ ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་ཆེན་འཁོར་བཅས་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོཿ པྲ་ཏཱི་ཙ་ཧོཿ ཧཱུྃ༔ བླ་མེད་འདོད་ཡོན་མཆོད་པ་ནི༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་འཕྲོ༔ ཡུལ་དང་དབང་པོ་(7བ)གཉིས་མེད་པར༔ བདེ་ཆེན་ལོངས་སྤྱོད་མཆོག་ཏུ་རོལ༔ མ་ཧཱ་སརྦ་པཱུ་ཛ་ཧོཿ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ཉིད་ལས༔ ལོངས་སྤྱོད་རྫོགས་སྐུ་དཔལ་ཆེན་པོ༔ སྤྲུལ་སྐུ་དཀྱིལ་འཁོར་གསུམ་དུ་ཤར༔ རྡོ་རྗེ་ཕུར་པའི་ལྷ་ལ་བསྟོད༔ ཐུགས་ཀའི་སྔགས་ལས་འོད་འཕྲོས་པས༔ རྒྱལ་མཆོད་བྱིན་རླབས་ཐམས་ཅད་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་ལྷ་རུ་གྱུར༔ སྣང་སྲིད་ཕུར་བུའི་ཕྱག་རྒྱར་སད༔ དམ་ཅན་སྲུང་མ་ལས་ལ་བཙུད༔ སྡེ་བརྒྱད་གདུག་པ་ཚར་ཐག་བཅད༔ བར་ཆད་བགེགས་དཔུང་ཐལ་བར་བརླག༔ སྣང་སྲིད་གཞིར་བཞེངས་དཔལ་ཆེན་པོའི༔ སྐུ་གསུང་ཐུགས་སུ་ལྷན་གྲུབ་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ ཅེས་མི་ཚིག་གིས་བར་མ་ཆོད་པར་རྩེ་གཅིག་ཏུ་བཟླ༔ རྟགས་ཐོན་ནས་སྤུ་གྲིའི་དྲག་སྔགས་གདགས་ཤིང་ལས་ལ་སྦྱར༔ ཐུན་མཚམས་སུ་ཚོགས་དང་གཏོར་མས་ཐུགས་དམ་བསྐངས་ཏེ་འཁོན་གཅུག་སྦྱངས༔ རྒྱུན་གྱི་དངོས་གྲུབ་ནར་མར་བསྐུལ་ཞིང་༔ སྒྲུབ་པ་ཐེམས་ནས་དུས་ཀྱི་དངོས་གྲུབ་སྦྱོར་སྒྲོལ་ལ་བརྟེན་ནས་ལྷག་པར་ཡང་བསྐུལ་ཞིང་བླང་༔ རྟག་ཆད་ཀྱི་མཐའ་བསལ༔ དགེ་བ་བསྔོ་ཞིང་སྨོན་ལམ་(8ན)གདབ༔ བཀྲ་ཤིས་ཀྱི་སྣང་བབས་ཁྱབ་པར་བྱའོ༔ དེ་ནས་མཚན་མ་རྫས་ཀྱི་ཕུར་བུ་གདབ་པའི་སྔོན་དུ་ལྷ་རྣམས་ཐུགས་དམ་བསྐུལ་བར་བྱ་སྟེ༔ ཧཱུྃ༔ མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྲས་མཆོག་ཉི་ཤུ་གཅིག་དང་༔ ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ༔ ཐབས་ཤེས་སྤྲུལ་པའི་ཟ་གསོད་ཚོགས༔ ཕྲ་མེན་སྒོ་མ་ཆེན་མོ་བཞི༔ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ ཐུགས་དམ་ཐུགས་རྗེས་དགྲ་བགེགས་སྒྲོལ༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ བླ་མེད་ལམ་དུ་ཞུགས་པ་ལ༔ བར་ཆད་འཚེ་བ་དགྲ་ཡིས་བྱས༔ ཉེས་མེད་རྣལ་འབྱོར་གྲོགས་གཡེལ་ན༔ སྔོན་གྱི་ཐུགས་དམ་ཉམས་པར་འགྱུར༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཅེས་བསྐུལ་ཞིང་མ་ཉེས་པའི་དཔང་བཅོལ༔ དགྲ་བགེགས་ཀྱི་མིང་གཟུགས་ལ་བདེན་སྟོབས་བརྗོད་ཅིང་འགུག་གཞུག་དྲག་ཏུ་བྱས་ལ་བཀུག༔ རྫས་ངན་གྱི་ཆར་དང་དམོད་སྔགས་ཏིང་ངེ་འཛིན་གྱིས་སྐྱོབ་བྱེད་ཀྱི་ལྷ་དང་དབྱེ༔ རྣམ་ཤེས་རྟེན་དང་གཉིས་མེད་དུ་བསྟིམ༔ བྱད་ཀྱི་ཐག་པས་བཅིང་༔ སྨྱོ་ཁྲག་(8བ)གི་ཆར་ཕབ་ནས་དྲན་མེད་དུ་བཏང་༔ སྲས་མཆོག་གི་ཕུར་པ་གདབ་ཅིང་ཚེ་ཁྲུས་ཀྱི་དགོངས་པས་བརྟེན་པ་དབྱིངས་སུ་བསྒྲལ༔ ཕྱིར་མི་ལྡོགཔའི་སླད་དུ་ལས་ཕུར་གྱིས་གནས་སོ་སོར་གདབ༔ གཟུགས་ཕུང་དུམ་བུར་གཏུབ་ཅིང་ཐོ་བས་རྡུལ་དུ་བརླག༔ ཤ་ཁྲག་བདུད་རྩིར་སྤར་བ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབས་ལ་བཅོལ་བསྐུལ་དྲག་ཏུ་བྱ༔ གཞན་ཡང་རྡོ་རྗེའི་གུར་དུ་སྲུང་བའི་གོ་གྱོན༔ དུག་གཏོར་གྱི་ཟོར་བཅས་ལ་བཟློག་པའི་གཡུལ་འགྱེད༔ ལས་གསོར་མེད་གཟིར་མནན་གྱིས་ནམ་ཡང་ལྡང་མེད་དུ་རྒྱས་འདེབས་པ་སོགས་ཇི་ལྟར་འཚམས་པའི་དྲག་ཤུལ་གྱི་སྦྱོར་བ་ལ་བརྟེན་ནས་མངོན་སྤྱོད་ཀྱི་ལས་མཐར་དབྱུང་བར་བྱའོ༔ དེ་ལས་གཞན་ཡང་ཕུར་པ་མཁན་པོས་ཁྱད་པར་གྱི་ཕྲིན་ལས་རྡོ་རྗེའི་ཚེ་དང་༔ འཛད་མེད་ནོར་དང་༔ དངོས་གྲུབ་ཆེན་པོ་བདུད་རྩིའི་སྒྲུབ་པ་སོགས་རང་རང་གི་ཅི་འདོད་པའི་ལས་རྣམས་ཀྱང་གསང་བའི་མན་ངག་གི་དོན་གཞན་ལས་འབྱུང་བ་བཞིན་སྤྱད་པས་འགྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སློབ་དཔོན་རྣམ་པ་གསུམ་གྱི་དགོངས་ཉམས་གཅིག་ཏུ་དྲིལ་ཞིང་གུ་རུ་པདྨའི་ཐུགས་ཀྱི་བརྣག་པ་ཕྲིན་ལས་ཕུར་པའི་ཆོས་སྐོར་རྣམས་རྗེ་འབངས་འདུས་པའི་ཚོགས་ལ་ཇི་ལྟར་བསྩལ་(9ན)བ་བཞིན་རང་རང་གིས་ཉམས་སུ་བླངས་ཤིང་༔ གདམས་སྐོར་ཕལ་ཆེར་མ་འོངས་པའི་དོན་དུ་འགའ་ཙམ་སྙན་བརྒྱུད་དུ་སྤེལ༔ ཕལ་ཆེར་ས་གཏེར་དུ་གཏམས༔ འགའ་ཞིག་དགོངས་བརྒྱུད་དུ་རྒྱས་བཏབ་པ་ལས༔ ཤིན་ཏུ་ཟབ་པའི་མཐར་ཐུག་ཚིག་གི་སྤྲོས་པ་ཉུང་ལ་དོན་གྱི་གལ་གནད་ཚང་བ༔ བྱིན་རླབས་རྣོ་ནུས་ཀྱི་ཚན་ཁག་གཞན་ལས་ཁྱད་པར་དུ་གྱུར་པ་འདི་ཉིད༔ སློབ་དཔོན་ཆེན་པོ་ལྷོ་ནུབ་སྲིན་པོའི་ཁ་གནོན་ད་བཞུད་པའི་སྐྱེལ་ཐུང་ལ་ཆས་པའི་ཚེ༔ ཁོ་མོ་མཁར་ཆེན་བཟའ་ལ་སྐྱེལ་ལན་མནོག་ཆོས་གཅིག་བརྒྱུད་དུ་བསྩལ་བའི་གསང་བ་ཟབ་མོ་སྟེ༔ གཞན་ལ་སྤེལ་ཞིང་སྦ་བར་བློས་མ་ཐོངས་ནས་ང་དང་གཉིས་སུ་མེད་པའི་སྐལ་ལྡན་དགོངས་བརྒྱུད་དག་པ་གཅིག་གི་སྙིང་ལ་བཀའ་རྒྱས་བཏབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ (ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ལོ་སུམ་ཅུ་རྩ་བཞིར་སོན་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་ཁྲུམ་སྟོད་ཀྱིས་ཉ་བར་མོན་སྤ་མགྲོ་སྟག་ཚང་སེང་ཕུག་ཏུ་ཕུར་པ་གནམ་ལྕགས་སྤུ་གྲིའི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་པ་བགྱིས་པའི་སྐབས་ཤིག་རྨི་ལམ་དུ་མཚོ་རྒྱལ་ཡིན་སྐད་བུ་མོ་རྒྱན་བཟང་མ་ཞིག་གིས་གནམ་ལྕགས་ཀྱི་ཕུར་པ་མཐོ་གང་ཙམ་པ་ཤིན་ཏུ་སྒྲོས་གཙང་ཞིག་གཏད་ནས། འདི་གུ་རུ་རིན་པོ་ཆེ་གནས་འདིར་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་(9བ) དུས་སྡེ་བརྒྱད་དམ་ལ་འདོགས་ཤིང་རྒྱལ་བསེན་ཚར་གཅོད་བྱེད་ཀྱི་ཕྱག་མཚན་ངོ་མ་དེ་རེད། ཕྱིས་གུང་ཐང་ལ་ཁར་ཕེབས་སྐྱེལ་གྱི་དུས་སུ་ཁོ་མོར་གནང་བ་ཡིན། ད་ལན་ཁྱེད་ལ་སྦྱིན་པ་ཡིན་གྱིས་སྙིང་ནོར་དུ་ཆོངས་ཞེས་རུམ་དུ་བཅུག་བྱུང་བར། དགའ་ཆེས་པས་ཕྱག་ནས་བཙན་ཐབས་སུ་འཕྲོག་སྟེ། ཐོག་མར་དབང་ཞིག་ལེན་དགོས་སྙམ་སྤྱི་བོ་དང་མགྲིན་པར་གཏུགས། སྙིང་གར་རེག་མ་ཐག་ཕྱག་མཚན་ཕུར་པ་དང་རང་ལུས་དབྱེར་མེད་དུ་འདྲེས་ནས་ཁོག་སྟོད་ད་ལྟའི་ལུས་འདི་རང་ལ་ཁོག་སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར་ཏེ་ངག་ནས་ཀཱི་ལ་ཡ་སྒྲོགས་པས་ས་ཀུན་གཡོ་བ་སྙམ་བྱེད། དེར་བུ་མོ་དེས་འོ་དབང་དང་བྱིན་རླབས་དངོས་གནས་དེ་རེད། རྒྱུད་ལུང་མན་ངག་གཅིག་དྲིལ་གྱི་གཏེར་མཛོད་དེ་ཡིན། འདི་ཡལ་བར་མ་དོར་ན་དགོས་པ་ཆེན་པོ་ཡོད། སྔོན་དུས་གུ་རུ་རིན་པོ་ཆེའི་དྲུང་ནས་དབང་དང་གདམས་ངག་བཀའ་རྫོགས་ལུང་རྫོགས་སུ་ཞུས་པ་ཨེ་དྲན་ཟེར་ཞིང་ལག་ནས་འཇུས་ཏེ་འཐེན་བྱུང་བས་གཉིད་སད། དེ་འཕྲལ་སྔར་གྱི་བག་ཆགས་མང་པོ་འལ་འོལ་དྲན་ཅིང་། ཁྱད་པར་ཕུར་པའི་ཆོས་བསྐོར་བཀྲ་ལམ་གྱིས་ཡིད་ངོར་གསལ་བ་བྱུང་སྟེ། རིག་པའི་ཀློང་ནས་གང་བརྡོལ་བརྡ་ཐད་ཀར་བསྒྱུར་ན་གཏེར་སྟོན་གོང་མ་གཉིད་ཀྱི་ཆོས་སྐོར་ལས་ཀྱང་རྒྱས་ཤིང་མན་ངག་ཕྲིན་ལས་ལས་ཚོགས་གྱི་རིམ་པ་སྔར་མ་གྲགས་པའང་ཇི་སྙེད་ཅིག་སྣང་མོད་ཀྱི། འོན་ཀྱང་དེང་དུས་འདི་རིགས་གསར་དུ་འབེབས་པ་ངལ་བ་དོན་མེད་དུ་མཐོང་ནས་(10ན)བཏང་སྙོམས་སུ་བཞག །ཕྱིས་རང་ལོ་ཞེ་ལྔ་པ་ས་བྱི་ཆོ་འཕྲུལ་ཟླ་བའི་ཚེས་བཅུར་ཕྱི་ནང་གི་རྐྱེན་དུ་མས་བསྐུལ་ཏེ་རང་སྐལ་ཡལ་བར་མི་དོར་བའི་ས་ཁོངས་འཛིན་ཕྱིར་སྙིང་པོའི་ཞུན་ཐིག་རྩ་ཐོ་ཙམ་གཏན་ལ་ཕབ་པ་སྟེ། ཆོས་བདག་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་གཉེར་ཁ་ཐུབ་པར་མཛོད་ཅིག། ཨྠྀི།། །།