DJYD-KABUM-18-TSHA-004

From Dudjom Wiki
Revision as of 10:37, 22 July 2024 by Mort (talk | contribs)

DJYD-KABUM-18-TSHA-004
Wylie title DJYD-KABUM-18-TSHA-004.pdf
Location bdud 'joms rin po che bka' 'bum
Volume 18, Text 4, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 18: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
༄༅། །སཱཙྪ་ལ་བརྟེན་ནས་འགྲོ་འདུལ་བསྟན་པ་རྒྱས་པའི་ལས་ཚོགས་ཕྲིན་ལས་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། །


(1བ)ཨོཾ་སྭསྟི། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །དབྱེར་མེད་གུ་རུ་བཀའ་དྲིན་ཅན་གྱི་ཞབས། །སྙིང་དབུས་པདྨོར་འབྲལ་མེད་རྟག་མཆོད་ནས། །བྱ་སླ་དོན་ཆེའི་གདམས་ཟབ་འདིར་གསལ་བྱ། །(དེའང་ཉང་བན་རྣམ་རོལ་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་བྱོོག་བུ་ལ་སྔགས་འདི་བྲི། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱཧཱ༔ མ་ནུ་ཀ་ལི་སརྦ་དྷརྨ་ཝཱ་ཤཾ་ཀུ་རུ་ཡེ་སྭཱཧཱ༔ འདོད་གསོལ། ཡུལ་དེའི་སྡེ་དཔོན༔ དགེ་བཤེས༔ སྐྱེས་པ༔ བུད་མེད༔ བྱིས་པ་ལ་སོགས་པའི་མིང་བྲིས་ལ༔ (2ན)བདག་གི་དབང་དུ་འདུ་བར་གྱུར་ཅིག༔ ཅེས་བྲིས་པ་དེ་སཱཙྪ་དམར་པོ་ཉེར་གཅིག་གི་ནང་དུ་བཅུག༔ དེའང་བཀྲ་ཤིས་པའི་ས་ལ་བྱའོ༔ ཞེས་གསུངས་པའི་དོན་ལག་ཏུ་ལེན་པ་ལ། །སྦྱོར་བ་ཚེས་གྲངས་གཟའ་སྐར་བཟང་བའི་ཉིན་མོར་བཀྲ་ཤིས་པའི་ས་ཕྱོགས་ནས་བླངས་པའི་ས་བཟང་པོ་ལ་འཇིམ་པ་བསྒྲུབས་ནས་གདབ་པའི་རིམ་པ་སཱཙྪའི་ཆོ་ག་སྤྱི་ལྟར་ལ། འཇིམ་པའི་ནང་དུ་གནས་ཆེན་གྱི་ས་སྣ་སྨན་སྣ་འབྲུ་སྣ་རིན་པོ་ཆེའི་ཕྱེ་སོགས་བསྲེས་པ་ལས་སཱཙྪ་སྒྲོས་ལྡན་ཉེར་གཅིག་བཏབ། ནང་གཞུག་ཏུ་གོང་གི་རྩ་བའི་སྔགས་མཐར་ཤམ་བུ་འདོད་གསོལ་སྤེལ་ཚིག་དམིགས་བསལ་ཡོད་ནའང་། སྤྱི་ཙམ་དུ། །ཡུལ་ཁམས་འདིའི་སྐྱེ་བོ་(མཆོག་དམན་ཐམས་ཅད་དམ་པའི་ཆོས་དང་མཐུན་པར་བདག་གི་དགོན་གནས་འདིར་དབང་དུ་འདུས་པར་གྱུར་ཅིག །ཅེས་པ་ལྟ་བུ་གང་འདོད་བྲིས་པར་དྲི་བཟང་དང་ཆོས་སྨན་གྱིས་བྱུག །སྲོག་ཤིང་གི་རྩེ་མ་ལོག་པར་དབུ་ནས་ལེགས་པར་དྲིལ་ལ་དར་དམར་སེར་གྱི་ན་བཟའ་བཅས་གཞུག །ཕྱི་ནས་མཚལ་ལམ་ལི་ཁྲི་ཁ་དོག་དམར་པོར་བསྒྱུར། །སྦྱོང་ཁྲུས་དང་རབ་གནས་རྒྱས་བསྡུས་གང་འོས་བྱས་ལ། གཙང་མའི་སྟེགས་བུར་མེ་ཏོག་སིལ་མར་བཀྲམ་པའི་ཁར་བཀོད། །མཐའ་སྐོར་དུ་ཉེར་སྤྱོད་སྤྱི་དང་ཁྱད་པར་སྤོས་མེ་ཏོག་མར་མེ་ཞལ་ཟས་སོགས་མཆོད་པ་གཙང་ཞིང་གྱ་ནོམ་པར་བཤམ་ནས། །དངོས་གཞི་ལ། ཐོག་མར་བདག་བསྐྱེད་ནི། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་དུ་འགྲོ་བས།)ཧྲཱིཿ མི་དམིགས་གསལ་བའི་ངང་ཉིད་ལས། །སྐད་ཅིག་རིག་པ་ཧྲཱིཿརུ་གྱུར། །དེ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས། །རང་ཉིད་འཕགས་མཆོག་སྤྱན་རས་གཟིགས། །དཀར་གསལ་ཞི་འཛུམ་མཚན་དཔེ་རྫོགས། །ཕྱག་བཞིའི་དང་པོ་ཐལ་སྦྱར་མཛད། །འོག་གཉིས་ཤེལ་ཕྲེང་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །རི་དྭགས་པགས་པའི་སྟོད་གཡོགས་གསོལ། །སྤྱི་གཙུག་རིགས་བདག་སྣང་མཐས་མཚན། །པད་དཀར་ཟླ་བའི་གདན་སྟེང་དུ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཡེ་ཤེས་འོད་ཟེར་ཀུན་ཏུ་(3ན)འཕྲོ། །ཐུགས་དབུས་ཟླ་སྟེང་ཧྲཱིཿདཀར་ལ། །ཡི་གེ་དྲུག་པས་བསྐོར་བ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །སྣང་གྲགས་འཕགས་པའི་ཕྱག་རྒྱ་སད། །ཨོཾ་མ་ཎི་པདྨེ་ཧཱུྃ། (ཞེས་ཅི་ནུས་བཟླ། གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི།) དཀོན་མཆོག་གསུམ་གྱི་བདེན་པ་དང་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། །ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་(3བ)རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཨོཾ་སརྦ་བིཏྤཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ༔ ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། (ཞེས་བྱིན་བརླབ། མདུན་རྟེན་)སྭ་བྷཱ་ཝ(ས་སྟོང་པར་སྦྱང་།) སྟོང་པའི་ངང་ལས་སྐུ་གདུང་རྣམས་སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲི་ལྷ་རྗས་གོས་ཀྱིས་བཀབ་པ། དེའི་སྟེང་དུ་པདྨ་ཉི་མའི་གདན་ལ་ཧཱུྃ་སེར་པོ། དེ་ལས་འོད་ཟེར་འཕྲོས། །འཕགས་པ་རྣམས་མཆོད། །སེམས་ཅན་གྱི་དོན་བྱས། །ཚུར་འདུས་པ་ལས་ཐུབ་པའི་དབང་པོའི་སྐུར་གྱུར་པ་ནི། །སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་ཞི་ཞིང་འཛུམ་པའི་རྣམ་པ་ཅན། །ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། །འོད་དང་(4ན)འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་བདག་ཉིད་ཅན་དུ་བཞུགས་པར་གྱུར། །དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུག་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཐུབ་པའི་དབང་པོ་རྒྱལ་བ་རྒྱ་མཚོ་ཡེ་ཤེས་སེམས་པའི་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ (སྤྱན་འདྲེན་པ་ནི།)ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱོང་ཞིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་(4བ)ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་པ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་ལྡན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ (བཞུགས་སུ་གསོལ་བ་ནི།)བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟྭཾ། (ཁྲུས་གསོལ་འབུལ་བ་ནི།) ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་(5ན)ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། །རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པའི་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡ་སྭཱཧཱ། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །པཉྩ་ལི་ཀཱ་པཱུ་ཛ་ཨཱཿཧཱུྃ། (ཕྱག་འཚལ་བ་ནི།)ཇི་སྙེད་སུ་དག་(སོགས་ནས།)བདག་གིས་བསྟོད། །(བར་དང་།) གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་(5བ)གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ༴ གང་ཚེ་ཐུབ་ཆེན་ཞི་བའི་གྲོང་བཞུད་ཚེ། །ཛམ་བུའི་དྲི་མས་སྐུ་ལུས་མ་བཏང་ཞིང་། །ལྷ་བུ་གཞོན་ནུ་དྲུག་གིས་བཏུད་གྱུར་པ། །དེ་ཚེ་མཆོད་འོས་ཁྱོད་ལ༴ མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ༴ རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཚན་ཅན་ཁྱོད་ལ༴ མི་མཆོག་འདུལ་བ་ཁ་ལོ་སྒྱུར་མཛད་ཅིང་། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །(མཆོད་པ་ནི།) མེ་ཏོག་དམ་པ་(སོགས་ནས།)ཕྱག་འཚལ་མཆོད་པར་བགྱི། །(བར་དང་། འདིར་མཎྜལ་ཚིགས་བཅད་ལྷུག་གང་འོས་ཀྱིས་འབུལ། ཡན་ལག་ལྷག་མ་རྣམས་ནི།)འདོད་ཆགས་ཞེ་སྡང་(སོགས་ནས།)བྱང་ཆུབ་ཕྱིར་བསྔོའོ། །(འདིར་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་བཀླག ། དེ་ནས་(7ན)བཟླས་པ་བྱ་བ་ལ།) བདག་ཉིད་འཕགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། །མདུན་གྱི་ཐུབ་པ་རྣམས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། །ཐུབ་པ་དེ་རྣམས་ལས་ཀྱང་ཐུབ་པ་གྲངས་མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་ལམ་ལམ་ཉི་མ་སྟོང་གི་འོད་ལྟ་བུར་གྱུར་ཏེ་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཀྱི་སྤྱི་བོར་བཞུགས་ནས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བས། །སེམས་ཅན་ཀུན་གྱི་མི་དགེ་བའི་བསམ་པ་ཐམས་ཅད་སྐད་ཅིག་ཉིད་ལ་སྦྱངས། །དཀོན་མཆོག་གསུམ་ལ་དད་ཅིང་གུས་པས་མཆོད་བཞིན་ཕྱིར་མི་ལྡོག་པར་དབང་དུ་འདུས་པར་གྱུར། །ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། མ་ནུ་ཀ་ལི་སརྦ་དྷརྨ་ཝཱ་ཤཾ་ཀུ་རུ་ཡེ་སྭཱཧཱ། (ཞེས་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་མང་བཟླ། མཐར་འདོད་གསོལ་སྨོན་ལམ་ནི།) དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་དང་། །ཐབ་པའི་དབང་པོའི་ཐུགས་བསྐྱེད་སྨོན་ལམ་དང་། །ལྷ་སྔགས་ཏིང་འཛིན་རྫས་ཀྱི་རྟེན་འབྲེལ་མཐུས། །བདག་གི་རླུང་སེམས་སྣང་བ་དབང་འདུས་ནས། །ཚེ་གཅིག་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །མཁས་གྲུབ་བཤེས་གཉེན་ཐམས་ཅད་དབང་འདུས་ནས། །ཐུབ་བསྟན་དར་ཞིང་(6ན)རྒྱས་པར་མཛད་དུ་གསོལ། །རིགས་བཟང་བློ་གསལ་ཐམས་ཅད་དབང་འདུས་ནས། །བཤད་སྒྲུབ་བསྟན་པ་དར་བར་མཛད་དུ་གསོལ། །ཚུལ་ཁྲིམས་ལྡན་པ་ཐམས་ཅད་དབང་འདུས་ནས། །དགེ་འདུན་སྡེ་ཆེན་ཚུགས་པར་མཛད་དུ་གསོལ། །རྒྱལ་པོ་རྒྱལ་ཕྲན་ཐམས་ཅད་དབང་འདུས་ནས། །ཡུལ་ཁམས་ཆོས་ལ་ཚུད་པར་མཛད་དུ་གསོལ། །འབྱོར་ལྡན་སྦྱིན་བདག་ཐམས་ཅད་དབང་འདུས་ནས། །དགེ་འདུན་བཀུར་སྟི་འཕེལ་བར་མཛད་དུ་གསོལ། །ལྷ་ཀླུ་གཞི་བདག་ཐམས་ཅད་དབང་འདུས་ནས། །བཀྲ་ཤིས་བདེ་ལེགས་འཕེལ་བར་མཛད་དུ་གསོལ། །སྐྱེ་འགྲོ་ཕོ་མོ་ཐམས་ཅད་དབང་འདུས་ནས། །ལུས་སེམས་དགེ་ལ་སྦྱོར་བར་མཛད་དུ་གསོལ། །བདུད་རིགས་ལོག་ལྟ་ཅན་ཀུན་དབང་འདུས་ནས། །བསྟན་ལ་བར་ཆད་མེད་པར་མཛད་དུ་གསོལ། །འབྲུ་ནོར་མཁོ་རྒུ་ལོངས་སྤྱོད་དབང་འདུས་ནས། །དཔལ་འབྱོར་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཕྱོགས་བཅུའི་འགྲོ་ཀུན་འདིར་ནི་ཡོངས་འདུ་ཞིང་། །རྣམ་མང་ཐབས་ཚུལ་དགེ་བར་རབ་སྤྱོད་དེ། །ཆོས་དང་ཆོས་མཛད་དགེ་འདུན་སྡེ་འཕེལ་ནས། །བསྟན་པ་དར་ཞིང་ཡུན་རིང་གནས་གྱུར་ཅིག །(7ན)དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། །ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱཧཱ། (དེ་ནས་རབ་ཏུ་གནས་པའི་སླད་དུ།)དམིགས་པའི་རྟེན་སངས་རྒྱས་སུ་གསལ་བའི་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་བསྡུས་ཤིང་ཐིམ་པར་(བསམ་ལ། གོང་གི་སྔགས་དང་རྟེན་འབྲེལ་སྙིང་པོ་གང་མང་མེ་ཏོག་སེར་པོ་ལ་བཟླས་ཤིང་འཐོར་ཏེ།)ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་(སོགས་ནས།) ཁྱད་པར་དུའང་སྐུ་གདུང་རིན་པོ་ཆེ་འདི་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་སྟོན་པ་ཐུབ་པའི་དབང་པོ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་མཐའ་ཡས་པའི་སྐྱེ་འགྲོ་ཐམས་ཅད་ཀྱི་རྒྱུད་ཀྱི་ལྟ་ངན་སྡིག་ཏོའི་བསམ་པ་ཐམས་ཅད་སྐད་ཅིག་ཉིད་ལ་(7བ)ཞི་ནས། བླ་མེད་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་མཐོང་སྟེ་དད་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེས་ནས་ཀྱང་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་ཤིང་བསྟན་པའི་སྒྲོན་མེ་ཡུན་རིང་དུ་སྦར་བའི་སྒོ་ནས་འགྲོ་བ་རྣམས་གནས་སྐབས་སུ་ཕན་པ་དང་མཐར་ཐུག་བདེ་བ་དམ་པའི་དཔལ་ཕུན་སུམ་ཚོགས་ལ་དབང་འབྱོར་བར་བྱིན་གྱིས་བརླབ་ཏུ་གསོལ། (ཞེས་དང་།) འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །(སོགས་མཐར་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས། དེ་ནས་ཡི་གེ་བརྒྱ་པ་བརྗོད་ལ།)གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉེས་གྱུར་པ། །གང་དེ་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །(ཅེས་ནོངས་པ་བཤགས།) བསོད་ནམས་འདི་ཡིས་(སོགས་ཀྱིས་དགེ་བ་བསྔོ་ཞིང་ཐེག་པ་ཆེན་པོའི་སྨོན་ལམ་རྒྱ་ཆེར་གདབ། རྟེན་འབྲེལ་སྙིང་པོ་སྔོན་དུ་འགྲོ་བས།)ཆེ་བའི་ཆེ་མཆོག་(སོགས་ཞལ་ནས་གསུངས་པའི་ཐོག་དྲངས་ཤིས་པ་བརྗོད་པའི་ཚིག་ཕྲེང་རྒྱས་པར་སྤེལ་ལོ། །རྗེས་ཇི་ལྟར་བྱ་བ་ནི། གཏེར་གཞུང་རྩ་བར། དེ་ནས་སཱཙྪ་རྣམས་ཡུལ་ཕྱོགས་གྲོང་པ་སོ་སོའི་དབེན་གནས་དང་བཅས་པ་རྣམས་ཀྱི་རྒྱབ་རིའམ༔ ས་མཐོ་དབྱིབས་ལེགས་པའི་ས་རྟགས་ཅན་རྣམས་སུ་གཏེར་དུ་སྦ་ཞིང་སྨོན་ལམ་(8ན)རྒྱ་ཆེན་པོ་བཏབ་བོ༔ དེ་ལྟར་བྱས་ན་མུ་སྟེགས་པ་དང་བཤན་པའི་གྲོང་ཁྱེར་ཡིན་ནའང་དམ་པའི་ཆོས་སྒོར་འདུ་བར་འགྱུར་རོ༔ རེ་རེ་སོ་སོ་ལ་བྱེད་ན་ཁྱིམ་དང་ཉེ་བའི་ཐ་དད་དམ༔ ཡང་ན་མལ་ས་དང་ཉེ་བར་སྦའོ༔ དེས་ནི་སྐྱེ་བོ་ཕལ་པ་ཐམས་ཅད་ཆོས་ལ་བཙུད་པར་འགྱུར་རོ༔ མན་ངག་འདིའི་རྒྱབ་ཆོས་སུ༔ དགེ་འདུན་ལ་མང་ཇ་དང་དཀར་གྲོ་འདྲེན༔ ཆབ་གཏོར་དང་བསང་མཆོད་ལ་འབད་དོ༔ གསུང་རབ་ཀློག༔ སྤྲང་སྟོན་བཏང་ངོ་༔ དེ་ལྟར་བྱས་ན་སྐྱེ་འགྲོ་ཐམས་ཅད་དམ་པའི་ཆོས་སུ་འདུ་བར་ཐེ་ཚོམ་མེད་དོ༔ ཞེས་གསུངས་པ་ལྟར་སཱཙྪ་རྣམས་མགོ་གཞུག་མི་ལྡོག་ཅིང་བརླན་གྱིས་མི་འཇིག་པའི་ཆས་དང་བཅས་རྫ་སྒྲོམ་ལྟ་བུ་ཆུ་ཐུབ་ཀྱི་སྣོད་དུ་གཞུག་ལ་ཁ་གཅོད་དམ་པར་བྱས་ཏེ། །གོང་གསལ་གྱི་གནས་རྣམས་སམ་ཡང་ན་མི་མང་བགྲོད་པའི་རྒྱ་སྐོར་སྟེང་ལྟ་བུར་སྦས་ཀྱང་ལེགས། དེའང་གཟའ་སྐར་ཚེས་གྲངས་བཟང་པོའི་སྔ་དྲོའི་ཆར་རྒྱབ་ཆོས་གོས་གོང་སྨོས་རྣམས་ཅི་འགྲུབ་དང་། །ཁྱད་པར་བསང་བརྔན་གསེར་སྐྱེམས་རྒྱས་པར་བཏང་ལ་ལག་ཚག་དམ་པར་སྦ་ཞིང་སྨོན་ལམ་དང་བཀྲ་ཤིས་རྒྱས་པར་བྱས་པས་ཨོ་རྒྱན་རྡོ་རྗེ་འཆང་གི་གི་གསུང་ལ་བསླུ་བ་མི་སྲིད་པས་ན་ཇི་སྐད་གསུངས་པའི་དོན་འབྲས་བདེ་བླག་ཏུ་སྨིན་པར་གྱུར་རོ། །འདིས་ཀྱང་ཡངས་པའི་རྒྱལ་ཁམས་སྐྱེ་འགྲོ་ཀུན། །འབད་པ་མེད་པར་བསྟན་ལ་གུས་པ་ཐོབ། །རྒྱལ་བསྟན་སྣང་བས་འཛམ་གླིང་ཀུན་ཁྱབ་སྟེ། །ཕན་བདེའི་རྫོགས་ལྡན་དགའ་སྟོན་རྒྱས་གྱུར་ཅིག །ཅེས་པའང་དུས་ཀྱི་ཐ་མ་འདི་ལྟ་བུར་ཡང་བྱ་སླ་དོན་ཆེའི་མན་ངག་འདི་བཞིན་ཕྱག་ལེན་དུ་བསྟར་ཏེ་རྒྱལ་བསྟན་རིན་པོ་ཆེའི་ཁ་ལོ་གྱེན་དུ་འདེགས་མཁན་རེ་བྱུང་(8བ)ན་ཅི་མ་རུང་སྙད་དུ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་ལ་སླར་ཡང་ཅུང་ཟད་གསལ་བར་བྱས་ཏེ། །རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བལ་ཡུལ་ཉེ་བའི་ཚནྡྷོ་ལྷུན་གྲུབ་བརྩེགས་པའི་ཉེ་འགྲམ་ཨོ་རྒྱན་མདོ་སྔགས་ཆོས་གླིང་དུ་ས་རྟ་ཆོ་འཕྲུལ་ཟླ་བའི་ཡར་ངོའི་ཚེས་བཅོ་ལྔ་ལ་འཇུག་པ་བདེ་བའི་ངག་ཁྲིགས་སུ་བསྡེབས་པ་སིངྔྷི་རསྟུ།། །།)