DJYD-KABUM-19-DZA-001

From Dudjom Wiki
Revision as of 06:40, 23 July 2024 by Mort (talk | contribs)

DJYD-KABUM-19-DZA-001
Wylie title DJYD-KABUM-19-DZA-001.pdf
Location bdud 'joms rin po che bka' 'bum
Volume 19, Text 1, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
\༄༅། །རཏྣ དཱི པ ག མྦྷཱི རོ དཱ ར སངྔྷརྨ སྱ བྷ ཀྵ རནཱ མ བི ཧ ར ཏི སྨ། །།

༄༅། །ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །


༄༅། །བི མུ ཀྟོ ཏྟ མཱ གྲོ མ རྒཿ ཛ ག ནྟི པྲ སེ ནཿ ཀ རྻཿ ། །

༄༅། །རྣམ་པར་གྲོལ་བ་ཆོག་གི་ལམ། །འགྲོ་བ་ཀུན་ལ་གསལ་མཛད། །


༄༅། །གུ རོ རྦ ཛྲ དྷྲྀ གྨ ཧེ ནྡྲཿ ནམཿ པཱ ད ས རྦཻ རྦྷ བཻཿ

༄༅། །རྡོ་རྗེ་འཆང་དབང་བླ་མ་ཡི། །ཞབས་ལ་དངོས་པོ་ཀུན་གྱིས་འདུད། །


༄༅། །སྤངས་དང་རྟོགས་པའི་ཡོན་ཏན་མཐར་སོན་རྣམ་འདྲེན་སྟོན་མཆོག་རྫོགས་སངས་རྒྱས། །ཟབ་དང་རྒྱ་ཆེ་བདེན་གཉིས་རང་བཞིན་ཞི་བའི་བདུད་རྩི་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་རྒྱལ་བའི་གདུང་འཚོབ་ཚོགས་ཀྱི་གཞིར་གནས་དགེ་འདུན་ཏེ། །རིན་ཆེན་རྣམ་གསུམ་ནོར་བུའི་ཅོད་པན་དང་པོ་ཉིད་དུ་སྤྱི་བོས་ལེན། །ཁྱབ་བདག་སྟོན་པ་ཀུན་ཏུ་བཟང་དང་བདེ་སྟོང་དབྱེར་མེད་རྡོ་རྗེ་སེམས། །རྒྱལ་ཚབ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཤྲཱི་སེང་འཇམ་དཔལ་བཤེས་གཉེན་དང་། །གྲུབ་པའི་(3ན)སློབ་དཔོན་རྣམ་བརྒྱད་ལ་སོགས་ངོ་མཚར་ཤིང་རྟ་མཆོག་རྣམས་ལ། །ཟོལ་ཙམ་མིན་པར་སྙིང་ནས་གུས་པས་བསྟོད་དབྱངས་རྒྱ་མཚོ་ལན་བརྒྱར་འབུལ། །སྲས་བཅས་རྒྱལ་ཀུན་ཐུགས་རྗེའི་མཚོ་ལས་ངོ་མཚར་གཟུགས་སྐུའི་ཉིན་བྱེད་ནི། །ཕུལ་བྱུང་མཁྱེན་བརྩེའི་འོད་སྟོང་འཕྲོ་བས་སྲིད་པའི་མུན་འཐུག་མཐར་བྱེད་ཅིང་། །ཕན་བདེའི་པད་ཚལ་ཅིག་ཅར་བཞད་མཛད་འཆི་མེད་སློབ་དཔོན་ཐོད་ཕྲེང་རྩལ། །མཚན་དཔེའི་ཞལ་བཟང་འཆར་(3བ)ནུབ་བྲལ་ཁྱོད་བདག་བློའི་དད་གསུམ་ཡིད་མཁར་རོལ། །གངས་ལྗོངས་མུན་པའི་གླིང་དུ་རྒྱལ་བསྟན་གྱི། །ཉིན་བྱེད་གསར་དུ་འདྲེན་པའི་ཤིང་རྟ་ཆེ། །ཆོས་རྒྱལ་ལོ་པཎ་བཀའ་དྲིན་དྲན་པའི་མོད། །རབ་གུས་སོར་མོའི་ཀུནྡ་སྙིང་གར་ཟུམ། །རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་གསུམ་དང་། །རོང་ཀློང་རྣམ་གཉིས་ཉང་རལ་ཆོས་དབང་སོགས། །བཀའ་གཏེར་རྒྱ་མཚོའི་ཤིང་རྟ་མཆོག་རྣམས་ལ། །བསྟོད་བསྔགས་དབྱངས་ཀྱི་རོལ་མོ་ལན་བརྒྱར་(4ན)འཁྲོལ། །ཕུལ་བྱུང་མཁས་དང་གྲུབ་པའི་རྣམ་ཐར་གྱིས། །རིས་སུ་མ་ཆད་བསྟན་འགྲོའི་གསོས་གྱུར་པ། །དུས་གསུམ་བྱོན་དང་འབྱོན་འགྱུར་ཐམས་ཅད་ལ། །མི་ཕྱེད་གུས་པའི་ཕྱག་གིས་ཡང་ཡང་འདུད། །ཁྱད་པར་རྒྱལ་དབང་པདྨའི་གདུང་འཚོབ་གཏེར་འབྱིན་གྲུབ་པའི་འཁོར་ལོས་སྒྱུར། །བདག་སོགས་སྙིགས་མའི་གདུལ་བྱ་འདུལ་ལ་སངས་རྒྱས་དངོས་ཀྱི་ཕྲིན་ལས་ཅན། །བདུད་(4བ)འཇོམས་ནམ་མཁའི་རྡོ་རྗེ་རྩལ་དང་བདེ་ཆེན་ཟིལ་གནོན་རྡོ་རྗེ་སྟེ། །མཚུངས་མེད་གཏེར་ཆེན་རྣམ་གཉིས་ཞབས་པད་མི་ཤིགས་སྙིང་གི་ཟེའུ་འབྲུར་བསྟི། །ཕུལ་བྱུང་སྡོམ་གསུམ་ས་བོན་སྣུམ་པོ་བདག་རྒྱུད་ཞིང་སར་ལེགས་བཏབ་ནས། །དབང་རྒྱུད་མན་ངག་ཆོས་ཆར་ཕབ་ལས་གཏན་བདེའི་འབྲས་བཟང་སྨིན་མཛད་པ། །འགྱུར་མེད་ཕན་བདེའི་འོད་ཟེར་དང་ནི་འགྱུར་མེད་ངེས་དོན་དབང་པོ་སྟེ། །ཟླ་མེད་སློབ་དཔོན་རྣམ་གཉིས་ཞབས་པད་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད། །རྨོངས་པའི་བློ་གྲོས་པད་རྩ་ཉག་ཕྲ་སྨིན་གྲོལ་གདམས་པའི་ཚ་ཟེར་གྱིས། །ཉེ་བར་བསྐྱངས་ལས་སྐལ་བཟང་ཀུན་དགའི་དགའ་སྟོན་འདབ་རྒྱ་གྲོལ་མཛད་པ། །འགྱུར་མེད་རྣམ་གྲོལ་རྒྱ་མཚོའི་ཞབས་དང་ཨོ་རྒྱན་ཆོས་འབྱོར་རྒྱ་མཚོ་སྟེ། །འགྲན་མེད་ཡོངས་འཛིན་རྣམ་གཉིས་ཞབས་རྡུལ་ཡན་ལག་དང་པོའི་དཔྱིད་དུ་བསྙེན། །གཞན་ཡང་བརྗོད་བྱ་དམ་པའི་ཆོས་མཛོད་ལས། །རྗོད་བྱེད་ཚིགས་བཅད་གཅིག་གི་མཐའ་བརྟེན་ཚུན། །ལེགས་འདོམས་(5ན)དགེ་བའི་བཤེས་སུ་གང་བསྙེན་པ། །ཀུན་ལ་སྙིང་ནས་གུས་པས་དེང་བསྟོད་དོ། །རྒྱལ་བསྟན་པད་ཚལ་བཞད་པའི་ཕྲིན་ལས་ནི། །ཕན་བདེའི་དྲི་བསུང་སྤྲོ་བའི་རྒྱལ་མཚན་ཅན། །སྐལ་བཟང་བུང་བ་དགའ་བའི་ཟིལ་དངར་གྱི། །སྦྲང་རྩིས་དབུགས་འབྱིན་བསྩལ་ལ་ཅིས་མི་སྤྲོ། །ཨེ་མ་དམ་པའི་ཞལ་གྱི་འབབ་སྟེགས་ལས། །ཞི་བསིལ་ཆོས་ཀྱི་བདུད་རྩིའི་རྒྱུན་བབས་པས། །མོས་ལྡན་སྙིང་གི་བུམ་བཟང་སྐལ་བ་བཞིན། །གང་བ་འདིས་ནི་ལུས་རྟེན་དོན་ཡོད་བྱས། །གང་ཞིག་མྱ་ངམ་སྲིད་པའི་ཆུ་གཏེར་ལས། །དལ་འབྱོར་ལུས་ཀྱི་གྲུ་གཟིངས་ལ་བརྟེན་ནས། །མི་ལྡོག་དད་བརྩོན་རླུང་གིས་རབ་བསྐུལ་ཏེ། །ཐོས་པའི་ནོར་བུ་ལེན་ལ་ཅིས་མི་འཇུག །དེ་ཕྱིར་རྒྱལ་བསྟན་ཀུན་ལ་རིས་མེད་དུ། །དག་སྣང་སྦྱངས་ཏེ་མོས་གུས་ལྷུར་བླངས་པས། །བདག་རྒྱུད་རྣམ་གསུམ་དད་པའི་ཡོལ་གོ་ནི། །ཟབ་དོན་བདུད་རྩིའི་ཉིང་ཁུ་ཁོ་ནས་གང་། །དེ་ལྟའི་ཚུལ་ལ་སྤྲོ་བ་ཆེར་བརྟས་ནས། །དམ་པའི་(5བ)ཆོས་ཚུལ་ངེས་པ་འདི་སྙེད་ཅེས། །བརྗེད་ངེས་ཐེ་ཚོམ་མུན་པ་བསལ་བའི་ཕྱིར། །ཐོབ་ཡིག་རིན་ཆེན་སྒྲོན་མེ་དེང་འདིར་སྦར། །དེ་ཡང་ཚེ་རབས་སྔ་མ་རྣམས་ལ་ལེགས་བྱས་ཀྱི་བགྱི་བ་ཅུང་ཟད་སྤྱད་པའི་མཐུས་དལ་འབྱོར་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་ལུས་རྟེན་བཟང་པོ་ཐོབ་ཅིང་། ཁྱད་པར་སངས་རྒྱས་དངོས་སྣང་རྩོད་བྲལ་གྱི་ཡོངས་འཛིན་དགེ་བའི་བཤེས་གཉེན་རྡོ་རྗེ་སློབ་དཔོན་ཆེན་པོ་དུ་མས་རྗེས་སུ་བཟུང་བ་ལས། དམ་པའི་ཆོས་ཀྱི་བདུད་རྩིའི་ཆ་ཤས་ཙམ་བཀའ་དྲིན་དུ་ཐོབ་པ་ནི་ཤིན་ཏུ་སྐལ་པ་བཟང་པོར་སེམས་ཏེ། གསང་བ་བསམ་མི་ཁྱབ་པའི་མདོ་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་རྒྱ་ལམ་སྟེ། །མི་ཡི་ལུས་ནི་ཚོགས་ཀྱིས་རྙེད་ཡིན་ནོ། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་དང་། ཀུན་མཁྱེན་ཀློང་ཆེན་པས། ཆོས་རྔ་སྒྲོགས་པའི་སྒྲ་ཐོས་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་རྣམས་སྨོས་ཅི་དགོས། །ཞེས་གསུངས་པའི་ཚིག་གིས་སྤྲོ་བ་བསྐྱེད་(6ན)ནས་ཇི་ལྟར་ཐོབ་པའི་ཚུལ་རྣམས་ཡི་གེར་འགོད་པ་ལ་ཉེ་བར་ཕྱོགས་སོ། །དེ་ལ་ཐོག་མར་ནང་པ་སངས་རྒྱས་པའི་ལམ་གྱི་འཇུག་སྒོ་དང་པོར་གྱུར་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་བཟང་པོ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེ ། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། འཕགས་པ་ཀླུ་སྒྲུབ། སློབ་དཔོན་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་ཆེན་ཞི་བ་འཚོ། རྦ་རཏྣ། གཙང་རབ་གསལ། སྨར་ཤཱཀྱ་མུན། གཡོར་པོ་དགེ་བ་འབྱུང་། བླ་ཆེན་དགོངས་པ་རབ་གསལ། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཟུས་རྡོ་རྗེ་རྒྱལ་མཚན། སྣེ་བོ་གྲགས་པ་རྒྱལ་མཚན། འབྲེ་ཤེས་རབ་འབར། བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར། རྩིས་འདུལ་བ་འཛིན་པ་གཞོན་ནུ་སེང་གེ ། སྣར་གྲོ་མོ་ཆེ་བདུད་རྩི་གྲགས། མཆིམས་ཆེན་ནམ་མཁའ་གྲགས། སྣར་ཐང་གྲགས་པ་ཤེས་རབ། སྣར་ཐང་མཆིམས་བློ་བཟང་གྲགས་པ། མཁན་(6བ)ཆེན་ཀུན་དགའ་རྒྱལ་མཚན། དཔང་སྟོན་གྲུབ་པ་ཤེས་རབ་སྟེ་སྣར་ཐང་མཁན་པོར་བྱོན་པ་དྲུག །པཎ་ཆེན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། གནས་རྙིང་པ་ཀུན་དགའ་བདེ་ལེགས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་། རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། གྲྭ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ། རྗེ་དཀོན་མཆོག་བསྟན་འཛིན། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། སྨིན་གླིང་མཁན་འགྱུར་མེད་ཆོས་ལྡན། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རྡོར་འཛིན་མཁན་རིག་འཛིན་བཟང་པོ། རྫོགས་ཆེན་མཁན་པདྨ་བཀྲ་ཤིས། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། མཁས་གྲུབ་ཆེན་པོ་རྒྱལ་སྲས་ཨོ་རྒྱན་ཆོས་འབྱོར་རྒྱ་མཚོ། དེ་ཉིད་ཀྱི་ཞལ་སྔ་ནས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་དོ། །དེ་ནས་ལམ་གྱི་གཞི་མ་སོ་སོར་ཐར་པ་དང་། ལམ་གྱི་རྩ་བ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་རྒྱུ་མཚན་ཉིད་ཀྱི་ཐེག་(7ན)པའི་ཕྱོགས་དང་། ལམ་གྱི་སྙིང་པོ་འབྲས་བུ་རྡོ་རྗེ་ཐེག་པ་རྒྱུད་སྡེ་ཆེན་པོ་བཞིའམ་དྲུག་གི་ངེས་པ་རྣམས་ལས་རང་སྐལ་དུ་ཇི་ཙམ་མནོས་པ་དང་། དེ་ཐམས་ཅད་ཀྱི་རྒྱབ་བརྟེན་དུ་རྒྱལ་བའི་བཀའ་རིན་པོ་ཆེ་དང་། རྒྱལ་ཚབས་པཎྜི་ཏ་རྣམས་ཀྱིས་ལེགས་པར་བཤད་པའི་བསྟན་བཅོས་རྣམས་བོད་སྐད་དུ་ཇི་ཙམ་འགྱུར་བ་རྣམས་ཐོབ་པའི་ཚུལ་རིམ་བཞིན་བཀོད་པ་ནི་འདི་ལྟ་སྟེ། །། །