DJYD-KABUM-16-MA-061
DJYD-KABUM-16-MA-061
༄༅། །ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་གི་རྒྱུན་ཁྱེར་ སྙིང་པོའི་བཅུད་དྲིལ་བཞུགས་སོ། །
༄༅། །(སྐྱབས་སེམས་སྔོན་དུ་འགྲོ་བས། ) ཨ། སྟོང་ཉིད་དབྱིངས་ལས་སྙིང་རྗེའི་གདངས། །རང་རིག་ཧྲཱིཿལས་འོད་འཕྲོས་པས། །སྣོད་བཅུད་ཀུན་སྦྱངས་འོད་གསལ་དང་། །ཡུལ་སྣང་བདེ་ཆེན་པདྨ་འོད། །མཚན་ཉིད་ཡོངས་རྫོགས་ཕོ་བྲང་དབུས། །སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས། །རང་ཉིད་འཆི་མེད་ཐོད་ཕྲེང་རྩལ། །དཀར་དམར་མདངས་ལྡན་གཞོན་ཚུལ་མཛེས། །ཁྲོ་འཛུམ་རྗེས་ཆགས་ལང་ཚོས་སྒེག །ཕྱག་གཉིས་རྡོ་རྗེ་ཐོད་པ་འཛིན། །ཞབས་ཟུང་སྐྱིལ་མོ་ཀྲུང་གིས་བཞུགས། །རང་འོད་མནྡྷ་ར་བ་ནི། །མདའ་དར་ཚེ་བུམ་འཛིན་དང་སྦྱོར། །སྣ་ཚོགས་དར་དང་རིན་པོ་ཆེ། །སྟག་ཤམ་རུས་པའི་རྒྱན་གྱིས་སྤྲས། །འཇའ་འོད་ཟེར་ཕྲེང་ཀློང་དུ་རོལ། །གདོད་ནས་དམ་ཡེ་དབྱེར་མེད་པའི། །ཐུགས་དབུས་འོད་ཀྱི་གུར་ཁྱིམ་སྦུབས། །གསེར་རྡོར་རྩེ་ལྔའི་ལྟེ་བ་རུ། །དྭངས་མའི་སྲོག་ཡིག་ཧྲཱིཿ དཀར་དམར། །དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །དེ་ལས་འོད་ཟེར་རབ་འཕྲོས་པས། །རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། །འགྲོ་བའི་སྒྲིབ་སྦྱངས་བདེ་ལ་(1བ)བཀོད། །འཁོར་འདས་ཚེ་བསོད་དྭངས་བཅུད་ཀུན། །འོད་ཟེར་བདུད་རྩིའི་རྣམ་པ་རུ། །ཏིང་འཛིན་ཧྲཱིཿར་ཐིམ་གཟི་བྱིན་འབར། །སྣང་བ་ལྷ་དང་སྒྲ་གྲགས་སྔགས། །དྲན་རྟོག་ཆོས་ཉིད་གཉུག་མའི་ངང་། །བདེ་ཆེན་ཡེ་ཤེས་རོལ་པར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིངྔྷི་ཕ་ལ་ཧཱུྃ་ཨཱཿ ལྷར་སྣང་མི་དམིགས་འོད་གསལ་ཆེ། །སྤྲོས་བྲལ་ཀ་དག་ཀློང་དུ་བརྡལ། །སླར་ཡང་མཁའ་ལ་འཇའ་ཚོན་བཞིན། །རྡོ་རྗེ་གསུམ་གྱི་ཕྱག་རྒྱར་སད། །(མཐར་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་དོ། །ཞེས་པའང་སྐུ་ཞབས་རྡོ་རྗེ་རིག་འཛིན་གྱི་གསུང་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒལཾ༎ ༎)