DJYD-KABUM-17-TSA-021

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-17-TSA-021

(1ན)༄༅། །(གནོད་སྦྱིན་གཏེར་གྱི་བདག་པོའི་མེ་མཆོད་ཀྱི་ཆོ་ག་ཁམས་གསུམ་དབང་དུ་བྱེད་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །) ༈ ཨོཾ་སྭ་སྟི། (དེའང་གནོད་སྦྱིན་གཏེར་གྱི་བདག་པོ་ཆེན་པོ་ལ་བརྟེན་ནས་མངོན་པར་འདོད་པའི་ལས་ཀྱི་འབྲས་བུ་བདེ་བླག་ཏུ་འབྱིན་པར་བྱེད་པ་མེ་མཆོད་ཀྱི་བྱ་བ་ལ་འཇུག་པར་འདོད་པས། ཡར་ངོའི་རྒྱལ་དང་ལྡན་པའི་ཚེས་བརྒྱད་དམ་བཅོ་ལྔའམ་མར་ངོའི་ཚེས་དགུ་ལྟ་བུ་དབང་གི་ལས་ལ་ཤིས་པའི་དུས་ཚེས་དགེ་བའི་དགོངས་མོའི་ཆ་ལ། ཚོང་འདུས་ཀྱི་སའམ་སྨད་ཚོང་མའི་མལ་འོག་གིས་ས་བྲིས་ཐབ་ཀྱི་ཚེ་ཆག་ཆག་གདབ་ཅིང་། བརྩིག་ཐབ་ཀྱི་ཚེ་དེ་ལ་རྒྱུ་བྱས་པའི་ཐབ་ཁུང་ཟླ་གམ་དམར་པོ་རྒྱར་མཛུབ་གང་དང་། དཔངས་སུ་དེའི་ཕྱེད་ཆ་སོར་བཞི་པའི་ཁ་ཁྱེར་མུར་ནད་དང་བཅས་པའི་ལྟེ་བ་པདྨ་དམར་པོ་འདབ་མ་བཞི་པ་ལྕགས་ཀྱུས་མཚན་པ་དང་། ཁ་ཁྱེར་ལ་མེ་རི་དམར་པོ། མུ་རན་ལ་ལྕགས་ཀྱུའི་ཕྲེང་བས་བསྐོར་ཞིང་ཟུར་གཉིས་ལའང་ལྕགས་ཀྱུ་རེ་བཅས་བྲིས་པའི་ནང་དུ། ཙནྡན་དམར་པོ་དང་། མཛོ་མོ་ཤིང་དང་། འོལ་མ་སེ་སོགས་སྐྱུར་བའི་ཤིང་རྣམས་གང་རྙེད་ཀྱིས་བུད་ཤིང་ཟླ་གམ་དུ་བརྩིག །གཡས་ཕྱོགས་སུ་ཏིལ་གྱི་མར་ཁུའམ་མ་སྦྱོར་ན་འབྲུ་མར་དང་། སྔར་གྱི་ཤིང་རྣམས་གང་རིགས་ཀྱི་སྡོང་པོའི་ཆ་ལས་བྱུང་བའི་ཡམ་ཤིང་སོར་ལྔ་པ་མངར་གསུམ་དང་མར་ཁུར་ཉུགས་པ་གྲངས་ཇི་ལྟར་འོས་པ། བསྲེས་རྫས་ཨུཏྤལ་དམར་པོ་སོགས་མེ་ཏོག་དམར་པོའི་རིགས། མངར་གསུམ། ཙནྡན་དམར་(1བ)པོ། མྱོས་བྱེད་ཀྱི་འབྲས་བུ། ཤ་ལྔ་བདུད་རྩི་ལྔ། རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་བཟའ་བཅའ་སོགས་ཁ་ཟས་བཟང་རྒུ། དར་གོས་དམར་པོའི་རིགས། དབང་སྤྱིའི་རྫས་སྐྱུར་བའི་འབྲས་བུ་དང་ཟླ་མཚན་སོགས་གང་རྙེད་སོ་སོའི་གཅིག་ཏུ་བསྲེས་ཀྱང་རུང་སྟེ་ཐམས་ཅད་ཀྱང་རྒྱ་སྐག་གི་ཁུ་བས་ཁ་དོག་བསྒྱུར་བ། རྩ་བའི་རྫས་ཙནྡན་དམར་པོའི་བྱང་བུ་ལ་ཁྱད་པར་གྱི་རྫས་ཀྱིས་དམིགས་བྱའི་རཱུ་པ་མིང་རུས་ཅན་བྲིས་ལ་ཕོ་མོའི་ཁྱད་པར་གྱིས་གཞོན་ནུའི་ཁུ་རྡུལ་བྱུགས་པ་དང་། ཆགས་སྐྱེད་ཡིད་སྐྱུར་སོགས་ཁྱད་པར་གྱི་རྫས་རྣམས་ཚུལ་བཞིན་སྦྱར་བའི་རིལ་བུ་གྲངས་མང་། གཡོན་ངོས་སུ་ཟངས་གཞོང་དུ་འབྲུ་སྣའི་ཕྱེ་སྨན་སྤོས་མངར་གསུམ་དང་སྦྱར་བ་ཆ་དང་སྦྲང་རྩིས་སྦྲུས་པའི་གཏོར་མ་མཐེབ་ཀྱུ་རིལ་བུས་བསྐོར་བ་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་དམར་ཀྱི་གུར་ཕུབ་པ་དང་། མངར་གསུམ་ཆང་དང་སྦྱར་བའི་བཏུང་བ། མཆོད་རྫས་མེ་ཏོག་དམར་པོ། ཁྱད་པར་གྱི་སྦྱར་སྤོས། ཏིལ་མར་གྱི་སྒྲོན་མེ། ཙནྡན་གྱི་དྲི་ཆབ། བཟའ་བཅའི་ཞལ་ཟས་རྣམས་བཤམ། མདུན་དུ་རྡོར་དྲིལ་དགང་བླུགས་ནང་མཆོད་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས། རང་ཉིད་ཡི་དམ་གཙོ་བོའི་ང་རྒྱལ་གྱིས་ཆས་གོས་དམར་པོ་བསྟར་ནས་ཆགས་པའི་སེམས་དང་ལྡན་པས་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འཁོད་དེ། མཆོད་གཏོར་རྣམས་ལ་ནང་མཆོད་འཐོར་ཞིང་བསང་སྦྱང་བྱིན་རླབས་གཞུང་བཞིན་བྱ། བསྲེས་རྫས་རྣམས་ཨོཾ་ཨཱཿཧཱུཾ་གིས་ཟག་པ་མེད་པ་བདུད་རྩིའི་(2ན)རང་བཞིན་དུ་གྱུར་པར་བསམ། དེ་ནས་ཐབ་བསང་སྦྱང་།) སྟོང་པའི་ངང་ལས་མདུན་དུ་དབང་གི་ཐབ་ཁུང་པདྨ་རཱ་གའི་རང་བཞིན་ཅན་ཟླ་གམ་དམར་པོ་ཁ་ཁྱེར་དང་བཅས་པ་འོད་ཟེར་དམར་པོ་འཕྲོ་བར་(བསམ་ཞིང་།) ཨོཾ་ཨགྣེ་ཛྭ་ལ་རཾ། (ཞེས་སྨད་འཚོང་མའི་མེ་སྤར་ལ།) ཨོཾ་སརྦ་བྷྲཱུ་ཏ་རཀྵ་ཧཱུཾ་ཧཱུཾ། (ཞེས་སྲུང་བའི་འཁོར་ལོས་བཅིངས་པར་བསམ།) ཐབ་ཀྱི་ནང་དུ་རཾ་ལས་འབར་བའི་མེའི་དབུས་སུ་པདྨ་དམར་པོ་འདབ་མ་འབུམ་བརྡལ་སོགས་ལྷ་བསྐྱེད་ནས་སྤྱན་འདྲེན་བཞུགས་གསོལ་ཕྱག་བྱ་བའི་བར་དུ་དཀྱུས་བཞིན་བཏང་ལ། (དེ་ནས།) གནོད་སྦྱིན་ཆེན་པོའི་ལྗགས་ལ་རཾ་དང་གཟར་བུ་གཉིས་ལ་ཧྲཱིཿཡིག་གིས་མཚན་པར་གྱུར་པས་བསྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་(བསམ་ཞིང་།) ཨོཾ་ཨགྣ་ཡེ་སྭཱཧཱ། (ཞེས་བླུགས་གཟར་བདུན་གྱིས་དགང་གཟར་བཀང་རྗེས་གཟར་བུ་གཉིས་ཁ་སྦྱར་བ་པདྨའི་ཁུ་ཚུར་གྱིས་བཟུང་བ་གཡས་སུ་བསྐོར་ཞིང་།) ཨེ་ཧེ་བྷྱོ་མ་རུ་ཙེ་རཏྣ་སིདྡྷི་ཛཿ(སོགས་ཀྱི་མཐར།) ཆེ་གེ་མོ་སོགས་ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུ་བར་མཛོད་ཅིག་ཧོཿ (ཞེས་ལན་གསུམ་གྱིས་ཏིལ་མར་ཕུལ་ལ།) ཧཱུྃ༔ གཏེར་བདག་ཆེན་པོ་འཁོར་བཅས་ལ༔ (ཞེས་སོགས་ཀྱི་སྤྱིར་མཆོད་ཅིང་།) མཁའ་ལྟར་ཀུན་ཡངས་(སོགས་ནས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་བདུན་གྱིས་གཏོར་(2བ)མ་དབུལ།) ཧཱུཾ༔ རི་རབ་ལྷུན་པོའི་བྱང་ཕྱོགས་ཀྱི༔ (ཞེས་སོགས་ཀྱིས་བསྟོད། དེ་ནས་རྫས་རྣམས་ཡེ་ཤེས་བདུད་རྩི་དམར་པོའི་དྭངས་མ་གསོལ་བར་བསམ་ལ། རྩ་སྔགས་ཁོ་ནས་ཡམ་ཤིང་། ཏིལ་མར། མེ་ཏོག་དམར་པོ་སོགས་རྫས་རྣམས་བརྒྱ་རྩ་བརྒྱད་སོགས་ཇི་ལྟར་རིགས་པ་འབུལ་ཞིང་།) ཧོ། གནོད་སྦྱིན་གཏེར་གྱི་བདག་པོ་ཆེན་པོ་འཁོར་དང་བཅས་པ་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་དམིགས་བྱ་ཆེ་གེ་མོ་སོགས་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་འདུས་ནས་དབང་གི་ཕྲིན་ལས་མཐར་ཕྱིན་པར་མཛད་དུ་གསོལ། (ཞེས་འདོད་དོན་གསོལ། དེ་ནས་ཁྱད་པར་རྩ་བའི་རྫས་བྱང་བུ་ལ་དམིགས་ཏེ།) རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ཕོ་ཉ་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་མེད་སྤྲོས། བསྒྲུབ་བྱའི་སྙིང་ནང་ན་སེམས་ཀྱི་ངོ་བོ་ནྲྀ་དམར་པོའི་རྣམ་པར་གནས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་བཀུག་ནས་གཟུགས་ལ་ཐིམ་པར་(བསམ་ལ། ལྕགས་ཀྱུས་ཕྱག་རྒྱ་དང་བཅས་ཏེ།) ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། རྩ་གསུམ་ཀུན་འདུས་བླ་མ་དབང་དྲག་འབར་བའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། (3ན)གནོད་སྦྱིན་གཏེར་གྱི་བདག་པོ་ཆེན་པོ་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཆེ་གེ་མོ་ལ་སོགས་ཏེ་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨ་ནྲྀ་ཏྲི་ཨ་ཀཀྵ་ཡ་ཧཱུཾ་ཛཿ ཛཿཧཱུྃ་བཾ་ཧོ། (ཞེས་ལན་གསུམ་དང་། ཡི་དམ་གྱི་སྔགས་མཐར།) ཆེ་གེ་མོ་པཱ་ཤཾ་ཀུ་རུ་ཧོ༔ (ཞེས་བཏགས་པ་བརྒྱ་རྩ་བརྒྱད་ཀྱིས་བཀུག་ཅིང་བསྟིམ་པས་བསྒྲུབ་བྱ་དངོས་སུ་གྱུར་པར་བསམ་ལ། ལས་སྔགས་བཟླ་བཞིན་དུ་ཙནྡན་གྱི་བྱང་བུ་དང་ཁྱད་པར་གྱི་རྫས་རྣམས་ཕུལ་བས།) གནོད་སྦྱིན་གྱི་ཐུགས་ཀའི་འོད་ཟེར་གྱིས་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་རང་དབང་མེད་པར་བསྐུལ་བས་དེ་རྣམས་ཀྱིས་དམིགས་བྱ་གཅེར་བུ་སྐྲ་འབལ་བ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག །ལྕགས་ཀྱུས་སྙིང་ནས་བཏབ་ཞགས་པས་མགྲིན་པ་བཅིངས་ནས་མྱུར་བའི་རླུང་ཤུགས་ཀྱིས་དྲངས་ཏེ་རང་གི་མདུན་དུ་ལྷགས་ཤིང་རང་དབང་བརྟན་པ་དང་བྲལ་བས་དབང་དུ་འདུས། མཐར་དམིགས་བྱ་དེ་ཉིད་ཐིག་ལེ་དམར་པོའི་རྣམ་པར་ལྟེམ་གྱིས་ཞུ་ནས་རང་གི་སྙིང་གར་ཐིམ་པས་རང་སེམས་དང་དབྱེར་མེད་དུ་གྱུར་པར་མོས་ལ་དེའི་ངང་ལ་མཉམ་པར་བཞག་གོ ། (དེ་ནས་རྗེས་ཆོག་ནི།) ཨེ་ཧེ་མ་རུ་ཙེས་པ་(3བ)རི་ཝཱ་ཨརྒྷཾ་(སོགས་ནས།) ཤཔྡ་པཉྩ་ཀ་མ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཀརྨ་མུ་དྲ་པཱུ་ཛ་ཧོ༔ (ཞེས་མཆོད།) གར་གྱི་དབང་ཕྱུག་བཅོམ་ལྡན་དཔའ་བོ་ནི། །སོར་རྟོག་ཡེ་ཤེས་ཆགས་པ་ཆེན་པོའི་ངང་། །སྐྱེ་རྒུའི་ཡིད་ཀྱི་བརྟན་པ་དབང་མེད་དུ། །འཕྲོག་མཛད་གནོད་སྦྱིན་དབང་པོ་ཁྱོད་ལ་བསྟོད། །(ཅེས་བསྟོད། ཡིག་བརྒྱ་མང་དུ་བཟླས་མཐར།) མ་རིག་དུག་ལྔའི་རྒྱུས་བསྐྱེད་(སོགས་ཀྱིས་ནོངས་པ་བཟོད་པར་གསོལ།) ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །(སོགས་ཀྱི་མཐར།) བཛྲ་མུཿ(ས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམ།) དགེ་འདིས་བདག་ཅག་འཁོར་བཅས་ཀྱིས། །འགྲོ་ཀུན་དབང་དུ་འདུས་པ་དང་། །དབང་གི་ཕྲིན་ལས་མཐར་ཕྱིན་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །(ཅེས་སྨོན་ལམ་གདབ། མེ་ཏོག་གི་ཆར་དབབ་ལ་བཀྲ་ཤིས་རྒྱ་ཆེར་བརྗོད་པས་མཐའ་བརྒྱན། མེ་རང་ཞིར་གཏོར་བའམ་ཆང་གིས་གཞིལ་ལ་ཐལ་སོལ་རྣམས་མཐུན་པའི་ཕྱོགས་སུ་རླུང་ལ་བསྐུར་བའམ་མི་ཕྱུགས་མང་པོས་འཐུང་བའི་ཆུ་བོ་ཆེན་པོར་སྦྱང་ངོ་། །ཞེས་པའང་བཤེས་གཉེན་རྡོ་རྗེ་འཛིན་པ་ཨོ་རྒྱན་ཐེག་མཆོག་བསྟན་འཛིན་གྱི་གསུང་གི་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གྲུབ་པ་མཆོག་གི་མན་ངག་ལ་བརྟེན་ནས་སྟན་ཐོག་གཅིག་ཏུ་ཤར་མར་བྲིས་པ་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་སིདྡྷི་རསྟུ།། །།)