DJYD-KABUM-24-YA-007

From Dudjom Wiki
Revision as of 16:05, 24 July 2024 by Mort (talk | contribs)

DJYD-KABUM-24-YA-007
Wylie title DJYD-KABUM-24-YA-007.pdf
Location bdud 'joms rin po che bka' 'bum
Volume 24, Text 7, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན) (པདྨ་གསང་བའི་ཐིག་ལེ་ལས། བརྒྱུད་པའི་གསོལ་འདེབས་བདུད་རྩིའི་ཟིལ་དངར་བཞུགས་སོ།) །ཨོཾ་ཨཱཿཧཱུྃ། ཀ་དག་སྤྲོས་པ་བྲལ་བའི་ཞིང་ཁམས་ནས། །ཆོས་སྐུ་སྣང་བ་མཐའ་ཡས་ཚེ་ཡི་བདག །དུས་གསུམ་རྒྱལ་བ་དགོངས་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །ངེས་པ་ལྔ་དང་ལྡན་པའི་ཞིང་ཁམས་ནས། །ལོངས་སྐུ་ཚེ་ལྷ་པདྨ་གར་གྱི་དབང་། །བརྡ་བརྒྱུད་རིག་འཛིན་སེམས་དཔའ་མཆོག་རྣམས་ལ། །གསོལ་བ་འདེབས་སོ་༴ །སྣ་ཚོགས་འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་ནས། །ལྷུན་གྲུབ་རིག་འཛིན་པདྨ་ཀུན་ཏུ་འཆང་། གང་ཟག་སྙན་བརྒྱུད་གྲུབ་ཐོབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་༴ །ངྷུ་མ་ཐ་ལ་མཁའ་སྤྱོད་གྲོང་ཁྱེར་ནས། །དྷཱ་ཀིའི་ཚོགས་རྗེ་སངས་རྒྱས་པདྨའི་ལྕམ། །གནས་ཡུལ་མཁའ་འགྲོ་བྱེ་བའི་ཚོགས་རྣམསལ། །གསོལ་བ་འདེབས་སོ་༴ །བོད་ཡུལ་སྒྲུབ་གནས་དབེན་པའི་རི་ཁྲོད་ནས། །སྐད་གཉིས་སྨྲ་བ་དཀོན་མཆོག་འབྱུང་གནས་ཞབས། །རྗེ་འབངས་སྤྲུལ་པའི་འཁོར་ཚོགས་བསམ་ཡས་ལ། །གསོལ་བ་འདེབས་སོ་༴ ཤར་ཕྱོགས་མེ་ལོང་བཀོད་པའི་ཞིང་ཁམས་ནས། །གྲུབ་པའི་ཁྱུ་མཆོག་མཉམ་མེད་གྲགས་པ་དཔལ། །མཁས་(1བ)ཤིང་གྲུབ་བརྙེས་འཁར་ཚོགས་མཐའ་ཡས་ལ། །གསོལ་བ་འདེབས་སོ་༴ །རང་རིག་འོད་གསལ་བདེ་ཆེན་ཞིང་ཁམས་ནས། །སྨོན་ལམ་ལས་སད་གཏེར་སྟོན་སྤྲུལ་པའི་སྐུ། །ཆོས་བདག་རིག་འཛིན་འཁོར་ཚོགས་བརྒྱུད་བཅས་ལ། །གསོལ་བ་འདེབས་སོ་༴ །སྣང་སྲིད་རྣམ་དག་འོད་གསལ་ཞིང་ཁམས་ནས། །རྩ་གསུམ་སྤྱི་གཟུགས་འཆི་མེད་པདྨ་འབྱུང་། །དབྱིངས་ཀྱི་ཡུམ་ཆེན་མཉམ་སྦྱོར་བདེ་ཆེན་ལྷར། །གསོལ་བ་འདེབས་སོ་༴ །དགའ་བཞིའི་ལང་ཚོ་སྟོང་ཉིད་དྭངས་མར་འཁྱིལ། །གཽ་རཱི་མ་སོགས་གནས་ཀྱི་མ་མོ་བརྒྱད། །རྟོག་ཚོགས་རང་གྲོལ་མཆོད་པའི་ལྷ་མོར་ཤར། །གསོལ་བ་འདེབས་སོ་༴ །ཚད་མེད་བཞི་ལྡན་འབྱུང་བའི་དྭངས་བཅུད་སྡུད། །བདུད་བཞི་དབྱིངས་སྒྲོལ་ལས་བཞིའི་དངོས་གྲུབ་སྩོལ། །མགྱོགས་མ་སྒོ་སྲུང་ལས་ཀྱི་ངྷཱ་ཀྱི་མར། །གསོལ་བ་འདེབས་སོ་༴ །མཚོ་སྐྱེས་རྒྱལ་བའི་ཐུགས་ཏིག་ཟབ་མོའི་ཆོས། །རྟག་ཏུ་སྲུང་ཞིང་སྒྲུབ་པོའི་ཕྲིན་ལས་སྒྲུབ། །ཤ་ཟ་དྷཱ་ཀི་ལྕམ་དྲལ་འཁོར་བཅས་ལ། །གསོལ་བ་འདེབས་སོ་༴ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྔོན་འགྲོའི་ཆོས་ཀྱིས་བློ་རྒྱུད་ལེགས་པར་སྦྱངས། །སྨིན་བྱེད་དབང་ཐོབ་དམ་ཚིག་སྲོག་ལྟར་བསྲུང་། །(2ན)བསྐྱེད་པའི་རིམ་པས་སྣོད་བཅུད་ཞེན་སྣང་བཅོམ། །རླུང་སྔགས་དབྱེར་མེད་ངག་རླུང་སྔགས་སུ་དག །ཕྱག་རྒྱ་ལ་བརྟེན་དགའ་བདེའི་ཡེ་ཤེས་རྟོགས། །ཀ་དག་ལྷུན་གྲུབ་རྡོ་རྗེའི་གསེང་ལམ་ལས། །གཞོམ་བྲལ་འཆི་མེད་རྡོ་རྗེའི་སྲོག་འགྲུབ་སྟེ། །གཞོན་ནུ་བུམ་སྐུའི་སྦུབས་སུ་མངོན་བྱང་ཆུབ། །ཕྱིར་གསལ་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུས། །ནམ་མཁའ་མཉམ་པའི་འགྲོ་བ་མ་ལུས་པ། །རྒྱལ་དབང་པདྨའི་གོ་འཕང་ལ་འགོད་ཤོག །(ཅེས་པའང་དད་ཤེས་ཀྱི་བློ་མིག་ཡངས་པ་མགྲོན་གཉེར་བླ་མ་རིན་ཆེན་ནོར་བུ་ནས་ཡང་ཡང་བསྐུལ་བ་དང་། ཉེ་ཆར་མཁན་ཆེན་བླ་མ་ངག་དབང་ལེགས་གྲུབ་ཀྱི་གསུང་གིས་བསྐུལ་ངོར། འོད་སྟོང་གི་དྲྭ་བས་རྒྱུ་སྐར་མེ་བཞིའི་འཁོར་ལོར་མཛེས་པའི་ཉིན་པར་ཟབ་ཆོས་ཀྱི་སྐལ་པ་ཐོབ་པ་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་དགེ་ཞིང་བཀྲ་ཤིས།། །།)