DJYD-KABUM-24-YA-018

From Dudjom Wiki
Revision as of 15:37, 25 July 2024 by Mort (talk | contribs)

DJYD-KABUM-24-YA-018
Wylie title DJYD-KABUM-24-YA-018.pdf
Location bdud 'joms rin po che bka' 'bum
Volume 24, Text 18, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: . Kalimpong: Dupjung Lama, 1979-1985.
Side notes   Verso: pad+ma gsang thig
More details More details
Tertön རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ (rje drung phrin las byams pa 'byung gnas)
Genre
Cycle པདྨ་གསང་བའི་ཐིག་ལེ་ (pad+ma gsang ba'i thig le)
[edit]
༄༅། །འཆི་མེད་རྩ་གསུམ་ཀུན་འདུས་པདྨ་གསང་བའི་ཐིག་ལེའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ཅུང་ཟད་བཀོད་པ་རིམ་གཉིས་གྲུབ་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


༄༅། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། སྤྲོས་བྲལ་གཞོན་ནུ་བུམ་པའི་སྐུ། །ཁྱད་ཆོས་དྲུག་ལྡན་གདོད་མའི་མགོན། །ཀུན་བཟང་ཚེ་དཔག་མེད་པ་ལ། །བཏུད་ནས་སྙིང་པོའི་རིམ་པ་བྲི། །འདིར་རྩ་གསུམ་ཀུན་འདུས་པདྨ་གསང་བའི་ཐིག་ལེ་ཚེ་དཔག་མེད་ཀྱི་བསྙེན་པའི་རིམ་པ་ལ་འཇུག་པར་འདོད་པའི་གང་ཟག་རྣམས། ཁམས་གསུམ་འཁོར་བའི་གནས་རིགས་མཐའ་དག་མེ་ཡི་འོབས་དང་སྲིན་མོའི་གླིང་དུ་ཤེས་པས་ཡིད་འབྱུང་སྟེ་གནས་སྐབས་ཀྱི་བདེ་འབྱོར་ལྟར་སྣང་པ་རྣམས་ཀྱང་དུག་དང་འདྲེས་པའི་ཁ་ཟས་ལྟར་ཉེས་པ་དུ་མའི་རྩ་བར་ཤེས་(2ན)ཤིང་། ཚེ་ཐུང་ནམ་མཇུག་གི་སྦྲང་བུ་ལྟ་བུའི་རྟེན་འདི་ལ་དལ་འབྱོར་དོན་ལྡན་གྱི་སྙིང་པོ་བླངས་པར་འདོད་པས། གནས་གྲོགས་མཐུན་རྐྱེནཕུན་སུམ་ཚོགས་པའི་གནས་སུ། ཟླ་བ་གང་ཡང་རུང་བའི་ཡར་ངོའི་གྲལ་ཚེས་བཟང་པོར། དཀོན་མཆོག་གི་རྟེན་སྤྱི་དང་ཁྱད་པར་འདིའི་སྐུ་རྟེན་བྲིས་འབུར་གང་རིགས་བཀྲམ་པའི་མདུན་དུ་རས་བྲིས་ཀྱི་དཀྱིལ་འཁོར་ལྷ་གནས་སུ་སྐུའམ་ཕྱག་མཚན་ཐིག་ལེས་མཚན་པ་བཀྲམ་པའི་སྟེང་འཕྲུལ་སྟེགས་སུ་བུམ་པ་ཉེར་ལྔའི་རྫས་ལྡན་རྒྱུན་འབབས་ཀྱི་ཆུ་སྣས་བཀང་བའི་ཁར། ཐོད་པ་མྱོས་བྱེད་སྦྱར་བ། མེ་(2བ)ལོང་ཤེལ་རྡོ་སོགས་བརྩེགས་མར་བཤམས། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཕྱོགས་ཚེ་འབྲང་བུམ་གཟུགས་རྒྱན་སྤྲོས་ཅན། གཙོ་འཁོར་གྱི་སྐུ་ཙཀ། མདུན་ཕྱོགས་སུ་སྨན་རཀ་གཏོར་གསུམ། ཆད་བརྟན་དང་གཏེར་སྲུང་མ་རྒྱུན་བཞག་གི་མཐར་ཉེར་སྤྱོད་བསྐོར་བཤམ་མམ་ཕྲེང་ཚར་གང་རུང་བཀོད་མཛེས་སུ་བཤམས་ཤིང་། བདེ་བའི་སྟན་ནང་ཚང་ཅན་བཏིང་བའི་སྟན་གྱི་འོག་ཏུ་ས་དཀར་གྱི་གཡུང་དྲུང་གཡས་བསྐོར་དུ་བྲིས་པའི་ཁར་འཁོད་ལ། སྒྲུབ་ཁང་གི་གཞིར་སྔར་དཀྱིལ་འཁོར་མ་བཞེངས་པ་ཡིན་ན་ས་ཡི་ཆོ་ག་གསང་བ་སྤྱི་ལྟར་བྱ། སྒྲུབ་ཁང་རྙིང་པ་ཡིན་ན་མི་དགོས་ཤིང་། གང་ལྟར་སྒོ་དྲུང་དུ་ཐོ་དཀར་པོ་འཛུག་ལ། རྒྱལ་ཆེན་བཞི་དང་བདུད་རྩི་འཁྱིལ་བའི་སྔགས་མཐར། སྒྲུབ་པ་འདི་མཐར་མ་ཕྱིན་གྱི་བར། ཕྱི་ཡི་བར་ཆད་ནང་དུ་མ་བཏང་། ནང་གི་དངོས་གྲུབ་ཕྱིར་མ་བཏང་བར་བསྲུང་མཚམས་ཀྱི་ཕྲིན་ལས་མཛད་དུ་གསོལ། ཞེས་བྲིས་པ་འཛུག །དཀར་དམར་གཏོར་མ་མཐེབ་རིལ་གྱིས་བརྒྱན་པ་དང་། གསེར་སྐྱེམས་བཤམས་ལ། ཨོཾ་ཧྱ་གྲཱི་ཝ་ཧཱུྃ་ཕཊ། རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་ཧེ་རུ་ཀ་གཡས་དབྱུག་ཐོ་དང་། གཡོན་ཐོད་ཁྲག་འཛིན་པ། འབར་(3ན)བའི་གར་དགུ་དང་ལྡན་ཞིང་། དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གནས་པར་བསམ་ལ། གོང་གི་སྔགས་བརྒྱ་རྩ་བཟླ། མཆོད་གཏོར། ཧྱ་གྲཱི་ཝས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་རྒུའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་བསམ་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཁྲོ་བོ་བདུད་རྩི་འཁྱིལ་བ་ལ་རྒྱལ་པོ་ཆེན་པོ་བཞིས་བསྐོར་བ་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ས་མ་ཡ་ཏིཥྛ་ལྷན། ལྷ་ཚོགས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་པར་བསམ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཙ་ཏུར་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བསྔོས། ཧཱུྃ། དཔལ་ཆེན་ཁྲོ་བོ་བདུད་རྩི་འཁྱིལ། །རྒྱལ་པོ་ཆེན་པོ་སྡེ་བཞི་བཅས། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །དངོས་གྲུབ་ཆེན་པོ་ཐོབ་ཀྱི་བར། །ཕྱི་ནང་གསང་བའི་བར་ཆད་སྲུངས། །མཚམས་ཀྱི་ཕྲིན་ལས་མཛད་དུ་གསོལ། །བཛྲ་ས་མ་ཡ་ཏིཥྛ་ལྷན། ཞེས་(3བ)མེ་ཏོག་འཐོར། ནང་དུ་སོང་ལ་བགེགས་གཏོར་ཆབ་ཀྱིས་བྲན་ཏེ། སྔགས་བསྔོས་ལན་གསུམ་བྱས་ཏེ། ལས་བྱང་ལྟར་བསྔོ་ཞིང་བགེགས་བསྐྲད། སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། དེ་ནས་གདན་དུ་འཁོད་ལ། ཐོག་མར་ཞག་གསུམ་སོགས་སུ། ཟུར་གསལ་སྔོན་འགྲོའི་ཆོས་རྣམས་བཤར་བསྒོམ་གྱི་ཚུལ་དུ་ཉམས་སུ་བླངས། དེ་ནས་དགོང་ཐུན་གྱིས་མགོ་བརྩམ་ནས་བསྐྱེད་བཟླས་ལ་འཇུག་སྟེ་ཐོག་མར་མཆོད་པ་བྱིན་བརླབ། གནས་ཡུལ་བྱིན་འབེབས་བཅས་སོང་ནས། ལྟ་བསྒོམ་ཁྱད་པར་ཅན་དག་གིས་རང་རིག་གསལ་གདབ་ཙམ་གྱིས་སྣང་སྲིད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤེས་པས་བཟླས་ལ་འཇུག་པ་ཡིན་ཀྱང་། དེ་ལྟར་ཉམས་འོག་ཏུ་མ་ཆུད་པས། ཐོག་མར་ཆོས་ཐམས་ཅད་མཚན་འཛིན་གྱི་སྤྲོས་པ་ལས་འདས་པའི་སྟོང་པ་ཉིད་ཀྱི་ངང་ལས། དེ་ལྟར་མ་རྟོགས་པའི་འགྲོ་བ་ལ་སྙིང་རྗེ་སྒྱུ་མ་ལྟ་བུ་ཀུན་ལ་ཁྱབ་པས། སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པ་ལས། རྒྱུ་ཡི་ས་བོན་བསྐྱེད་དེ། དེ་ལས་གཞལ་ཡས་ཁང་དང་ལྷ་ཚོགས་གཙོ་འཁོར་གྱི་སྣང་ཆར་ཤར་བ་ཐམས་ཅད། མེ་ལོང་ནང་གི་གཟུགས་བརྙན་བཞིན། སྣང་ལ་འཛིན་པ་མེད་པ་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་ལ་(4ན)བསླབ་སྟེ། མཚན་རྟོག་གི་བག་ཆགས་འཇོམས་པའི་ཕྱིར། སྤྱན་དྲངས་ཤིང་བསྟིམས་ལ། རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་འཕྲུལ་དགའི་འདོད་ཡོན་ལྟར་མཆོད་ལ། བརྟན་གཡོའི་སྒྲ་སྐད་ཐམས་ཅད་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལ་བསྟོད་པའི་རོལ་མོ་འཁྲོལ་བར་བསམ། ཛཔྲ་ཀྱི་ཐོག་མར་ལྷ་དང་རིག་འཛིན་རྣམས་ཀྱི་ཐུགས་དམ་བསྐུལ་བ་མོས་གུས་རྩེ་གཅིག་པས་ཛཔྲ་བསྐུལ་བརྗོད་མཐར། བསྐྱེད་རིམ་གྱི་སྣང་ཆ་རེ་རེ་བཞིན་གསལ་འདེབས་ཀྱིས་བསྒོམ། གོམས་པ་ན་ལྷ་སྐུ་གཙོ་འཁོར་གཞལ་ཡས་ཁང་དང་བཅས་པ་ལམ་གྱིས་གསལ་གདབ། དེས་སྐྱོ་ན། ཞལ་གཅིག་ཐིག་ལེ་ཉག་གཅིག །ཕྱག་གཉིས་ཐབས་ཤེས་ཟུང་འཇུག །རྒྱན་ཆ་སངས་རྒྱས་ཀྱི་ཡོན་ཏན། ཡབ་ཡུམ་སྣང་སྟོང་དབྱེར་མེད། དགའ་བ་བཞི་དང་སྟོང་པ་བཞི། ཚད་མེད་བཞི་ཡི་རང་མདངས་འཁོར་གྱི་ལྷ་ཚོགས། བྱང་ཆུབ་ཀྱི་ཆོས་ཡོངས་སུ་དག་པས་གཞལ་ཡས་ཁང་སོགས་ཤེས་པ་དང་། ཡང་རེས་འགའ། རང་གི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཡེ་ནས་འབྱུང་བཞི་ཡུམ་བཞི། ཕུང་པོ་རིགས་ལྔ། སྐྱེ་མཆེད་བཅུ་གཉིས་(4བ)སེམས་དཔའ་སེམས་མ་སོགས་སུ་ཡེནས་ཡིན་པ་ལ་ཡིན་པར་ཤེས་པའི་ང་རྒྱལ་བརྟན་པ་སོགས་རེས་མོས་སུ་བསྒོམ་ཤིང་འདྲེས་པར་བྱ། དེ་དག་གིས་སྐྱོ་བ་ན། བཟླས་པའི་དམིགས་པ། རང་གི་སྙིང་འོད་ཀྱི་ཐིག་ལེའི་ཀློང་དུ། ཚེ་དཔག་མེད་པ་ཡབ་རྐྱང་རྒྱན་ཆས་ཡོངས་རྫོགས་ཀྱི་ཐུགས་ཀར་སྟེང་ཟླ་བ། འོག་ཉི་མའི་གྭའུ་ཁ་སྦྱར་བའི་ནང་དབུས་སུ་ཧྲཱིཿཡིག་དམར་པོ་སྤུས་བྲིས་པ་ལྟ་བུ་མར་མེ་ལྟར་འབར་བ། དེའི་མཐའ་བསྐོར་དུ་མདུན་ནས་བརྩམས་གཡས་སུ་བཀོད་དེ་རྩ་སྔགས་མུ་ཏིག་གི་རྡོག་མ་ལྟར་དཀར་ཧྲམ་མེ་འོད་འཕྲོ་བ་གཡོ་མེད་དུ་གནས་པ་ལ་སེམས་བཟུང་། དེ་ཡང་དམིགས་པ་རྣམས་མི་གསལ་ན། རོ་རས་ལ་མཚལ་གྱི་ཧྲཱིཿཡིག་ཚད་དང་ལྡན་པ་བྲིས་པར་ཡིད་དམིགས་འཇུག་པ་དྲིལ་ཏེ་བལྟས་པས་དབང་ཡུལ་དུ་མིག་བཙུམ་ཡང་གསལ་བ་ན་སྙིང་གར་བཀོད། དེ་བཞིན་སྔགས་ཕྲེང་ཡང་བྲིས་པ་ལ་ལྟས་ཏེ་འབྲུ་རེ་རེ་བཞིན་སྙིང་གར་བཀོད། ལམ་གྱིས་གསལ་བ་ན་ཐོག་མར་ཧྲཱིཿཡིག་དང་། དེ་ནས་སྔགས་ཀྱི་ཕྲེང་བ་ལ་སེམས་གཏད་དེ་རྩ་སྔགས་མགྱོག་བུལ་ནོར་འཁྲུལ་གྱི་སྐྱོན་དང་བྲལ་བར་བཟླ་བ་ནིབསྙེན་པ་ཟླ་བ་དཀར་ཕྲེང་གི་དགོངས་པ་ཡིན། གཉིས་པ་ཉེ་བར་བསྙེན་པ་ནི། (5ན)ཡང་སྔ་མའི་དམིགས་པ་དང་འབྲེལ་བའི་བཟླས་གྲངས་ཐེམ་ནས། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་སྣ་ཚོགས་སྤོས་རེང་གི་དུད་པ་ལྟ་བུ་བུན་ལོང་ལོང་འཕྲོ་བས། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་བྲེལ་ཕོངས། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྟུང་སྡུག་བསྔལ་སྦྱངས། དེ་དག་གུ་རུའི་གོ་འཕང་ལ་བཀོད། ཡང་འོད་ཟེར་དེས་ཉན་ཐོས་སོགས་འགོག་པའི་བསམ་གཏན་ལ་སྙོམས་པར་ཞུགས་པ་རྣམས་ལ་འོད་དེས་རེག་པས། དེ་ལས་ལྡངས་ཏེ་ཐེག་པ་ཆེན་པོའི་གོ་འཕང་ལ་བཀོད། བྱང་སེམས་འཕགས་པ་རྣམས་ལ་འོད་དེས་རེག་པས་ས་ནས་སར་འཕར་ཞིང་རྫོགས་པའི་བྱང་ཆུབ་ཐོབ། སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་འཕྲོས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་པར་གསོལ་བ་འདེབས་པ་སོགས། རྒྱལ་པོའི་ཕོ་ཉ་བྲན་མངག་གི་དམིགས་པའི་འཕྲོ་འདུ་ལ་འབད་དེ་སྔགས་བཟླ། གསུམ་པ་སྒྲུབ་པའི་དམིགས་པ་ནི། ཡང་སྔར་མའི་དམིགས་པ་དང་འབྲེལ་བའི་བཟླས་གྲངས་ཐེམ་ནས། ཐུགས་ཀའི་སྔགས་ཀྱི་ཕྲེང་བ་(5བ)འོད་ཟེར་རང་སྒྲ་དང་བཅས་གཡོན་དུ་དྲག་པོར་འཁོར་བ་ལས། ཡི་གེ་སོ་སོ་ལས་འོད་སྣང་མར་མེ་ལྟར་འཕྲོས་ཏེ་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་སྟོང་པར་སྦྱངས་ཏེ་དག་པའི་ཞིང་དུ་གྱུར་པར་བསམ་ལ་མགལ་མེ་ཀླད་བསྐོར་གྱི་དམིགས་པ་དང་བཅས་སྔགས་བཟླ། བཞི་པ་སྒྲུབ་པ་ཆེན་པོ་ནི། ཐུགས་ཀའི་སྔགས་ཕྲེང་ལས་སྐུ་དང་སྔགས་ཕྲེང་དཔག་ཏུ་མེད་པ་བུང་བ་ཚང་ཞིག་པ་ལྟར་འཕྲོས། སྟོང་གསུམ་སྣོད་ཀྱི་འཇིག་རྟེན། སྲིད་པ་བཅུད་ཀྱི་སེམས་ཅན་སོགས་བརྟན་གཡོའི་དངོས་པོ་ཐམས་ཅད་ལ་ཕོག་པས། སྣོད་ཐམས་ཅད་དག་པ་བདེ་ཆེན་གྱི་ཞིང་ཁམས། བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་ཡི་སྣང་ཆ། སྒྲ་རུ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རྟོག་མ་ལུས་པ་ཐུགས་ཡེ་ཤེས་ཀྱི་རོལ་པར་ཤར་ཏེ་སྣང་སྲིད་དག་པ་རབ་འབྱམས་ལྷ་ཡི་འཁོར་ལོ་འབའི་ཞིག་ཏུ་གྱུར་ཏེ་བུང་བ་ཚང་ཞིག་པ་ལྟར་དམིགས་ལ་སྔགས་གྲངས་ཐེམ་པར་བྱ་བ་སྟེ། གྲངས་ཀྱི་བསྙེན་པ་འབྲུ་འབུམ་ཁ་སྐོང་འབུམ་གསུམ་བཅས། རྩོད་དུས་འདིར་བཞི་འགྱུར་དུ་བཟླ་བར་གསུངས་པ་ལྟར་བྱ། གྲངས་ཐེམ་ནས་ལས་སྦྱོར་གྱི་བཟླས་པའི་སྐབས། རང་གི་ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་གྱིས་འཁོར་གྱི་ལྷ་(6ན)ཚོགས་རྣམས་ལ་བསྐུལ་བས། དེ་དག་གི་སྐུ་ལས་རང་འདྲ་བའི་སྐུ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་མཐའ་ཀླས་པ་འཕྲོས། ས་ཆུ་མེ་རླུང་ཉི་ཟླ་རྩི་ཤིང་ནགས་ཚལ་སོགས་བརྟན་པ་སྣོད་ཀྱི་དྭངས་མ་དང་། ཚངས་དང་རྒྱ་བྱིན་རྒྱལ་ཆེན་བཞི་ལྷ་དང་རིག་འཛིན་གྲུབ་པ་དྲང་སྲོང་སོགས་འཇིག་རྟེན་ན་ཆེ་བར་གྲགས་པ་ཟག་བཅས་འཁོར་བ་པ་དང་། ཟག་མེད་མྱང་འདས་སངས་རྒྱས་བྱང་སེམས་ཉན་ཐོས་དགྲ་བཅོམ་ལ་སོགས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཚེ་དང་བསོད་ནམས་སྲིད་ཞིའི་དཔལ་ཡོན་དྭངས་བཅུད་མ་ལུས་པ་ལྔ་ལྡན་འོད་ཀྱི་ཐིག་ལེ། ཨ་ནྲྀ་ཧཱུྃ་གསུམ་བཀྲ་ཤིས་རྟགས་བརྒྱད་དགེ་ལེགས་གྲུབ་པའི་རྫས། བཅུད་ལེན་གྲུབ་པའི་ཐིག་ལེའི་རྣམ་པ་དཔག་ཏུ་མེད་པར་སྤྱན་དྲངས་ཏེ། རང་གི་སྙིང་དབུས་མི་ཤིགས་པའི་ཐིག་ལེར་བསྟིམ་ཞིང་། མདུན་རྟེན་ཚེ་རྫས་རྣམས་ལའང་ཡང་ཡང་བསྟིམ་ཞིང་ཛཔྲ་བཟླ་ལ་ཚེ་འགུགས་ཀྱང་གྱེར། ཐུན་མཐར་ཚེ་རྟེན་སྙིང་ཁའི་ས་བོན་ལ་བརྟན་གཡོའི་དྭངས་བཅུད་བསྡུས་ཤིང་ཉི་ཟླའི་གྭའུ་ཁ་བསྒྲིགས། ཕྱི་རོལ་ནས་རིགས་ལྔ་དང་ཡུམ་ལྔའི་ཕྱག་རྒྱས་གོ་མཚམས་མེད་པར་གཏམས་པར་བསམ་ཞིང་སྐྱེ་འཆི་བསྒྲེས་རྒུད་(6བ)བྲལ་བ་གཉུག་མ་མི་ཤིགས་པའི་རང་ངོ་ལ་མཉམ་པར་བཞག་གོ། །ཚུལ་དེས་ཕྲིན་ལས་ཀྱི་བཟླས་པ་སུམ་ཆ་ཙམ་སོང་ནས། བསྙེན་སྒྲུབ་ཁ་སྐོང་དུ་རྒྱས་པའི་བསྲེག་བླུགས་ཀྱང་བྱའོ། །དེ་ལྟར་ཐུན་བཞིའམ་གསུམ་སོགས་གང་རུང་གི་ཉམས་སུ་བླངས་ཤིང་། དགོང་ཐུན་གྱི་མཇུག་ཏུ་སྲུང་མའི་གཏོར་འབུལ་ཡང་བྱ། རྒྱུན་དུ་གྲུབ་ན་ལེགས་ཤིང་མ་གྲུབ་ཀྱང་དུས་བཟང་གི་སྐབས་སུ་ཚོགས་ཀྱི་མཆོད་པ་ཡང་རྒྱས་པར་བྱའོ། །དེ་ལྟར་གྲངས་དུས་རྟགས་ཀྱི་བསྙེན་པ་ཐེམ་ནས་ཡར་ངོ་གཟའ་སྐར་བཟང་བར་སྒྲུབ་པ་གྲོལ་བའི་སྐབས་མཆོད་པ་རྣམས་གསར་དུ་བཤམས་ཤིང་ཚོགས་ཀྱི་མཆོད་པ་ཡང་རྒྱས་པར་འདུ་བྱ། ཐོར་ཐུན་གྱི་མཛུག་ཏུ་ཐུགས་དམ་བསྐུལ་ཚིག་ལན་གསུམ་དབྱངས་དང་བཅས་པ་བརྗོད་མཐར་བདག་འཇུག་ལྟར་དབང་ལེན་བྱ་ཞིང་། དངོས་གྲུབ་ཀྱི་རྫས་ལ་རོལ། ཚོགས་ཀྱི་མཆོད་པས་ཞལ་བསྲོ་ཞིང་། ཆད་བརྟན་རྒྱུན་བཞག་དང་། སྲུང་མའི་གཏོར་མ་ཕུལ། རྟ་བྲོ་ནས་བརྩམས་རྗེས་ཀྱི་མཆོད་བསྟོད་སོང་ནས་རྒྱལ་ཐོ་ལ་གཏང་རག་མཆོད་པ་ཕུལ་ཏེ་གཤེགས་གསོལ་བྱ། དཀྱིལ་འཁོར་རྗེས་བསྡུ་བསྔོ་སྨོན་བཀྲ་ཤིས་སོགས་བྱས་ཏེ་མཚམས་ཁད་ཀྱིས་གྲོལ་བར་བྱའོ། །(7ན)དེ་ལྟར་ཚུལ་བཞིན་ཉམས་སུ་བླང་ན་རིང་པོར་མི་ཐོག་པར་འཆི་མེད་རྟག་པ་དམ་པའི་གོ་འཕང་ཐོབ་པ་ནི་ངེས་པ་ཁོ་ནའོ། །རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་ཆེར། །ཉེ་བར་བསྙེན་པའི་ཚུལ་བརྗོད་དགེས། །འགྲོ་བ་འདི་དག་རྒྱལ་བ་བཞིན། །མངོན་པར་སངས་རྒྱས་རྒྱུ་རུ་བསྔོའོ། །ཞེས་པའང་དད་དམ་གྱི་བློ་གྲོས་ཡངས་པ་བཙུན་མ་སྙན་གྲགས་བཟང་མོས་བསྐུར་ངོར་བདུད་འཇོམས་ནམ་མཁའི་རྡོ་རྗེས་ཟིན་བྲིས་སུ་སྤེལ་བ་སརྦ་མངྒ་ལཾ།། །།