DJYD-KABUM-18-TSHA-020

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-18-TSHA-020

(1ན)(ཐུགས་རྗེ་ཆེན་པོ་མཁའ་ཁྱབ་རང་གྲོལ་གྱི་བསྐང་བ་ནི། བསྐང་རྫས་ནམ་མཁའ་མཛོད་དུ་སྤེལ་ལ།) ཧྲཱིཿ རྣམ་དག་རང་བྱུང་བདེ་ཆེན་པོ་ཏ་ལ། །མ་ངེས་གང་འདུལ་སྤྲུལ་པའི་ཞིང་ཁམས་ནས། །རྒྱལ་བ་ཀུན་གྱི་གསུང་མཆོག་གར་གྱི་དབང་། །འགྲོ་འདུལ་འཕགས་པའི་ལྷ་ཚོགས་འཁོར་དང་བཅས། །དམ་ཚིག་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ། །ཐུགས་དམ་དགྱེས་པ་མཆོག་གི་བརྟུལ་ཞུགས་ཀྱིས། །ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་ནས་ཀྱང་། །མཆོད་བཞེས་དམ་སྐོང་དབང་དང་དངོས་གྲུབ་སྩོལ། །ཚོགས་ཁང་སྤྲུལ་པའི་ཕོ་བྲང་ཉམས་རེ་དགའ། །ཚོགས་རྫས་ཟག་མེད་འདོད་ཡོན་ལྷུན་རེ་སྟུག །ཚོགས་པའི་རྣལ་འབྱོར་འདུ་བ་དམ་རེ་གཙང་། །བདེ་ཆེན་རྡོ་རྗེའི་ལོངས་སྤྱོད་རྨད་བྱུང་འདིས། །ཁྱབ་བདག་སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཐུགས་དམ་བསྐང་། །རོལ་རྩལ་སྲས་འཁོར་རྒྱ་མཚོའི་ཐུགས་དམ་བསྐང་། །རྣམ་འདྲེན་སངས་རྒྱས་སྟོང་རྩའི་ཐུགས་དམ་བསྐང་། །བཀའ་སྲུང་དམ་ཅན་གཏེར་བདག་ཐུགས་དམ་བསྐང་། །སྣང་སྲིད་དག་པ་རབ་འབྱམས་ཐུགས་དམ་བསྐང་། །བསྐང་བྱ་སྐོང་བྱེད་བྲལ་བའི་ངང་དུ་བསྐང་། །ཡེ་དག་ཡེ་གྲོལ་ཆེན་པོའི་ཀློང་དུ་བསྐང་། །རྟོག་སྒྲིབ་ཉམས་ཆག་འགལ་འཁྲུལ་ཅི་མཆིས། །འཁོར་གསུམ་འཛིན་(1བ)མེད་ཀློང་ཡངས་ཆེན་པོར་བཤགས། །མཆོག་ཐུན་དངོས་གྲུབ་དམ་པ་འདིར་སྩོལ་ལ། །མཁའ་ཁྱབ་རང་གྲོལ་ཕྲིན་ལས་མཐར་ཕྱིན་ཤོག (ཅེས་པའང་བླ་མ་ཡེ་ཤེས་རབ་གསལ་ནས་ལྷ་རྫས་རིན་པོ་ཆེའི་མེ་ཏོག་ཤེལ་དཀར་གྱི་ཕྲེང་བ་དང་བཅས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།)