TTDL-ZABTER-11-DA-030

From Dudjom Wiki
Revision as of 13:36, 31 July 2024 by Mort (talk | contribs)

TTDL-ZABTER-11-DA-030
Wylie title TTDL-ZABTER-11-DA-030.pdf
Location bdud 'joms gling pa zab gter
Volume 11, Text 30, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 11: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Deity khros ma nag mo
[edit]
༄༅།།གཏེར་གསར་མཁའ་འགྲོ་ཁྲོས་མའི་མེ་མཆོད་ཟིན་བྲིས་བཞུགས།ཨོཾ་སྭསྟི།ཁྲོས་མའི་མེ་མཆོད་སྐབས་རྒྱས་པར་ལས་བཞི་སོ་སོར་ཕྱེས་ཏེ་བྱ་བར་འདོད་ན་ཐབ་དང་རྫས་དང་ཆོ་གའི་ལས་རིམ་ཐམས་ཅད་སོ་སོའི་ངེས་པ་བཞིན་ལག་ཏུ་བླངས་པས་ཆོག་ལ།འདིར་ལས་བཞི་ལྷུན་གྲུབ་ལྟར་ན་ཐབ་སྟེགས་གཞི་སེར་པོ་ལ་མཚལ་གྱི་ཆོས་འབྱུང་བསྣོལ་མའི་ལྟེ་བར་རཾ་ཡིག་གིས་མཚན་པའི་མཐའ་སྐོར་མུ་རན་སོར་བཞི་པ་ལ་རྡོ་རྗེ་ནོར་བུ་པདྨ་རྒྱ་གྲམ་རྣམས་སྤེལ་མའི་ཕྲེང་བ་དང་།ཁ་ཁྱེར་སོར་བཞི་པ་ལ་མེ་རི་གཡས་བསྐོར་དུ་འབར་བ་བྲི།བྲིས་ཐབ་མི་འགྲུབ་ན་འབྲུ་དཀར་དྲིས་སྦག་པས་ཚོམ་བུ་གྲུ་བཞི་གཅིག་བཀོད་པས་ཀྱང་རུང་སྟེ།གང་ལྟར་ཡང་དེར་འབྲས་བུ་ཅན་གྱི་བུད་ཤིང་གིས་ཐབ་ཁུང་གྲུ་བཞིར་བརྩིགས་ལ་མེ་ཚང་བཅའ།བསྲེག་རྫས་སྟར་ཁམས་སོགས་འབྲས་བུ་ཅན་གྱི་ཡམ་ཤིང་མཐོ་གང་བ་སྣེ་གཉིས་མར་དང་སྦྲང་རྩིས་ཉུག་པ།རྩི་མར་རམ་ཏིལ་སོགས་འབྲུ་མར་གྱི་ཁུ་བ།བདུད་རྩི་ཨ་མྲྀ་ཏ་སྦྱར་བའི་ཟས་མཆོགའབྲུ་སྣ།སྨན་སྣ།ཤིང་ཏོགདཀར་མངར།མྱོས་བྱེད།ཡུངས་ཀར།དར་གོས།རིན་ཆེན་སོགས་ཅི་འབྱོར་པ་དང་།གཏོར་མ་སྨན་རཀ་ཉེར་སྤྱོད་བཅས་བཤམ།ཁྲོས་ཆུང་ལྟ་བུའི་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་རྫས་བསྲེག་རྫས་རྣམས།རཾ་ཡཾ་ཁཾ་གིས་བསང་སྦྱང་།ཨོཾ་ཨཱཿཧཱུྃ་མང་དུ་བཟླ་ཞིང་ལས་བྱང་ལྟར་བྱིན་བརླབ།ཨོཾ་བཛྲ་ཛྭ་ལ་རཾ།ཞེས་མེ་དུ་བ་མེད་པ་ཐབ་ཏུ་བཅུགཧཱུྃ་ལན་གསུམ་དང་བཅས་རླུང་གཡབ་ཀྱིས་མེ་སྦར་ལ་མར་ཁུའི་ཐིག་པས་ཀྱང་གསོ།ཐབ་ལས་སྔགས་ཀྱིས་བསང་།སྭ་བྷཱ་ཝས་སྦྱང་།ཕཊ༔ འདི་ལྟར་སྣང་བའི་སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་བཏང་ལ།དགང་བླུགས་ཀྱིས་མར་ཁུ་འབུལ་བཞིན་རྩ་སྔགས་ལ།ཨ་མྲྀ་ཏ་ཁཱ་ཧི།ཞེས་བཏགས་པ་ལན་བདུན་ནམ་ཉེར་གཅིག་སོགས་ཕུལ་མཐར།རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་དམ་ཚིག་ཉམས་ཆག་ཉེས་ལྟུང་མ་དང་མཁའ་འགྲོ་གཡེལ་ཞིང་འཁྲུགས་པའི་གནས་སུ་གྱུར་པ་ཐམས་ཅད་ཞི་ནས།ཐུན་མོང་ལས་བཞི་གྲུབ་པ་བརྒྱད་དང་ཐུན་མིན་བདེ་སྟོང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ།ཅེས་འདོད་དོན་གསོལ།དེ་ནས་རྫས་རྣམས་རྩ་སྔགས་ཁོ་ནས་འབུལ་ཞིང་བར་མཚམས་སུ་ལས་བཞིའི་ཤམ་བུ་གཞུང་ལྟར་རམ།སྤྱི་ཁྱབ་ཏུ་གོང་བཞིན་འདོད་དོན་གསོལ་མཐར།སརྦ་ཀརྨ་ཀུ་རུ་སིདྡྷི་ཧོཿཞེས་སྦྱར།གྲངས་རྫོགས་པ་ན་སྔར་བཞིན་དགང་བླུགས་ཕུལ་མཐར།མཆོད་བསྟོད་དང་ལས་བྱང་ལྟར་དངོས་གྲུབ་བླང་ཞིང་ནོངས་པ་བཤགས།ཧོཿརང་ལས་ཤར་བའི་མེ་ལྷ་ཉིད།།རང་རིག་ཆོས་སྐུའི་ཀློང་དུ་སད།།ཨ།ཞེས་དམ་ཡེ་དབྱེར་མེད་རང་ལ་བསྡུས་ཏེ་མཉམ་པར་བཞགདགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན།མེ་རང་ཞིར་བཏང་བའམ་དྲི་ཆུས་གཞིལ་ཏེ་ཐལ་སོལ་སྒྲུབ་ཁང་གི་རྨང་འགྲམ་དུ་སྦ་བ་སོགས་གང་བདེར་བྱའོ།།ཞེས་པའང་ཀརྨ་རོང་གི་སྔགས་བཙུན་པདྨ་ཚེ་མཆོག་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།།།༈བསྙེན་པའི་ཁ་སྐོང་སྐབས།བདག་ཅག་རྣམས་ཀྱི་སྔགས་ཀྱི་ལྷག་ཆད་དམ་ཚིག་ཉམས་ཆག་ཉེས་ལྟུང་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ།།།།