TTDL-ZABTER-11-DA-036

From Dudjom Wiki
Revision as of 13:36, 31 July 2024 by Mort (talk | contribs)

TTDL-ZABTER-11-DA-036
Wylie title TTDL-ZABTER-11-DA-036.pdf
Location bdud 'joms gling pa zab gter
Volume 11, Text 36, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 11: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Deity khros ma nag mo
[edit]
༄༅།།ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ།འདིར་ཟབ་གཏེར་ཁྲོས་མའི་གཅོད་ཁྲིད་དང་འབྲེལ་བར་གཉན་ཁྲོད་བརྒྱ་རྩ་འགྲིམ་པར་མི་ནུས་པ་རྣམས་ཀྱིས་དེའི་དོད་དུ་ནང་མཚམས་ཞག་བརྒྱ་མའི་བསྙེན་སྒྲུབ་མཛད་པ་གཏེར་ཆེན་ཉིད་ཀྱི་ཕྱག་སྲོལ་ལ་བྱུང་བས་དེ་ལྟར་ཉམས་སུ་ལེན་པར་འདོད་པས།དུར་ཁྲོད་ནགས་ཚལ་སོགས་དབེན་ཞིང་ཉམས་དགའ་རང་དབང་དུ་གྱུར་པའི་གནས་སུ་སྒྲུབ་པའི་ཁང་པ་བྱི་དོར་བྱས་ལ་རྟེན་བཀྲམ།སྒྲོམ་ཁྲིའི་དབུས་སྟེགས་ཁེབས་ལྡན་ལ་དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་ཚོམ་བུ་ལྔ་ཚོམས་སུ་བཀོད་པའི་སྟེང་དུ་ཁྲོས་མ་ལྷ་ལྔའི་གཏོར་མ་རྒྱན་ལྡན་དར་གདུགས་ཀྱིས་སྤྲས་པ་འགོད།སྨན་རཀ་ཉེར་སྤྱོད་ཚོགས་གཏོར་སོགས་སྤྱི་དང་མཐུན་པར་བཤམ།རང་གི་མལ་འོག་ཏུ་ཞིང་ལྤགས་ཀྱི་རས་བྲིས་མགོ་མདུན་དུ་བསྟན་པ་བཀྲམ།གཞན་དགོས་པའི་ཡོ་བྱད་གང་ཡང་ཚོགས་པར་བྱས་ལ་དབང་སྡུད་ཟིལ་གནོན་སྔོན་དུ་འགྲོ་བས།ཉིན་དང་པོར་བྲོ་ར་ཕུར་ཁྱེར་ཁྲིད་གཞུང་ལྟར་བྱ།དེ་ནས་སྔོན་འགྲོ་ཡོངས་རྫོགས་ཀྱི་རྗེས་སུ་སྒོ་གསུམ་རྡོ་རྗེའི་གྲོང་འཕོ་དང་།ཁྲོས་ཆུང་གི་སྐྱབས་སེམས་ལན་གསུམ་མཐར།མ་ཁྱབ་བདག་ཡེ་ཤེས་སོགས་ཡན་ལག་བདུན་པ་བྱ།འདིར་བསྙེན་ཡིག་ལྟར་སྒོ་དྲུང་དུ་ཐོ་བཞི་འཛུགཁྲོས་ཆུང་གཞུང་གི་བྱིན་འབེབས་ནས་བཟུང་ལྷ་བསྐྱེད་བསྟོད་པའི་བར་དུ་བཏང་།བཟླས་པའི་འགོར་བསྙེན་ཡིག་བཞིན་བགྲང་ཕྲེང་བྱིན་རླབས་བྱས་ལ་བསྙེན་དམིགས་བཅས་བཟླས་པ་བྱ།ཐུན་མཇུག་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་རེའི་མཐར།གཞུང་གི་མཆོད་བསྟོད་རྗེས་བཤགས་པ་བསྔོ་སྨོན།གཤེགས་བསྡུ་ལྷར་ལྡང་བཀྲ་ཤིས་བཅས་སོང་ནས་ཁྲ་འགྱེད་བཏང་ལ་སྔ་ཐུན་གྲོལ།ཕྱི་ཐུན་ལ་སྒོ་གསུམ་རྡོ་རྗེའི་གྲོང་འཕོ་དང་ཁྲོས་ཆུང་གི་སྐྱབས་སེམས་ནས་བཟུང་གཞུང་ནར་འདེད་ཀྱིས་བསྙེན་པ་ཅི་འགྲུབ་རྗེས་མཆོད་བསྟོད་མཐར།སྲོག་བདག་རྣམ་བཞི་དང་དམ་ཅན་སྤྱི་གསོལ།བཤགས་པ་བསྡུས་པ།ཁྲོས་ཆུང་གི་ཚོགས་བསྐང་མཐར་གནས་ཡུལ་བསྐང་བ་དང་།ཚོགས་གྲངས་གསོག་དགོས་ན་ཚོགས་བསྡུས་སྦྱར།དེ་ནས་དངོས་གྲུབ་བླང་ལ་བསམ་ལྷུན་རྒྱས་བསྡུས་ཅི་རིགས་བྱ།ལྷག་མ་བྱིན་བརླབ་ལ་ལྷག་གཏོར་བཏང་།བསྐུལ་བ་ཆད་བརྟན།བྲོ་མནན།གཏང་རག་གི་མཆོད་བསྟོད།ནོངས་བཤགས་ཡིག་བརྒྱ།བསྔོ་སྨོན་བརྟན་བཞུགས།བསྡུ་ལྡང་།བཀྲ་ཤིས་བཅས་མཐར།སྨོན་ལམ་ཇི་ལྟར་རིགས་པ་དང་།དམར་འགྱེད་བཏང་ལ་དགོང་ཐུན་གྲོལ།དེ་ནས་སྲོད་ཐུན་ཡང་དེ་དང་འདྲ་བ་ལས་བཟླས་པའི་རྗེས་སུ་མཆོད་བསྟོད།བསྡུ་ལྡང་།བསྔོ་སྨོན་བཀྲ་ཤིས་བཅས་མཐར་ཤེས་བྱ་བུམ་པར་བསྡུ།ནམ་གུང་ནག་འགྱེད་བཏང་ལ་གཉིད་འོད་གསལ་དུ་སྦ།ཐོ་རངས་ཕྱི་མཐའ་བཏེགས་པ་ན་རླུང་རོ་དགུ་ཕྲུགས་སུ་བསལ་ལ་འབྱུང་ཁམས་དག་སྦྱོར་བྱ།དེ་ནས་རྡོ་རྗེ་གྲོང་འཕོ་སྐྱབས་སེམས་ནས་བཟུང་།གཞུང་སྔར་ལྟར་བསྲང་ལ་བསྙེན་པ་ཅི་འགྲུབ་མཐར།མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་།བཀྲ་ཤིས་ཡན་སོང་ནས་དཀར་འགྱེད་བཏང་ལ་ཐོར་ཐུན་གྲོལ།དེ་ནས་སྔ་ཐུན་ལ་ཐོ་བཞི་བྲོ་ར་ཕུར་ཁྱེར་མ་དགོས་པ་ཙམ་ལས་དེ་མིན་སྔ་ཉིན་གྱི་འགྲོས་ཁོ་ནས་བསྙེན་པ་འབུམ་བཅུ་བཞི།སྒྲུབ་པ་འབུམ་བདུན།ལས་སྦྱོར་འབུམ་གསུམ་དང་ཕྱེད་བཅས་ཞག་བརྒྱ་རྩ་བརྒྱད་ཀྱི་ཁོངས་སུ་འགྲུབ་པར་བྱས་ནས།སྒྲུབ་པ་ཐེམ་པའི་དགོང་མོར་ཚོགས་གཏོར་སོགས་བཟང་དུ་བཤམ་ཞིང་།དངོས་གྲུབ་ཀྱི་འབྲང་རྒྱས་དང་ཐོད་ཆང་བཅས་བཤམ།ཕྱིར་ནངས་ཐོར་ཐུན་སྔ་བར་གཞུང་བསྲང་ལ་བཟླས་པའི་རྗེས་སུ།ནམ་མཁའ་གང་བའི་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཆར་ལྟར་བབས་ནས་བདག་དང་སྒྲུབ་རྫས་ཡོ་བྱད་རྣམས་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ཞིང་།རྩ་སྔགས་ཤམ་བུར།ཀཱ་ཡ་སིདྡྷི་ཨོཾ།ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ།སརྦ་སིདྡྷི་ཧྲཱིཿཞེས་བཏགས་པ་བརྒྱ་རྩ་སོགས་བཟླ།ཚོགས་མཆོད་གྲུབ་ནས་ཁྲོས་ཆེན་ཁྲོས་འབྲིང་གང་རུང་ལྟར་དངོས་གྲུབ་བླངས་ལ་གཏོར་མ་དང་བདུད་རྩི་སོགས་ལ་ལོངས་སྤྱད།ཆོ་གའི་རྗེས་སྔར་ལྟར་ལ་མཚམས་ཁོངས་དེ་ཉིད་དུ་ཁ་སྐོང་མེ་མཆོད་རྩ་སྔགས་འབུམ་ཐེར་གྲངས་ལོང་བླུགདེ་ནས་ཐོ་བསྡུ་བ་སོགས་སྤྱི་ལྟར་ཤེས་པར་བྱའོ།།ཡང་གཉན་ས་བརྒྱ་རྩ་གདན་ཐོག་གཅིག་ཏུ་རྫོགས་པར་འདོད་པས།དགོས་ཆོས་ཁྱད་པར་བ་ནི།རང་ཁྱིམ་ལས་གཞན་པའི་མཚོ་གླིང་དུར་ཁྲོད་གཉན་ས་སོགས་གང་རུང་གི་ཕྱོགས་ཐམས་ཅད་ནས་རྡེའུ་བརྒྱ་རྩ་བརྒྱད་བླངས་ཏེ་གདན་འོག་ཏུ་བཀྲམ།ཟིལ་གནོན་དམིགས་པ་སྐོར་གསུམ་གཉན་ས་ཇི་ལྟ་བ་བཞིན་བྱེད།མཐར་སྒྲུབ་པ་ཐེམ་ནས་བརྩོན་བཀྲོལ་དུས་ལྷ་འདྲེ་རྣམས་རང་གནས་སུ་སོང་བར་བསམ་ལ་སྔར་གྱི་རྡེའུ་རྣམས་ཕྱོགས་མཚམས་ཀུན་ཏུ་གཏོར།གནས་གསོ་རྟེན་བཞེངས་སོགས་གཅོད་ཁྲིད་ལྟར་བྱའོ།།ཞེས་པའང་རྟོགས་ལྡན་བླ་མ་འཆི་མེད་རྡོ་རྗེས་རིང་མོ་ནས་བསྐུལ་ཞིང་ཉེ་ཆར་སྒྲུབ་བརྩོན་མ་ཀུན་བཟང་དབང་མོ་དང་ནོར་བུ་བཟང་མོ་གཉིས་ནས་ཉམས་ལེན་ལ་འཇུག་པ་བདེ་བའི་གསལ་འདེབས་སུ་ནན་གྱིས་བསྐུལ་བ་བཞིན་གཏེར་ཆེན་གོང་མ་ཡབ་སྲས་ཀྱི་ཞལ་ཁྲིད་ལས་སྙིང་པོར་དྲིལ་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།།།