གསང་བའི་རྣམ་ཐར་ཅུང་ཟད་བཤད་པ་ཡེ་ཤེས་ཌཱཀྐིའི་དྲིས་ལན༔

From Dudjom Wiki
Revision as of 14:04, 1 August 2024 by Mort (talk | contribs)

TTDL-ZABTER-19-DZA-003
Wylie title gsang ba'i rnam thar cung zad bshad pa ye shes DAk+ki'i dris lan TTDL-ZABTER-19-DZA-003.pdf
Location bdud 'joms gling pa zab gter
Volume 19, Text 3, Pages 355-363 (Folios 1a1 to 5a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Gsang ba'i rnam thar cung zad bshad pa ye shes DAk+ki'i dris lan. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 19: 355-363. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsang ba'i rnam thar   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Biographies - Hagiography - rnam thar
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
༁ྃ༔ གསང་བའི་རྣམ་ཐར་ཅུང་ཟད་བཤད་པ་ཡེ་ཤེས་ཌཱཀྐིའི་དྲིས་ལན་བཞུགས་སོ༔


༁ྃ༔ ཨ་ཧོཿ ང་ངོ་ཁྱོད་ཀྱིས་ཨེ་མ་ཤེས༔ ང་ངོ་ཁྱོད་ཀྱིས་མ་ཤེས་ན༔ གནས་ཡུལ་དུར་ཁྲོད་ཀུན་རྒྱུ་མོ༔ ཅིར་སྣང་ཅང་བྱེད་སྒྱུ་མ་མཁན༔ ཚུལ་མ་ངེས་ཤིང་མིང་ཡང་སྟོང་༔ འཁོར་བ་ང་ཡིན་སངས་རྒྱས་ང་༔ གཉིས་སུ་མེད་པའི་དབྱིངས་ཆེན་མོ༔ གཙོ་མོ་ཨེ་ཀ་ཛ་ཊཱི་ཡིན༔ རབ་ཞི་གདོད་མའི་སངས་རྒྱས་སྟོན༔ ཁྲོས་ན་སྲིད་པ་ལེགས་ཉེས་ངོམས༔ ཟོས་ན་འཁོར་འདས་ལྟོ་རུ་བྲུབ༔ བཀྲེས་ཚེ་ཐམས་ཅད་སྟོང་པར་བཤིགས༔ སྐོམ་དུས་ཅི་མིན་མཉམ་པ་ཉིད༔ སུས་ཀྱང་འདི་ཡི་ལ་མ་ཟློས༔ ལ་བཟླ་བ་དག་འཁྲུལ་པར་འཕྱན༔ རང་ལས་གཞན་མིན་འཇུག་པའི་སྒོ༔ སོ་སོར་སྣང་བ་མང་པོ་དག༔ གང་ནས་བགྲོད་ཀྱང་ང་ཡི་ཀློང་༔ དེ་ལྟར་ཁྱབ་བདག་ཆེན་མོ་ང་༔ མཚན་མ་བྲལ་བའི་ཀློང་ཡངས་ལས༔ ཐབས་ཀྱིས་གཟུགས་སུ་བརྫུ་བའི་ཆེད༔ ཁྱོད་ཀྱི་རང་ཆེ་ཇི་ལྟ་བུ༔ གླུ་དབྱངས་སྙན་པས་བསྐུལ་གྱིས་སྩོལ༔ ཅེས་གསུངས་ལན་དུ་གླུ་འདི་བླངས༔ ཀྱཻ་ཧོ་འཁོར་འདས་སྤྱི་རྗེ་མོ༔ ང་ནི་གདོད་ནས་ཡེ་སངས་རྒྱས༔ འཁོར་འདས་དག་མཉམ་ཆེན་པོའི་དབྱིངས༔ སྐྱོན་ཡོན་གཞན་གྱིས་བསྒྱུར་དུ་མེད༔ ཁྱབ་བདག་ཀུན་ཏུ་བཟང་པོ་ཡིན༔ ཆོས་དབྱིངས་གཡོ་མི་ཤེས་པ་དང་༔ མཚན་མ་རིས་ཆད་མ་གྲུབ་པའི༔ སྐུ་དང་ཡེ་ཤེས་རང་བྱུང་བ༔ ང་ནི་རྣམ་པར་སྣང་མཛད་ཡིན༔ ལྷུན་གྲུབ་བདེ་ཆེན་རོལ་པའི་རྩལ༔ གང་གིས་མ་བཅོས་རང་གྲོལ་གྱི༔ ཡེ་ཤེས་རྡོ་རྗེས་སྒྲིབ་གཉིས་བཅོམ༔ ང་ནི་ཕྱག་ན་རྡོ་རྗེ་ཡིན༔ ཆོས་ཉིད་སྤྲོས་མཐའ་བྲལ་བའི་གདངས༔ གདུལ་བྱའི་མོས་ངོར་ཆུ་ཟླའི་གར༔ ཡེ་ཤེས་སྒྱུ་མའི་སྐུར་སྣང་བ༔ ང་ནི་པདྨ་འབྱུང་གནས་ཡིན༔ མི་ཤིགས་རྡོ་རྗེའི་གདངས་ཆེན་གྱིས༔ ཀུན་རྟོག་བདུད་ཀྱི་དཔུང་ཚོགས་བཅོམ༔ ཡེ་ཤེས་རྔམས་པའི་དབྱིངས་ལས་ཁྲོས༔ ང་ནི་ཞེ་སྡང་རྡོ་རྗེ་ཡིན༔ དོན་གྱི་ཡིན་ལུགས་དེ་ལྟར་ལགས༔ ཡང་ཅིག་གསོན་དང་ཌཱཀྐི་མ༔ རེ་ཞིག་སྒྱུ་མའི་སྣང་ཆ་ལ༔ རང་ལོ་བརྒྱད་ཀྱི་གོང་ཐོག་ནས༔ ཆོས་ཉིད་བདེན་པ་མཐོང་བའི་ལྟས༔ སྲིད་པ་རཀྟའི་རྦ་ཀློང་དུ༔ མཐོང་ནས་གཏིང་མཐའ་དཔག་མ་ནུས༔ འཇིགས་སྐྲག་བཟོད་མེད་ཡུན་རིང་ཤར༔ དེ་མཐར་དེ་ཡིས་རྐྱེན་བྱས་ནས༔ སྣང་སྲིད་རང་སྣང་ཉིད་དུ་གོ༔ རང་ལོ་བཅུ་ཡི་གོང་ཐོག་ཏུ༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དང་༔ མཇལ་ནས་འཁོར་བ་ཡོངས་གྲོལ་གྱི༔ དབང་བསྐུར་བྱིན་རླབས་གནང་བ་ཐོབ༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱི༔ མཆོག་གི་སྤྲུལ་པར་ལུང་དུ་བསྟན༔ དེ་འོག་རང་སྣང་དག་པའི་ངོར༔ ཡང་ཡང་པད་འབྱུང་རྗེ་དང་མཇལ༔ སྨིན་གྲོལ་ཟབ་རྒྱས་དབུགས་ཕྱུངས་ནས༔ སྐད་ཅིག་མི་འབྲལ་ཞལ་གྱིས་བཞེས༔ དེ་འོག་ཡེ་ཤེས་མཁའ་འགྲོ་མས༔ མཐིང་གི་མེ་ལོང་གཡའ་བྲལ་དུ༔ ཡུངས་འབྲུ་བཅུ་གསུམ་བླུགས་ནས་སུ༔ སྐྱེ་མཆོག་རྡོ་རྗེ་ཁྲོ་ལོད་ཁྱོད༔ ཡེ་ཤེས་ཐུགས་ཀྱི་མེ་ལོང་འདི༔ སྙིང་ལ་འཆོངས་ཤིག་ཤེར་དབང་ཡིན༔ ཡུངས་འབྲུ་དཔའ་བོ་བཅུ་གསུམ་འདི༔ མི་ཚེ་འདི་ཡི་སྨད་ཞིག་ན༔ ཚེ་འདིར་རྡོ་རྗེ་འཆང་དངོས་ཀྱི༔ གོ་འཕང་མངོན་གྱུར་བུ་སློབ་འབྱུང་༔ དེ་འོག་བར་སྐབས་རྨི་ཉམས་ངོར༔ རྒྱལ་དང་རྒྱལ་སྲས་དུ་མར་མཇལ༔ ཁྱད་པར་འཇམ་དཔལ་དབྱངས་དང་མཇལ༔ མདོ་རྒྱུད་ཟབ་མོའི་བཀའ་གཏད་ཐོབ༔ རང་སྣང་དོན་གྱི་འོག་མིན་དུ༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱིས༔ གཉིས་སུ་མེད་པར་བྱིན་གྱིས་བརླབས༔ རང་སྣང་དག་པ་མཁའ་སྤྱོད་དུ༔ མཆོག་གི་རིག་འཛིན་བརྒྱད་དང་མཇལ༔ སྒྲུབ་སྡེ་བརྒྱད་ཀྱི་བཀའ་དབང་ཐོབ༔ རང་སྣང་ཟངས་མདོག་དཔལ་རི་ནས༔ གྲུབ་ཆེན་བརྒྱད་དང་ཁྱད་པར་དུ༔ རིག་འཛིན་ཧཱུྃ་ཆེན་ཀཱ་ར་ཡིས༔ གསང་སྔགས་རྒྱུད་སྡེའི་དཀྱིལ་འཁོར་དུ༔ དབང་བསྐུལ་བཀའ་ཡི་གཏད་རྒྱ་ཐོབ༔ རང་སྣང་པདྨ་འོད་ཀྱི་ཀློང་༔ དྲི་མེད་འོད་ཟེར་འཇིགས་མེད་གླིང་༔ གྲུབ་དབང་ཀུན་བཟང་གཞན་ཕན་པ༔ ཡེ་ཤེས་སྒྱུ་མའི་སྐུ་དང་མཇལ༔ སྙིང་ཐིག་ཟབ་མོའི་གཏད་རྒྱ་ཐོབ༔ འོད་གསལ་སྒྱུ་འཕྲུལ་དྲྭ་བའི་ཀློང་༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ གསང་ཆེན་རྒྱུད་སྡེའི་ཡང་བཅུད་གདམས༔ སྐྱེས་མཆོག་ཁྱོད་ངང་གསང་བདག་ང་༔ གཉིས་སུ་མེད་དོ་རྡོ་རྗེའི་ཚིག༔ བརྒྱུད་པ་ཚིག་གསུམ་ཚུན་ཆད་དུ༔ གདམས་པའི་ཟམ་རྒྱ་མ་ཆད་ན༔ འཇའ་ལུས་རིག་འཛིན་བརྒྱ་ཕྲག་འབྱུང་༔ ཞེས་གསུངས་གཟུང་འཛིན་རང་གྲོལ་གྱི༔ གདམས་ངག་ཟབ་མོའི་བཀའ་དབང་བསྐུར༔ སླར་ཡང་རང་སྣང་བདེ་ཆེན་ཞིང་༔ འོད་གསལ་སྤྲུལ་པའི་ཕོ་བྲང་ནས༔ གྲུབ་མཆོག་དགའ་རབ་རྗེ་དང་མཇལ༔ སངས་རྒྱས་དེ་ཡི་ཞལ་སྔ་ནས༔ ཉོན་ཅིག་བདུད་འཇོམས་ཁྲོ་ལོད་རྩལ༔ གསང་ཆེན་མངའ་བདག་རྒྱལ་པོ་ཛ༔ ཁྱོད་ཀྱི་བུར་སྤྲུལ་བསྟན་འགྲོ་གསོ༔ སྙན་དང་གྲགས་པས་ས་གསུམ་འགེང་༔ བདུད་ཡུལ་མུན་པའི་གླིང་དགུ་འཇོམས༔ ང་ཉིད་ཁྱོད་ཀྱི་བུ་རུ་སྤྲུལ༔ སྡེ་བརྒྱད་དྲེགས་པའི་སྲོག་འཕྲོག་ནས༔ དངོས་མེད་ལྷ་འདྲེའི་འགྲོ་དོན་བྱེད༔ གསང་སྔགས་བསྟན་པའི་ཉི་གཞོན་བྱེད༔ ཤྲཱི་སེང་ཁྱོད་ཀྱི་བུ་རུ་སྤྲུལ༔ འོད་གསལ་བསྟན་པའི་བ་དན་སྒྲེངས༔ འཁོར་ཚོགས་བཅུ་ཕྲག་ལྔ་བརྒྱ་འདྲེན༔ སྙིང་ཐིག་བསྟན་པའི་སྡོང་པོ་འཛུག༔ གཡུ་སྒྲ་ཁྱོད་ཀྱི་ཚ་བོར་སྤྲུལ༔ ཟབ་གཏེར་མཛོད་ཀྱི་ལྡེ་མིག་བྱེད༔ ཁྱོད་ཀྱི་གདུང་བརྒྱུད་མ་སྟོང་བར༔ རིག་འཛིན་དམ་པའི་རྒྱུན་མི་འཆད༔ ཅེས་གསུངས་ལུང་བསྟན་དབང་ཡང་བསྐུར༔ གཞན་ཡང་རང་སྣང་དག་པའི་ངོར༔ ཡེ་ཤེས་སྒྱུ་མའི་སྣང་ཆ་རུ༔ སངས་རྒྱས་བྱང་སེམས་མཁའ་འགྲོའི་ཚོགས༔ དཔག་ཏུ་མེད་པའི་ཞལ་མཐོང་ནས༔ དབང་བསྐུར་ལུང་བསྟན་བསམ་མི་ཁྱབ༔ ཁྱད་པར་ཨོ་རྒྱན་ཆེན་པོ་ཡིས༔ སྐད་ཅིག་མི་འབྲལ་རྗེས་སུ་བཟུང་༔ དེ་ལྟར་དབང་བསྐུར་ལུང་བསྟན་ཞིང་༔ བྱིན་རླབས་དགོངས་བརྒྱུད་འཕོས་པ་ཡི༔ ཁྱད་ཆོས་བདོག་པས་ཆེ་བ་ཡིན༔ ཡང་ཅིག་གསོན་དང་མཛའ་ན་མོ༔ མི་ཚེ་འདི་ཡི་ཐོག་མཐའ་རུ༔ མི་ཡི་བླ་མ་མ་བསྟེན་ཀྱང་༔ སྔོན་སྦྱངས་ལས་འཕྲོ་སད་པ་ཡིས༔ རིག་འཛིན་ས་རུ་རྩོལ་མེད་སླེབས༔ དཔེ་དང་ཚིག་ལ་མ་ལྟོས་ཀྱང་༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་བརྡོལ༔ སྣང་བ་བརྡ་དང་དཔེ་རུ་ཤར༔ འཁོར་འདས་དག་མཉམ་ཆེན་པོར་རིག༔ ཆོས་ཀུན་རིག་པ་རྗེན་པར་སངས༔ རྫོགས་པ་ཆེན་པོར་མངའ་དབང་བསྒྱུར༔ ཤེས་རབ་ཡེ་ཤེས་མིག་ཡངས་པས༔ ཆོས་ཉིད་བདེན་པ་མཐོང་བའི་མཐུས༔ ཡུལ་ལ་ལྟད་མོ་བལྟ་མ་དགོས༔ རང་དབང་རྒྱལ་པོའི་སྟོབས་ཤུགས་ཀྱིས༔ རང་ཐོག་བཙན་ས་ཟིན་པའི་མཐུས༔ གཞན་གྱི་ཁ་ཚོད་བརྟག་མ་དགོས༔ ཀུན་ཏུ་བཟང་པོའི་ཆེ་བ་ཀུན༔ གུད་ན་མེད་པའི་ངང་ཐོག་ཕེབས༔ ཁ་བཤད་ལབ་མོར་ལྟོས་མ་དགོས༔ འཁོར་འདས་རང་ལས་མི་གཞན་པའི༔ མཉམ་ཉིད་ངོ་བོ་མཐོང་བའི་མཐུས༔ རྣམ་གྲངས་རྩིས་གདབ་བྱེད་མ་དགོས༔ ས་ལམ་གཅིག་རྫོགས་ཆེན་པོ་དེ༔ རང་ས་ཉིད་དུ་ཐོབ་པའི་མཐུས༔ འཛིན་འཆིང་དམ་དཀྲིས་བསྒོམ་མ་དགོས༔ མདོ་སྔགས་རྒྱུད་སྡེ་རྒྱ་མཚོ་ཡི༔ ཡང་བཅུད་ཟབ་མོ་གཅིག་དྲིལ་ཐོབ༔ ཡུལ་ལ་སློང་མོ་བྱེད་མ་དགོས༔ དེ་ལྟར་སྐུ་དང་ཡེ་ཤེས་ཀྱི༔ ཀློང་མཛོད་ཆེན་པོར་དབང་བསྒྱུར་མཐུས༔ སྨོན་ལམ་ལས་ཀྱིས་འབྲེལ་བ་ཡི༔ བུ་སློབ་སྐལ་ལྡན་ཕོ་མོ་དག༔ དགོངས་བརྒྱུད་ཕ་ཕོག་ཐོབ་པའི་མཐུས༔ རིག་པ་འཛིན་པ་ཁོ་ན་རུ༔ གདོན་མི་ཟ་བ་པདྨའི་བཀའ༔ གཞན་ལས་འཕགས་པའི་ཆེ་བ་ཡིན༔ ཅེས་སྨྲས་ཡེ་ཤེས་མཁའ་འགྲོ་མས༔ འོ་ན་ཆེ་བའི་ཡོན་ཏན་གྱི༔ གླུ་འདི་མ་འོངས་དུས་ཤིག་ན༔ དགོས་པ་ཆེ་ཕྱིར་ཡི་གེར་ཐོབ༔ ཅེས་གསུངས་ཆོས་ཉིད་སྒྱུ་མར་ཡལ༔