TTDL-ZABTER-01-KA-034

From Dudjom Wiki
Revision as of 10:45, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-034
Wylie title TTDL-ZABTER-01-KA-033.pdf
Location bdud 'joms gling pa zab gter
Volume 1, Text 33, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དྲག་པོ་སྒྲུབ་པའི་ཆ་ལག་ཕྲིན་ལས་གནད་བསྐུལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༣༡༣༔ ཕྲིན་ལས་དབྱིངས་ནས་བསྐུལ་བ་ལ༔ གསེར་སྐྱེམས་བདུད་རྩིའི་རྒྱ་མཚོ་རུ༔ བྱིན་གྱིས་བརླབས་ཏེ་འདི་སྐད་དོ༔ སྭ་བྷཱ་ཝས་སྦྱངས༔ ཨ་མྲྀ་ཏས་བདུད་རྩིར་བསྒྱུར་ཏེ༔ ཀྱཻ༔ རིག་འཛིན་བླ་མ་གཟུ་དང་དཔང་༔ གུ་རུ་དྲག་པོ་གཟུ་དང་དཔང་༔ གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད༔ གཟུ་དང་དཔང་ལ་དགོངས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་ཁྲོ་མོའི་ཚོགས༔ གཟུ་དང་དཔང་ལ༴བཀའ་སྲུང་དྲེགས་པའི་སྡེ་ཚོགས་རྣམས༔ གཟུ་དང་དཔང་ལ༴བདག་ནི་མ་ཉེས་མ་ལན་ཏེ༔ དམ་ཉམས་དགྲ་བགེགས་གདུག་ཅན་འདིས༔ ཕོད་བཙུགས་དོ་བསྡོས་སྲོག་ལ་རྒོལ༔ རེ་ས་གཞན་ན་མ་མཆིས་པས༔ སྐྱབས་དང་སྐྱེལ་མ་མགོན་དང་དཔུང་༔ དཀོན་མཆོག་གསུམ་ལས་གཞན་མ་མཆིས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ གློག་ལྟར་མྱུར་བའི་ཕྲིན་ལས་ཀྱིས༔ གཞི་བདག་སྲུང་མ་ཕོ་ཉར་བསྡུས༔ དགྲ་བགེགས་སྲོག་གི་གཤེད་དུ་ཕོབ༔ གསེར་སྐྱེམས་གཉན་པོ་འདི་བཞེས་ལ༔ མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ མ་གཡེལ་མ་འགྱངས་ལས་མཛོད་ཅིག༔ དེ་ནས་སྙན་གསན་དབབ་པ་ལ༔ ཀྱཻ༔ བརྒྱུད་གསུམ་བླ་མས་མཁྱེན་པར་གསོལ༔ ཡི་དམ་རྒྱ་མཚོས་མཁྱེན་པར་གསོལ༔ བཀའ་སྲུང་དྲེགས་ཚོགས་མཁྱེན་པར་གསོལ༔ བདག་སོགས་སྒྲུབ་པའི་རྣལ་འབྱོར་ལ༔ སྨོན་ལམ་ལོག་པའི་དགྲ་འདྲེས་རྒོལ༔ སྒྲུབ་པ་གཉན་པོའི་འབྲས་བུ་བཅོམ༔ ཉོན་མོངས་དུག་ལྔ་མེ་བཞིན་སྦར༔ མི་འདོད་སྡུག་བསྔལ་ཐོག་ཏུ་ཕབ༔ རྗེས་སུ་འབྲང་ཞིང་རྩ་རུ་སླེབས༔ འདུག་ཀྱང་བསླང་སྟེ་བྲོས་ཀྱང་བདས༔ ལྐོག་ནས་བརྐུ་ཞིང་ངོས་ནས་འཕྲོག༔ ཁ་རོག་བསྡད་ཀྱང་ལ་ཡོག་འདོར༔ བླ་མ་རྣམས་ལ་བརྙས་བཙུགས་སོ༔ ཡི་དམ་ལྷ་ལ་བརྙས་བཙུགས་སོ༔ ལྷ་སྲུང་གཉན་པོར་བརྙས་བཙུགས་ཀྱིས༔ ལྷ་དང་སྲུང་མ་མཁྱེན་པར་གསོལ༔ དེ་འདྲའི་ལས་ངན་དགྲ་བགེགས་འདི༔ ལོ་ཟླར་བཞག་པའི་ལོངས་མེད་ཀྱིས༔ དོ་ནུབ་ཉིད་དུ་ཁུག་ལ་སྒྲོལ༔ མ་གཡེལ་ཐུགས་དམ་དུས་ལ་བབ༔ མྱུར་དུ་དབྱིངས་ལས་སྐུར་བཞེངས་ཤིག༔ རྣལ་འབྱོར་བདག་གི་སྲུང་མ་མཛོད༔ མཐུ་སྟོབས་ནུས་པའི་རྩལ་ཤུགས་ཕྱུངས༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཞེས་གསེར་སྐྱེམས་ཕྱི་རོལ་དུ་དོར༔ མོས་གུས་གདུང་བའི་ཤུགས་བསྐྱེད་དེ༔ ཞེ་སྡང་དྲག་པོས་འོ་དོད་འབོད༔ གནད་དེས་བསམ་དོན་འགྲུབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈དེ་ནས་བསྐུལ་བ་བྱ་བ་ལ༔ ཧཱུྃ༔ བཞེངས་ཤིག་རིག་འཛིན་བླ་མའི་ཚོགས༔ བསྐུལ་ལོ་ཡི་དམ་ལྷ་ཚོགས་བསྐུལ༔ རྦད་དོ་བཀའ་སྲུང་དྲེགས་པའི་ཚོགས༔ མཐུ་སྟོབས་ནུས་པའི་རྩལ་ཤུགས་ཕྱུངས༔ ཕོ་ཉ་ལས་མཁན་དཔུང་བསྐྱེད་ལ༔ ཕྱི་དགྲ་ཞིང་བཅུའི་དགྲ་སྡེ་དང་༔ ནང་དགྲ་བསྟན་ལ་སྡང་བའི་རིགས༔ གསང་དགྲ་སྒྲུབ་ལ་འཚེ་བྱེད་པའི༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ མྱུར་དུ་སྒྲོལ་བའི་ལས་མཛོད་ཅིག༔ བསྟན་འགྲོ་བདེ་ལ་འགོད་པ་དང་༔ རྣལ་འབྱོར་བསམ་དོན་ཡོངས་འགྲུབ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཡེ་ཤེས་ཉི་མ་མཐའ་རྒྱས་སོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།། ༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོ་ལ་བརྟེན་པའི་འགུགས་འདྲེན་རྡོ་རྗེའི་ལྕགས་ཀྱུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ འགུགས་འདྲེན་རྡོ་རྗེའི་ལྕགས་ཀྱུ་ལ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ན་མོ༔ དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ ཡི་དམ་གུ་རུ་དྲག་པོ༔ སྐུ་མཆོག་འཇམ་དཔལ༔ གསུང་མཆོག་རྟ་མགྲིན༔ ཐུགས་མཆོག་ཕྱག་རྡོར༔ ཡོན་ཏན་མཁའ་འགྲོ་སྡེ་ལྔ༔ ཕྲིན་ལས་ཡཀྴ་མེ་དབལ༔ སྤྲུལ་པ་བྱ་ཁྱུང་འབར་བ༔ ཟ་བྱེད་ལྕགས་སྡིག་ནག་པོ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་དང་སྟོབས་ཤུགས་ཀྱིས་སྤྱིར་ཞིང་བཅུ་ཚང་བའི་བསྟན་དགྲ་དཔལ་ལྡན་བླ་མའི་སྐུ་དགྲ་རྣལ་འབྱོར་པ་བདག་གི་སྒོས་དགྲ་བསམ་ངན་འཆང་བའི་བྱད་མ་དགྲ་བགེགས་གནོད་བྱེད་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག་བསྟིམ་ཅིག༔ བཛྲ་ཨཾ་ཀུ་ཤ་ཛ་ཛཿརྟགས་མ་བྱུང་བར་དུ་བརྗོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཞེས་པ་འདི་ཡེ་ཤེས་ཉི་མ་མཐའ་རྒྱས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་གཏན་ལ་ཕབ་པའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།