TTDL-ZABTER-01-KA-027

From Dudjom Wiki
Revision as of 10:48, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-027
Wylie title TTDL-ZABTER-01-KA-027.pdf
Location bdud 'joms gling pa zab gter
Volume 1, Text 27, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོའི་གསང་སྒྲུབ་ཀུན་ཁྱབ་ཡེ་ཤེས་བཞུགས་སོ༔ ༠༠༠༠༠༠བརྡ་ཡིག༢༦༧༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་ལྔ་བརྒྱའི་སྙིགས་མ་ལ༔ པདྨའི་བརྒྱུད་འཛིན་ལས་ཅན་གྱི༔ ཡང་དག་སྙིང་པོ་ལྷུར་ལེན་ཚེ༔ ཕྱི་ནང་བར་ཆད་གེགས་སྒྲོལ་ཞིང་༔ སྡེ་བརྒྱད་དྲེགས་པ་བྲན་ཁོལ་ཕྱིར༔ རྟག་ཏུ་འདི་ལ་བརྩོན་པར་གྱིས༔ ལག་ཏུ་ལེན་པའི་རིམ་པ་ནི༔ སྐྱབས་སེམས་སྔོན་སོང་བགེགས་ཀྱང་བསྐྲད༔ རྡོ་རྗེའི་སྲུང་བའི་གུར་ཁང་བསྒོམ༔ དེ་ནས་གཞལ་ཡས་ལྷ་བསྐྱེད་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ འཁོར་འདས་དག་མཉམ་ཆོས་ཀྱི་དབྱིངས༔ སྣང་བ་ལྷུན་གྲུབ་བདེ་ཆེན་ཞིང་༔ བཀོད་པ་འཕྲུལ་གྱི་གཞལ་ཡས་དབུས༔ པད་ཉི་རྒྱལ་བསེན་སྡེ་བརྒྱད་སྟེང་༔ བདག་ཉིད་བདེ་གཤེགས་ཡོངས་འདུས་དཔལ༔ དབང་དྲག་བདེ་ཆེན་རྒྱལ་པོའི་སྐུ༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར༔ གཡོན་པས་ལྕགས་སྡིག་མགོ་དགུ་འཛིན༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དམར་ཟླུམ་སྤྱན་གསུམ་སྡང་མིག་གཡོ༔ སྨ་ར་སྨིན་མར་མེ་ཞགས་འཕྲོ༔ དབུ་སྐྲ་དམར་སེར་སྲིད་རྩེར་འབར༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་ཕྲེང་ཚར་གསུམ་སྦྲུལ་ཆུན་བརྒྱན༔ གླང་ཆེན་མི་ལྤགས་སྟོད་གཡོགས་དང་༔ སྟག་ལྤགས་ཤམ་ཐབས་གོས་སུ་ཀླུབ༔ ཐལ་ཚོམ་ཁྲག་ཐིག་ཞག་གིས་བྱུག༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ ཅོད་པན་སྙན་ཆ་སྦྲུལ་གདུབ་གསོལ༔ ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལྷ༔ ཏིལ་གྱི་གོང་བུ་ཕྱུར་བ་བཞིན༔ དྲག་པོའི་སྐུ་ཡི་ཀློང་དུ་རྫོགས༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམས༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་ཉིད་གདལ་ཁྱབ་མཁའ་ཀློང་ལས༔ ལྷུན་གྲུབ་བདེ་ཆེན་རྒྱལ་པོ་བཞེངས༔ ལྷན་སྐྱེས་ཡེ་ཤེས་ཆེན་པོར་བཞུགས༔ གཉིས་མེད་རྟོགས་པས་བརྡ་ཕྱག་འཚལ༔ བཛྲ་ས་མ་ཡ་ཛ་ཛཿསྟྭཾ༔ ན་མོ་པུ་རུ་ཤ་ཡ་ཧོཿདེ་ནས་མཆོད་འབུལ་ནི༔ ཧཱུྃ༔ སྣང་བ་སྣ་ཚོགས་མཆོད་པའི་སྤྲིན༔ བདག་མེད་རྟོགས་པའི་ཤུགས་ཀྱིས་བརླན༔ ཡེ་ཤེས་བདུད་རྩི་བླ་ན་མེད༔ རང་རིག་ཡེ་ཤེས་ལྷ་ལ་འབུལ༔ མ་ཧཱ་ཛྙཱ་ན་པཉྩ་ཨ་མྲྀ་ཏ་སརྦ་གྷ་ཎ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ སྤྲོས་བྲལ་བདེ་ཆེན་རྒྱལ་པོ་ཡི༔ བདག་མེད་ཤེས་རབ་རྣོ་མཚོན་གྱིས༔ བདག་རྟོག་རཱུ་ཏྲ་ཤུགས་ཀྱིས་སྒྲོལ༔ མཉམ་ཉིད་ཆེན་པོར་དག་མཉམ་རོལ༔ གཞན་གྱིས་མི་ཐུབ་དྲག་ཤུལ་ལྡན༔ ཁྱབ་བདག་ཆེན་པོ་ཁྱོད་ལ་བསྟོད༔ ཛཔ་དམིགས་ནི༔ རང་ཉིད་དྲག་པོ་བདེ་ཆེན་རྒྱལ་པོར་གསལ་བའི་ཐུགས་ཀར་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་སྟབས་སུ་འཛིན་ཅིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཉི་མའི་གདན་ལ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་དམར་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ༔ ཨོཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ དེ་ནས་སྒྲུབ་པ་ལ༔ རང་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ཉེ་བར་འཁོར་བ་ལས་འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ སེམས་ཅན་ཐམས་ཅད་གདོད་མའི་གཞི་དབྱིངས་སུ་བསྒྲལ༔ དེ་དག་གི་དབང་བྱིན་ཚེ་བསོད་དཔལ་ཡོན་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ༔ སྣང་སྲིད་དག་པ་རབ་འབྱམས་ཀྱི་རོལ་པར་སངས་རྒྱས་པར་བསྒོམ༔ ཨོཾ་ཨཱཿཧཱུྃ་ཨརྩིག་སོགས༔ དེ་ནས་ལས་སྦྱོར་བྱ་བ་ལ༔ རང་ཉིད་དྲག་པོ་བདེ་ཆེན་རྒྱལ་པོའི་ཐུགས་ཀའི་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ནས་ཁྲོ་ཆུང་ལྕགས་སྡིག་མཚོན་ཐུན་མེ་རླུང་སྣ་ཚོགས་སེར་རླུང་ལྟར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་བསྲེགས་གཏུབ་བྱས་ནས་རྔམས་རོལ་བྱེད་པར་བསྒོམ༔ ཨོཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཿཡཿམཿདུཿརུཿཙཿཤཿནཿམཱ་ར་ཡ་ཧཱུྃ་ཕཊ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་དྲེགས་པ་ལྷ་འདྲེ་ཐམས་ཅད་དབང་དུ་བསྡུས༔ ནུས་པས་གཟིར༔ བྲན་དུ་བཀོལ༔ འབངས་སུ་ཁས་བླངས༔ སྲོག་སྙིང་དམར་ཙར་གྱིས་སྐྱུགས་ཏེ་བདག་གི་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པས་ཁོ་ཡི་སྲོག་སྙིང་བདག་ལ་ཐོབ་ནས་དམ་ཚིག་ལས་འདའ་བའི་གནས་མེད་པར་བསམ༔ ཨོཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཿཡཿམཿདུཿརུཿཙཿཤཿནཿམཱ་ར་ཡ་ཧཱུྃ་ཕཊ༔ ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཀུན༔ རང་རིག་བདེ་ཆེན་རྒྱལ་པོར་གཅིག༔ བསྐྱེད་དུ་མེད་དེ་ཡེ་ནས་ཡིན༔ བསྐྱེད་རིམ་ཀུན་གྱི་གསང་ཆེན་ཏེ༔ འཁོར་འདས་ཡོངས་ཀྱི་སྲོག་དབང་བསྒྱུར༔ འདི་ནི་བླ་མེད་ཐེག་པའི་རྩེ༔ གང་གིས་ཉམས་སུ་ལེན་པའི་བུས༔ སྣང་སྲིད་སྐྱེ་འགྲོ་དབང་བསྒྱུར་ཞིང་༔ ལྷ་འདྲེ་མི་གསུམ་བྲན་དུ་ཁོལ༔ རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ འདི་ནི་སྙིང་གི་ཡང་ཏིག་སྟེ༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གཅིག་བར་དུ་བཀའ་རྒྱ་བྱས་མཐར་ཨ་སྤོ་སྡོང་གི་བནྡེ་ཀུན་བཟང་བསྟན་འཛིན་གྱིས་བསྐུལ་ངོར་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།