TTDL-ZABTER-01-KA-011

From Dudjom Wiki
Revision as of 11:29, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-011
Wylie title TTDL-ZABTER-01-KA-011.pdf
Location bdud 'joms gling pa zab gter
Volume 1, Text 11, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle བླ་མ་རིག་འཛིན་འདུས་པ་ (bla ma rig 'dzin 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རིག་འཛིན་བླ་མ་འདུས་པའི་གསོལ་འདེབས་དབང་གི་བུམ་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༡༤༩༔ རིག་འཛིན་བླ་མ་སྒྲུབ་པ་ཡི༔ སྐལ་བཟང་དད་ལྡན་སྐྱེས་བུ་རྣམས༔ བྱིན་རླབས་རྒྱུད་ལ་འཇུག་པའི་ཕྱིར༔ གསོལ་འདེབས་འདི་ནི་བླ་ན་མེད༔ ཨེ་མ་ཧོཿཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་དང་༔ ལོངས་སྐུའི་སྟོན་པ་རིགས་ལྔ་གངས་ཆེན་མཚོ༔ སྤྲུལ་སྐུའི་སྟོན་པ་རིགས་གསུམ་འགྲོ་བའི་མགོན༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ དགའ་རབ་ཤྲཱི་སེང་པད་འབྱུང་བི་མ་ལ༔ སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང་༔ དེ་འཁོར་ཡང་འཁོར་རིག་འཛིན་ཚོགས་རྣམས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ རིགས་དང་དཀྱིལ་འཁོར་བདག་པོ་བླ་མ་རྗེ༔ སྐུ་ཡི་རིག་འཛིན་འཇམ་དཔལ་བཤེས་གཉེན་དང་༔ གསུང་གི་རིག་འཛིན་ཀླུ་སྒྲུབ་སྙིང་པོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ ཐུགས་ཀྱི་རིག་འཛིན་ཧཱུྃ་ཆེན་ཀཱ་ར་དང་༔ ཡོན་ཏན་རིག་འཛིན་རྡོ་རྗེ་ཐོད་པ་རྩལ༔ ཕྲིན་ལས་རིག་འཛིན་པྲ་ཆེན་ཧསྟི་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ རྦོད་གཏོང་རིག་འཛིན་དྷ་ན་སཾསྐྲྀ་ཏ༔ མཆོད་བསྟོད་རིག་འཛིན་རམྦུ་གུ་ཧྱ་དང་༔ དྲག་སྔགས་རིག་འཛིན་ཤཱནྟིཾ་གརྦྷ་ཏར༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ རྣམ་སྨིན་རིག་འཛིན་ཚེ་དབང་རིག་འཛིན་དང་༔ ཕྱག་ཆེན་རིག་འཛིན་ལྷུན་གྲུབ་རིག་པ་འཛིན༔ རིག་འཛིན་རྣམ་བཞི་འཁོར་དང་བཅས་པ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་དྲེགས་པའི་སྡེ༔ རྒྱལ་པོ་རིགས་བཞི་ཡབ་ཡུམ་སྲས་བཅས་དང་༔ གནོད་སྦྱིན་ཤན་པ་དམར་ནག་འཁོར་བཅས་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ བསམ་པའི་དོན་ལ་བར་ཆད་མི་འབྱུང་ཞིང་༔ ཚེ་སྒྲུབ་མཐར་ཕྱིན་ཡང་དག་དོན་ལྡན་ཅིང་༔ འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་ནས༔ འཁོར་བ་དོང་སྤྲུག་ནུས་པའི་དཔལ་ཐོབ་ཤོག༔ དད་གུས་མོས་པའི་གདུང་ཤུགས་ཀྱིས༔ གསོལ་བཏབ་སྒྲུབ་པ་མཐའ་རུ་ཕྱིན༔ ཕྱི་ནང་བར་ཆད་ཀུན་སེལ་ཞིང་༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།།།