ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོའི་བསྐུལ་བ༔

From Dudjom Wiki
Revision as of 14:53, 2 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-01-KA-029
Wylie title zab gsang mkha' 'gro'i snying thig las: bla ma drag po bde chen rgyal po'i bskul ba: TTDL-ZABTER-01-KA-029.pdf
Location bdud 'joms gling pa zab gter
Volume 1, Text 29, Pages 277-279 (Folios 1a1 to 2a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bla ma drag po bde chen rgyal po'i bskul ba. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 277-279. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskul ba   Verso: bdud 'joms gu ru drag po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle བླ་མ་དྲག་པོ་བདེ་ཆེན་རྒྱལ་པོ་ (bla ma drag po bde chen rgyal po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཉིད་ནམ་མཁའི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang khrag 'thung rdo rje khro lod rtsal gyis gter nas bton te dag par phab pa'i yi ge pa ni chos nyid nam mkha'i rdo rje'o/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོའི་བསྐུལ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) དྲག་པོའི་དམར་གཏོར་སྐྱེམས་ཕུད་བཤམས༔ ན་མོ༔ བདེན་པ་གཉིས་དང་དཀོན་མཆོག་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་དྲག་པོ་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག༔ ལན་གསུམ་མཐར༔ བདག་མདུན་དྲག་པོའི་ལྷ་ཚོགས་རྣམས་ཀྱིས་མངོན་སྤྱོད་ལས་ཀྱི་མཚོན་ཐུན་འགྱེད་པས་དགྲ་བོའི་རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་བསྒྲལ༔ ཤ་ཁྲག་འདོད་ཡོན་རྒྱ་མཚོ་ཟག་མེད་བདུད་རྩིའི་རོལ་པར་གྱུར༔ བདག་ཉིད་ཡི་དམ་ལྷའི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་དང་དེ་སྲས་སྲུང་མར་བཅས་པ་ཐམས་ཅད་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་གྱུར༔ ཧཱུྃ་ཧྲཱིཿལྷོ་ནུབ་ཟ་བྱེད་རྔམས་པ་སྲིན་པོའི་གྲོང་༔ གྲུ་གསུམ་ཐོད་མཁར་འབར་བའི་གཞལ་ཡས་ནས༔ ཟླ་གམ་དམར་ནག་གདེངས་པའི་དཀྱིལ་འཁོར་དུ༔ བདག་རྟོག་དབྱིངས་བསྒྲལ་མི་རོའི་ཁྲི་སྟེང་ནས༔ གཏུམ་དྲག་དམར་ནག་འབར་བའི་སྐུར་སྟོན་པ༔ ཆེ་མཆོག་བདེ་ཆེན་རྒྱལ་པོ་སྐུ་བཞེངས་ཤིག༔ བདེ་སྟོང་འཕོ་འགྱུར་མེད་པར་སྦྱོར་བའི་ཡུམ༔ རྡོ་རྗེ་རྣལ་འབྱོར་ཆེན་མོ་སྐུ་བཞེངས་ཤིག༔ ཁམས་གསུམ་འཁོར་བ་སྐུ་གསུམ་དབྱིངས་སྒྲོལ་མ༔ སྒྲོལ་ཡུམ་རྡོ་རྗེ་ཕག་མོ་སྐུ་བཞེངས་ཤིག༔ དུག་ལྔ་ཡེ་ཤེས་ལྔ་རུ་སྒྲོལ་མཛད་དཔལ༔ གསང་ཆེན་སྒྱུ་འཕྲུལ་ལྷ་ལྔ་སྐུ་བཞེངས་ཤིག༔ གཟུང་འཛིན་འཁྲུལ་འཁོར་དབྱིངས་སུ་གཞོམ་མཛད་དཔལ༔ ཆེ་མཆོག་དྲག་པོ་རིགས་ལྔ་སྐུ་བཞེངས་ཤིག༔ མ་རིག་ལོག་རྟོག་རཱུ་ཏྲ་ཡོངས་སྒྲོལ་བའི༔ གྲུབ་པའི་རིག་འཛིན་རྣམ་བརྒྱད་སྐུ་བཞེངས་ཤིག༔ མི་སྲུན་ཞིང་བཅུའི་དཔུང་འཇོམས་ཆེ་བའི་མཆོག༔ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་སྐུ་བཞེངས་ཤིག༔ འགུགས་འཆིང་སྡོམ་མྱོས་ལས་ཀྱི་གར་མཁན་མོ༔ ཡེ་ཤེས་སྒོ་མ་ཆེན་མོ་སྐུ་བཞེངས་ཤིག༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ བཀའ་སྲུང་དམ་ཅན་རྒྱ་མཚོ་སྐུ་བཞེངས་ཤིག༔ ཐུགས་དམ་རྒྱུད་བསྐུལ་མངོན་སྤྱོད་ཕྲིན་ལས་མཛོད༔ ཕྱི་དགྲ་ཀླ་ཀློ་བདུད་ཀྱི་རྒོལ་ངན་ཟློག༔ ནང་དགྲ་བན་བོན་འཁྲུགས་རྩོད་འཐབ་མོ་ཟློག༔ གསང་དགྲ་ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་ཟློག༔ བསླུ་བྱེད་བདུད་བཞིའི་ཆོམ་རྐུན་རྒོལ་བ་ཟློག༔ དུས་ངན་ཡོ་ལང་ནད་མུག་མཚོན་འཁྲུགས་ཟློག༔ མི་སྲུན་སྡིག་རྗེ་རྒྱལ་པོའི་རྒོལ་བ་ཟློག༔ དམ་སྲི་རྒྱལ་འགོང་སྒབ་འདྲེའི་འཚེ་བ་ཟློག༔ མཚོན་ཐུན་དབལ་ཐོབ་བསྐལ་པའི་མེ་རུ་གཞོམ༔ ཟ་བྱེད་ལས་ཀྱི་ཕོ་ཉས་རྔམས་པར་རོལ༔ སྤུ་གྲིའི་འཁྲུལ་འཁོར་རྡོ་རྗེའི་རླུང་གིས་གཏོར༔ རྗེས་ཤུལ་ལྷག་མ་མེད་པར་རྡུལ་དུ་རློག༔ ཕྲིན་ལས་དུས་ལ་བབ་བོ་ས་མ་ཡ༔ སྣང་སྲིད་ལྷ་རུ་བསྒོམ་པའི་གདིང་ཆེན་གྱིས༔ རྡོ་རྗེའི་གད་མོ་རྔམས་པས་གླུ་དེ་བརྗོད༔ མ་རུངས་ཉེས་སྤྱོད་སྡང་བའི་དགྲ་འདྲེའི་སྡེ༔ རྡོ་རྗེའི་དམ་བཅའ་ལྡན་ཡང་བརླག་པར་ནུས༔ བཀའ་སྲུང་གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ གཤེ་སྐུར་སྒྲོ་འདོགས་མཁན་གྱི་དབང་པོ་སྣུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཉིད་ནམ་མཁའི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།། །།