TTDL-ZABTER-01-KA-065

From Dudjom Wiki
Revision as of 15:45, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-065
Wylie title TTDL-ZABTER-01-KA-065.pdf
Location bdud 'joms gling pa zab gter
Volume 1, Text 65, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྩ་གསུམ་དྲིལ་སྒྲུབ་དངོས་གྲུབ་གཏེར་མཛོད་བཞུགས་སོ༔ ༠༠༠༠༠༠བརྡ་ཡིག༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༦༠༠༔ མ་འོངས་ལྔ་བརྒྱ་སྙིགས་མའི་དུས༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ ཐར་པ་དོན་དུ་གཉེར་འདོད་ཀྱང་༔ བརྩོན་འགྲུས་སྙིང་སྟོབས་ཆུང་བ་དང་༔ ལེ་ལོའི་དབང་དུ་གྱུར་པ་ཡིས༔ སྒྲུབ་ལ་ལོངས་མེད་རིགས་རྣམས་ལ༔ གདམས་པ་འདི་ནི་མཆོག་ཏུ་ཟབ༔ རྩ་གསུམ་རྒྱ་མཚོའི་དབང་ཐོབ་མཐར༔ ཉིན་རེ་བཞིན་དུ་སྒོ་གསུམ་ལྷར༔ མ་གསལ་བས་ནི་དམ་ཉམས་པས༔ ཉེས་ལྟུང་ཆེན་པོ་འབྱུང་འགྱུར་གྱིས༔ དེ་ཕྱིར་འདི་ལ་བརྩོན་པ་གནད༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ལ༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ རྩ་གསུམ་རྒྱ་མཚོའི་དཀྱིལ་འཁོར་ལ༔ རྣམ་གསུམ་དད་པས་སྐྱབས་སུ་མཆི༔ འགྲོ་བའི་དོན་དུ་བྱང་སེམས་བསྐྱེད༔ དེ་ནས་བགེགས་བསྐྲད་སྲུང་འཁོར་ནི༔ ཧཱུྃ༔ མ་རིག་གཉིས་འཛིན་འཁྲུལ་པའི་བགེགས༔ ཡུལ་མེད་ཟང་ཐལ་ཆེན་པོར་ཕཊ༔ འཁོར་འདས་དག་མཉམ་རོལ་པ་ལ༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ ཛྙཱ་ན་ཙཀྲ་རཀྵ་ཧཱུྃ༔ དེ་ནས་བྱིན་དབབ་ཅིང་མཆོད་རྫས་བྱིན་བརླབ་ལ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་གཞལ་ཡས་ནས༔ བཀོད་པ་རབ་འབྱམས་བྱིན་ཆེན་ཕོབ༔ ཧཱུྃ༔ ཡུལ་དྲུག་སྣང་བ་འདོད་ཡོན་གཏེར༔ ཀུན་བཟང་མཆོད་པའི་སྤྲིན་དུ་སྤེལ༔ ཀཱ་ཡ་ཛྙཱ་ན་ཙཀྲ་ཨ་བེ་ཤ་ཡ་ཨ་ཨ༔ མ་ཧཱ་གྷ་ཎ་སརྦ་པཱུ་ཛ་ཧོཿདེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བ་ནི༔ ཨ༔ སྟོང་ཉིད་སྤྲོས་པའི་མཐའ་དང་བྲལ༔ ཀུན་ཁྱབ་ཡེ་ཤེས་ཆེན་པོར་བརྡལ༔ ཐབས་ཤེས་སྙིང་པོ་ཧཱུྃ་དུ་ཤར༔ སྐུ་ལྔ་ལྷུན་གྲུབ་ཞིང་ཁམས་སུ༔ ཡེ་ཤེས་ལྔ་ཡི་གཞལ་ཡས་ཁང་༔ ཚད་དང་མཚན་ཉིད་རྫོགས་པའི་དབུས༔ བྱོལ་སོང་གཙོ་བརྒྱད་ཀྱིས་བཏེགས་པའི༔ རིན་ཆེན་ཁྲི་སྟེང་པད་ཟླ་དང་༔ ཉི་སྟེང་བདུད་ཆེན་བསྣོལ་བའི་ཁྲིར༔ རིག་པ་ཧཱུྃ་གི་འཕྲོ་འདུ་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་གཡོ་ཞིང་འཁྲུགས༔ ཁམ་ནག་དབུ་སྐྲ་གྱེན་དུ་བརྫེས༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ ཕྱག་དྲུག་གཡས་གཉིས་གསེར་རྡོ་རྗེ༔ རྩེ་དགུ་དང་ནི་རྩེ་ལྔ་ཕྱར༔ གཡོན་གཉིས་ཁ་ཊྭཱྃ་མེ་དཔུང་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བསྒྲད༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ ཡི་དམ་ཡོངས་འདུས་ངོ་བོར་བསྐྱེད༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་འཁྲིལ༔ ཕྱག་གཉིས་ཁ་ཊྭཱྃ་ཐོད་ཁྲག་བསྣམས༔ ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྱུད༔ གཡས་པས་འཁོར་བའི་སྒོ་འཕར་གནོན༔ ཁྲོ་མོ་རྔམས་བརྗིད་གཟིག་ཤམ་ཅན༔ གཡང་གཞི་ཐོད་སྦྲུལ་རྒྱན་དུ་འཆང་༔ མཁའ་འགྲོ་ཡོངས་རྫོགས་ངོ་བོར་གསལ༔ སྤྱི་བོར་པདྨ་ཉི་གདན་ལ༔ གུ་རུ་མཚོ་སྐྱེས་རྡོ་རྗེ་ནི༔ མཐིང་ནག་ལོངས་སྤྱོད་རྫོགས་པའི་ཆས༔ ཕྱག་གཉིས་རྡོར་དྲིལ་བསྣོལ་ཐབས་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ གཞོན་ནུ་མཚན་དཔེའི་ལང་ཚོས་མཛེས༔ ཡུམ་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ དཀར་དམར་མདངས་ལྡན་མཚན་དཔེས་སྤྲས༔ ཕྱག་གཡས་གྲི་གུག་གཡོན་བྷནྡྷ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ བླ་མ་ཡོངས་རྫོགས་ངོ་བོར་གསལ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཐུགས་ཀར་དྭངས་མའི་ཐིག་ཀློང་དུ༔ རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་བཞུགས་ཡེ་ཤེས་པ༔ མཚོ་ལ་ཁ་ཆར་བབས་པ་བཞིན༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ དེ་ནས་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་ལ༔ ཧཱུྃ༔ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ནས༔ རྩ་གསུམ་ཞི་ཁྲོ་རྟེན་བརྟེན་པ༔ མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ༔ གདན་གསུམ་ཚང་བའི་ངོ་བོར་བཞུགས༔ གདོད་ནས་དམ་ཚིག་ཡེ་ཤེས་པ༔ གཉིས་མེད་རིག་པའི་བརྡ་ཕྱག་འཚལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཛ་ཛཿཏིཥྛ་ལྷན༔ ན་མོ་ན་མ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཁམས་གསུམ་སྣང་ཞིང་སྲིད་པའི་ཚོགས༔ ཕྱི་ནང་གསང་མཆོད་སྤྲིན་དུ་ཤར༔ ཡེ་ཤེས་རོལ་པའི་ལྷ་ལ་འབུལ༔ འཁོར་འདས་དག་མཉམ་ཆེན་པོར་རོལ༔ མ་ཧཱ་སརྦ་པཉྩ་པཱུ་ཙ་གྷ་ཎ་ཙཀྲ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔ ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུའི་བཀོད་པ་ངོམས༔ གདུལ་དཀའ་འདུལ་མཛད་ཐབས་ཀྱིས་གཟུགས་སྐུར་སྟོན༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿརྩ་གསུམ་རྒྱལ་བ་རྒྱ་མཚོའི་སྤྱན་སྔ་རུ༔ བདག་གི་སྒོ་གསུམ་མ་རིག་དབང་གྱུར་པས༔ མི་དགེ་སྡིག་པའི་ལས་རྣམས་ཅི་བགྱིས་པ༔ མི་འཆབ་མི་སྦེད་གནོང་འགྱོད་སེམས་ཀྱིས་བཤགས༔ ཡི་གེ་བརྒྱ་པ་ཅི་འགྲུབ་བརྗོད༔ དེ་ནས་བསྙེན་པ་བཟླ་བ་ལ༔ ཧཱུྃ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ གསལ་བའི་ཐུགས་ཀར་དྭངས་མའི་ཐིག་ལེའི་ཀློང་༔ རིག་པ་ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཀྱིས་ཡེ་ཤེས་དཔག་མེད་སྤྱན་དྲངས་བསྟིམས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་སྒྲུབ་པ་བྱ་བ་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ ཡེ་ཤེས་ཡོན་ཏན་དབང་བྱིན་རླབས༔ དངོས་གྲུབ་མ་ལུས་ཇི་སྙེད་པ༔ འོད་ལྔའི་རྣམ་པར་བསྡུས་ཏེ་བསྟིམ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་ལས་སྦྱོར་བྱ་བ་ལ༔ རང་ཉིད་གདན་གསུམ་ཚང་བའི་ལྷའི༔ ཐུགས་ཀའི་སྔགས་ལས་འོད་འཕྲོས་པས༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ འཁོར་འདས་གཟི་བྱིན་བདག་ལ་བསྡུས༔ ཚེ་བསོད་དཔལ་འབྱོར་རབ་རྒྱས་ཏེ༔ ཁམས་གསུམ་དཔལ་ཡོན་དབང་དུ་བསྡུས༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ སྦུར་མ་མེ་ལ་བསྲེགས་བཞིན་བསྒོམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཤཱནྟིཾ་པུཥྚིཾ་པཱ་ཤཾ་མཱ་ར་ཡ་ཕཊ༔ སྨྲ་བཅད་གྲངས་བསྙེན་བྱེ་བ་བཅུ༔ སྒྲུབ་སྔགས་བྱེ་བ་གཅིག་དང་ནི༔ ལས་སྦྱོར་འབུམ་གྱིས་འགྲུབ་འགྱུར་རོ༔ རྟགས་ཀྱི་རིམ་པ་འདི་ལྟ་སྟེ༔ ནམ་མཁའ་སྤྲིན་དང་བྲལ་བ་དང་༔ ཉི་ཟླ་ཤར་དང་ལོ་ཏོག་དང་༔ མེ་ཏོག་པད་ཚལ་རྒྱས་པ་དང་༔ མཁའ་ལ་འཕུར་དང་རི་རྩེར་འཛེག༔ བདུད་རྩི་བྷན་ཆང་རོལ་བ་དང་༔ ཉམས་རྟོགས་གསར་དུ་སྐྱེ་བ་རྣམས༔ འགྲུབ་པའི་ལྟས་སུ་ཤེས་པར་བྱ༔ བསྒོམ་དང་བཟླས་པའི་གནད་ལྡན་ན༔ ཚེ་འདིར་གྲོལ་བ་ངེས་པར་ཐོབ༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཨ་ཐམ་རྒྱ༔ ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་བདུན་བར་དུ་བཀའ་རྒྱ་བྱས་མཐར་སློབ་བུ་འཇམ་དཔལ་གྱིས་ནན་དུ་བསྐུལ་ངོར་ལི་སྟོད་སྐལ་བཟང་དགོན་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་རྣལ་འབྱོར་སེམས་ཉིད་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།