ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་ཛབ྄་དགོངས་དམིགས་པའི་ཀློང་མཛོད༔

From Dudjom Wiki
Revision as of 09:16, 5 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-01-KA-044
Wylie title zab gsang mkha' 'gro'i snying thig las: che mchog bdud 'joms rdo rje'i dzab dgongs dmigs pa'i klong mdzod: TTDL-ZABTER-01-KA-044.pdf
Location bdud 'joms gling pa zab gter
Volume 1, Text 44, Pages 403-413 (Folios 1a1 to 6a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las che mchog bdud 'joms rdo rje'i dzab dgongs dmigs pa'i klong mdzod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 403-413. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dzab dgongs   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mantra Repetition Preparatory Liturgies - dzab khang dbye ba - dzab bskul
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་རྣལ་འབྱོར་པ་ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ཟུར་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱ་བཏབ་ནས་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ།།

zhes pa 'di yang 'od gsal rdzogs pa chen po 'khor 'das 'ub chub rol pa'i rnal 'byor pa khrag 'thung rdo rje gro lod kyis gser smad rnga la stag rtse'i g.yas zur rdo rje brag nas bton te mi lo bco lnga'i bar du bka' rgya btab nas mthar smar mdo bkra shis dga' 'khyil du dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/dge'o/_/dge'o/_/legs so//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་ཛབ྄་དགོངས་དམིགས་པའི་ཀློང་མཛོད་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཆེ་མཆོག་བདུད་འཇོམས་རྡོ་རྗེ་ཡི༔ གསང་གསུམ་རྡོ་རྗེ་ཀློང་འཇུག་པའི༔ སྐལ་ལྡན་ལས་སྨོན་དོན་འབྲེལ་ཅན༔ གང་ལ་འདོད་རྒུའི་དཔལ་དུ་གདམས༔ འདི་ཡི་ལག་ལེན་རིམ་པ་ནི༔ དང་པོ་ལྷ་བསྒོམ་དལ་དུ་འཇུག༔ གསལ་བ་ཆེན་པོའི་གཟེར་གྱིས་གདབ༔ དེ་ནས་འཁོར་འདས་རང་སྣང་ལས༔ མི་གཞན་ངང་ཤེས་གདིང་ལྡན་གྱི༔ ལྟ་བའི་གཟེར་གྱིས་གདབ་པར་བྱ༔ སླར་ཡང་སེམས་དཔའ་བཞི་རིམ་གབ༔ ཏིང་ངེ་འཛིན་གྱི་གཟེར་གདབ་བསྟན༔ བདག་ཉིད་དམ་ཚིག་སེམས་དཔའ་ལ༔ ཡེ་ཤེས་སེམས་དཔའ་གབ་པའི་ཀློང་༔ རྡོ་རྗེ་ཏིང་འཛིན་སེམས་དཔའ་གབ༔ ལྟེ་བར་རྒྱུ་ཡི་སེམས་དཔའ་གབ༔ གབ་པ་བཞི་ལྡན་གསང་ཆེན་ལམ༔ སྲོག་གི་ཁོངས་སུ་ལྷ་སྲུང་དང་༔ ཤིན་ཏུ་བརྩེ་བའི་མཛའ་གྲོགས་སྦ༔ འོག་ཏུ་ལྷ་འདྲེའི་མགོ་ཐུར་བསྟན༔ འཁོར་འདས་སྲོག་གི་སྙིང་པོར་གཅུན༔ བློ་ཡིད་མ་ཡིན་བབ་ཤེས་པ༔ སྲོག་དང་བསྲེ་བ་ཏིང་ངེ་འཛིན༔ གསལ་གཟེར་དྲག་སྔགས་ཚན་གསུམ་བཟླ༔ ཏིང་འཛིན་གཟེར་དུ་སྲོག་གི་མཐར༔ དྲག་སྔགས་འཆོལ་བའི་སྔགས་སུ་འཕོས༔ དང་པོ་རིགས་བདག་གསང་བཅུད་ལེན༔ གཉིས་པ་འཕྲོ་འདུ་ལས་བྱེད་བསམ༔ ཧཱུྃ༔ རང་ཉིད་རྡོ་རྗེ་གྲོ་ལོད་ཀྱི༔ སྙིང་དབུས་དབུ་རྩ་ཆེན་པོའི་སྦུབས༔ ཡེ་ཤེས་སེམས་དཔའ་དམར་གསལ་བརྗིད༔ རྒྱན་མེད་སྟག་ཤམ་གྱད་སྟབས་བགྲད༔ གནམ་ལྕགས་རྡོ་རྗེ་ཕུར་པ་གདེངས༔ ཁྲོ་གཏུམ་སྐྲ་འཁྱིལ་ཚོན་གང་བའི༔ ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཉི་ཟླའི་གྭའུའི་ནང་༔ དྭངས་མའི་ཐིག་ཀློང་ཧཱུྃ་དམར་གསལ༔ མཐའ་མར་སྔགས་ཀྱི་ཕྲེང་བས་འཁོར༔ འོད་འཕྲོས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི༔ ལྷ་སྔགས་དབང་བྱིན་རྩ་བའི་སྔགས་སུ་བཟླུམ༔ སླར་འཕྲོས་འཁོར་འདས་སྲོག་སྙིང་སྲོག་ཏུ་བསྲེ༔ ཆ་ཕྲན་རྡུལ་ཕྲན་ཙམ་གྱི་ཁྲོ་ཆུང་གི༔ མ་འདྲེས་བར་མེད་སྐུ་རུ་ལྷུན་གྱིས་གྲུབ༔ ཤེས་རིག་སྲོག་གི་འཁོར་ལོ་མི་ཕྱེད་འདྲེས༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ འདི་ནི་ཤིན་ཏུ་གཉན་པའི་ཕྱིར༔ དང་པོ་རཀྴའི་སྔགས་རྫོགས་ནས༔ མཐར་ནི་འཆོལ་བའི་སྔགས་སུ་བཟླ༔ གནད་ཀྱི་མན་ངག་མི་ལྡན་ན༔ ཁེ་ཉེན་ཆེ་བས་ཤེས་པར་གྱིས༔ རྒྱལ་པོའི་ཕོ་ཉ་ལྟ་བུའི་ཛབ་དགོངས་སྦྱར༔ སླར་ཡང་སྒྲུབ་པའི་དལ་དུ་འཇུག་པ་ལ༔ མགལ་མེའི་འཁོར་ལོ་འཕྲོ་འདུས་སྔགས་གཟེར་ལམ༔ གནད་དུ་བསྣུན་པ་དངོས་གྲུབ་བསྒྲུབ་པའི་ཐབས༔ བུང་བ་ཚང་ཞིག་ལྟ་བུ་ཆེན་པོའོ༔ ཧཱུྃ༔ འཁོར་བའི་སྔགས་རྣམས་མི་འགུལ་ཆམ་གྱིས་གནས༔ སྲོག་གི་ཐིག་ལེར་སྔགས་ཀྱི་ཕྲེང་བ་སྤེལ༔ བདག་མདུན་ཞལ་གསང་བར་མ་ཆད་པར་བརྒྱུད༔ དལ་མེད་འཁོར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ བླ་མ་སངས་རྒྱས་བྱང་སེམས་ཚོགས་རྣམས་ཀྱི༔ དབང་བྱིན་དངོས་གྲུབ་འོད་ཀྱི་ཚུལ་དུ་བསྡུས༔ བདག་མདུན་ལྷ་སྔགས་དཀྱིལ་འཁོར་ལ་ཐིམ་པས༔ དབང་བྱིན་གཟི་བརྗིད་འོད་ཕུང་འབར་བར་བསྒོམ༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་མ་ཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿསླར་ཡང་འོད་འཕྲོས་སྣོད་བཅུད་སྣང་སྲིད་ཀུན༔ དཀྱིལ་འཁོར་གསུམ་ལྡན་རོལ་པར་རྒྱས་བཏབ་ནས༔ འཁོར་འདས་སྲོག་སྙིང་ནུས་བཅུད་རིགས་སྔགས་བཅས༔ རོ་གཅིག་སྲོག་གི་སྙིང་པོར་འདུས་པར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་གྲོ་བོ་ལོད་མ་ཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དྲག་པོའི་ལས་ལ་སྦྱོར་བའི་ཐབས༔ དཀར་སེར་དམར་ལྗང་འོད་ཕྲེང་ལྷ༔ དུས་དང་སྦྱར་ན་ལས་ཀྱང་འགྲུབ༔ གཟུགས་སྣང་ལྷར་གསལ་སྔགས་སྒྲ་འུར༔ སྣང་སྲིད་ཐམས་ཅད་གཡོ་བར་བསམ༔ ཧཱུྃ་ཧཱུྃ་ཧཱུྃ༔ དྲག་པོ་སྔགས་ཀྱི་འཁྲུལ་འཁོར་ལས༔ མེ་རླུང་ཐུན་མཚོན་ཁྲོ་ཆུང་སྡིག༔ སེར་རླུང་འཚུབས་བཞིན་རབ་འཕྲོས་པས༔ སྣང་སྲིད་ལྷ་འདྲེ་རྒྱལ་འགོང་བསེན༔ བདུད་བགེགས་དམ་སྲི་ལོག་འདྲེན་དང་༔ བཀའ་དང་དམ་ལ་མ་འདུས་པའི༔ དྲེགས་ཅན་སྡེ་བརྒྱད་གདུག་ཅན་ཀུན༔ བསྲེག་གཏོར་གཏུབ་ཟོས་བརླག་གྱུར་ནས༔ སྲོག་འཕྲོག་ནུས་པ་བཙོན་དུ་བཟུང་༔ ཁས་བླངས་དམ་བཅའ་མནའ་བོར་ཏེ༔ བྲན་འབངས་ལས་ལ་ཁོལ་ནས་ཀྱང་༔ དམ་ཚིག་གཉན་པོའི་སྲོག་ཐོབ་བསམ༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཐུན་མཚམས་ལས་ཀྱི་ཤམ་བུའི་མཐར༔ ཨ་ལི་ཀ་ལི་རྟེན་སྙིང་བརྗོད༔ བདེན་པའི་ཚིག་གིས་སྨོན་ལམ་གདབ༔ ན་མོ༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་སྲུང་མའི་ཚོགས་ཀྱི་བདེན་མཐུ་ནུས་སྟོབས་བྱིན་རླབས་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས་ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་བདག་གི་རྒྱུད་ལ་ད་ལྟ་ཉིད་དུ་ཐིམ་པར་གྱུར་ཅིག༔ འཕོས་ཤིང་བརྟན་པར་གྱུར་ཅིག༔ གཉིས་སུ་མེད་ཅིང་ཡོངས་སུ་རྫོགས་པར་གྱུར་ཅིག༔ ཞེས་ལན་གསུམ་བརྗོད་མཐར་བསྔོ་སྨོན་བྱ༔ ཞི་དུས་གང་ལ་དམིགས་བྱ་དང་༔ འགྲོ་ཀུན་ནད་གདོན་སྡིག་སྒྲིབ་སྦྱངས༔ ཐམས་ཅད་དག་པའི་ཀློང་དུ་སད༔ བདེ་ཆེན་གཏན་སྲིད་ཟིན་པར་བྱས༔ རྒྱས་དུས་རྒྱལ་ཀུན་དབང་བྱིན་མཐུ༔ བརྟན་གཡོའི་ཚེ་བསོད་བཀྲག་མདངས་བསྡུས༔ བདག་ཐིམ་གཟི་བྱིན་ནུས་ལྡན་ཅིང་༔ མི་ཤིགས་རྡོ་རྗེའི་གདིང་ལྡན་བསམ༔ དབང་དུས་དབང་གི་འོད་ཟེར་གྱིས༔ སྣང་སྲིད་དབང་བསྡུས་སྲོག་ནུས་འཕྲོག༔ བྲན་བཀོལ་དམ་ཚིག་སྲོག་ཀྱང་བཏང་༔ དབང་སྡུད་ཕྲིན་ལས་འགྲུབ་བསམ་མོ༔ དྲག་པོའི་དུས་སུ་ལས་མཚོན་གྱིས༔ དགྲ་བགེགས་གདུག་པ་ཚར་བཅད་ནས༔ རྗེས་ཤུལ་ཙམ་ཡང་མེད་པར་བསྒོམ༔ འཁྲུལ་མེད་ངོ་བོ་ཉིད་དུ་བསྒྲལ༔ དེས་ནི་ལས་བཞི་ལྷུན་གྲུབ་འགྱུར༔ གསང་བ་འཁོར་ལོའི་བསྒོམ་བཟླས་ལ༔ སྤྱི་བོར་འཇམ་དཔལ་སེར་གསལ་མཛེས༔ རལ་གྲི་བརྒྱད་སྟོང་གླེགས་བམ་བསྣམས༔ རྡོ་རྗེ་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས༔ ཐུགས་ཀར་དྷཱིཿལ་སྔགས་ཀྱིས་བསྐོར༔ བཟླས་པས་རྒྱལ་བ་སྲས་བཅས་ཀྱི༔ ཤེས་རབ་ཡེ་ཤེས་སྲོག་ཏུ་བསྡུས༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ བརྒྱ་བཟླས་མཐའ་མར་རྟ་མགྲིན་ནི༔ མགྲིན་པར་རྟ་མགྲིན་དམར་གསལ་བརྗིད༔ ཕྱག་གཉིས་དབྱུག་ཏོ་ཞགས་པ་བསྣམས༔ དཔའ་བོ་སྟག་ཤམ་གྱད་སྟབས་བགྲད༔ སྤྱི་བོར་རྟ་མགོ་གྱེན་དུ་འཚེར༔ ཐུགས་ཀར་ཧྲཱིཿལ་སྔགས་ཀྱིས་བསྐོར༔ བཟླས་པས་ཁམས་གསུམ་དབང་སྡུད་གྱུར༔ ཨོཾ་པདྨནྟ་ཀྲྀཏ་ཧྱ་གྲཱི་ཝ་ཧྲཱིཿབརྒྱ་བརྗོད་གསང་བདག་བསྒོམ་བཟླས་ནི༔ ཆོས་ཀྱི་འཁོར་ལོར་གསང་བདག་མཐིང་༔ རྡོ་རྗེ་སྦྲུལ་འཛིན་སྟག་ཤམ་གསོལ༔ ཁྲོ་གཏུམ་གྱད་ཀྱི་འདོར་སྟབས་བགྲད༔ ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ བཟླས་པས་སྡེ་བརྒྱད་བྲན་ཁོལ་བསམ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བརྒྱ་བཟླས་སྒྲོལ་མའི་བཟླས་པ་ནི༔ ལྟེ་བར་སྒྲོལ་མ་ལྗང་གསལ་མཛེས༔ གཡས་པས་སྐྱབས་སྦྱིན་གཡོན་ཨུཏྤལ༔ བཙུན་མོ་རོལ་སྟབས་ལོངས་སྤྱོད་རྫོགས༔ ཐུགས་ཀར་ཏཱྃཿལ་སྔགས་ཀྱིས་བསྐོར༔ བཟླས་པས་འཇིགས་པ་ཀུན་འཇོམས་གྱུར༔ ཨོཾ་ཏཱ་རེ་ཏཱྃ་སྭཱ་ཧཱ༔ བརྒྱ་བརྗོད་ཕུར་པའི་བསྒྲུབ་བཟླས་ནི༔ བདེ་སྐྱོང་འཁོར་ལོར་ཕུར་པ་མཐིང་༔ ཉག་གཅིག་ཕུར་གདེངས་གཡོན་སྡིགས་མཛུབ༔ ཁྲོ་གཏུམ་སྟག་ཤམ་གྱད་སྟབས་བསྒྲད༔ ཁྲོ་བཅུ་ཁྲ་ཐབས་སྒྱུ་འཕྲུལ་ཤར༔ ཐུགས་ཀར་ཕཊཿལ་སྔགས་ཕྲེང་འཁོར༔ བཟླས་པས་དགྲ་བགེགས་ཚར་གཅོད་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བྃ་ཧཱུྃ་ཕཊ༔ བརྒྱ་བརྗོད་དབང་ཕྱུག་བསྒོམ་བཟླས་ནི༔ ཤར་དུ་དབང་ཕྱུག་ཆེན་པོ་དམར༔ ཁྲོ་གཏུམ་རྔམས་བརྗིད་ལྕགས་ཀྱུ་སྙིང་༔ ཞབས་གཉིས་འགྱིང་སྟབས་སྟག་ཤམ་གསོལ༔ ཁམས་གསུམ་དབང་སྡུད་ཟིལ་གྱིས་གནོན༔ ཐུགས་ཀར་ཧྲཱིཿལ་སྔགས་གཡས་འཁོར༔ བཟླས་པས་ཁམས་གསུམ་ཟིལ་གནོན་གྱུར༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཧྲཱིཿཛཿབརྒྱ་བཟླས་ལེགས་ལྡན་བསྒོམ་བཟླས་ནི༔ ལྷོ་རུ་ལེགས་ལྡན་ནག་པོ་མཐིང་༔ ཕྱག་གཉིས་བིང་དབྱུག་སྙིང་དམར་པོ༔ བེར་ཆེན་དུར་ཁྲོད་ཆས་རྫོགས་ཁྲོས༔ ཞབས་གཉིས་གྱད་སྟབས་སྣང་སྲིད་གནོན༔ ཐུགས་ཀར་ཧཱུྃ་མཐིང་མཐར་སྔགས་འཁོར༔ བཟླས་པས་གཞན་སྣང་ཟིལ་གནོན་གྱུར༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ བརྒྱ་བརྗོད་ཨེ་ཀ་ཙ་ཏི་ལ༔ ནུབ་ཏུ་ཨེ་ཀ་ཛ་ཊཱི་སྨུག༔ གཡས་པས་ཞིང་གི་དབྱུག་པ་དང་༔ འགྲོ་བློ་ཁ་ལོ་བསྒྱུར་སྙིང་གཡོན༔ རལ་མིག་ཚེམས་དང་ནུ་རྐང་གཅིག༔ ཐུགས་ཀར་མ་ལ་སྔགས་ཀྱིས་བསྐོར༔ བཟླས་པས་འཁོར་འདས་དབང་བསྒྱུར་བསམ༔ ཨོཾ་ཨེ་ཀ་ཙ་ཏི་མ་མ་བྷྱོ༔ བརྒྱ་བརྗོད་སྲིད་པའི་རྒྱལ་མོ་ལ༔ བྱང་དུ་རང་བྱུང་རྒྱལ་མོ་ནག༔ གཡས་གཡོན་འཁོར་ལོ་སྙིང་དམར་བསྣམས༔ སྲིད་པའི་བོང་བུ་དམར་གྭའི་སྟེང་༔ དུར་ཁྲོད་ཆས་རྫོགས་རོལ་སྟབས་འགྱིང་༔ ཐུགས་ཀར་མ་ལ་སྔགས་ཕྲེང་འཁོར༔ བཟླས་པས་ཁམས་གསུམ་ཟིལ་གནོན་གྱུར༔ ཨོཾ་མ་མོ་རེ་མ་ཏཱི་ཧཱུྃ༔ བརྒྱ་བརྗོད་འདོད་དོན་ཤམ་བུར་སྦྱར༔ གཡས་ན་དབང་དུ་བསྒྱུར་མཚོན་དང་༔ སྐྱེ་འགྲོའི་བློ་ཡིད་འདུས་སྙིང་གཡོན༔ འདི་དག་མངོན་སྤྱོད་ལས་ཀྱི་ལྷ༔ དུས་འཁྲུགས་བདུད་ཀྱི་ཁ་གནོན་ཡིན༔ ས་མ་ཡ༔ གསལ་བའི་གཟེར་གྱི་གནད་ལྡན་ན༔ ཆོས་སྐུ་བྱང་ཆུབ་སེམས་སུ་རྟོགས༔ གདོད་མའི་ལྷ་ཞལ་མངོན་མཐོང་ཞིང་༔ བར་ཆད་ཐམས་ཅད་ངེས་སྒྲོལ་འགྱུར༔ ས་མ་ཡ༔ ལྟ་བའི་གཟེར་གྱི་གནད་ལྡན་ན༔ འཁོར་འདས་གཉིས་ཀྱི་སྲོག་ཐོབ་སྟེ༔ གེགས་དང་གོལ་སའི་འཕྲང་ལས་གྲོལ༔ མཐར་ཐུག་གཉིས་མེད་ངང་གྲོལ་འགྱུར༔ ས་མ་ཡ༔ ཏིང་འཛིན་གཟེར་གྱི་གནད་ལྡན་ན༔ ཤེས་རིག་གཉུག་མའི་ལྷུམས་ཞུགས་ནས༔ རིག་པའི་ཆོས་ཉིད་མངོན་དུ་བྱེད༔ གནས་སྐབས་གཞན་སྣང་ཟིལ་གནོན་འགྱུར༔ ས་མ་ཡ༔ འཕྲོ་འདུའི་སྔགས་ཀྱི་གཟེར་ལྡན་ན༔ བསམ་པའི་དོན་ཀུན་འབད་མེད་འགྲུབ༔ ཡིད་བཞིན་དཔལ་གྱིས་ཕྱུག་པ་དང་༔ མཐར་ཐུག་དོན་ཀུན་འགྲུབ་འགྱུར་རོ༔ ས་མ་ཡ༔ ཕོ་ཉ་ལྟ་བུའི་ཛབ་དགོངས་ཀྱིས༔ དོན་གཉིས་འགྲུབ་པའི་ལས་བྱེད་དེ༔ མཐར་ཐུག་སྤྲུལ་བསྒྱུར་གདུལ་བྱ་འདུལ༔ གནས་སྐབས་དངོས་གྲུབ་ཐམས་ཅད་སྡུད༔ ས་མ་ཡ༔ མགལ་མེ་ལྟ་བུའི་ཛབ་དགོངས་ཀྱིས༔ གཉིས་མེད་རོལ་པར་གྲོལ་བ་དང་༔ དཀྱིལ་འཁོར་གཅིག་སྦྱོར་བསྒྲུབ་པ་དང་༔ སྦྱོར་བ་མཐར་ཕྱིན་དག་ཆེན་ཐོབ༔ ས་མ་ཡ༔ བུང་བ་ཚང་ཞིག་ལྟ་བུ་ཡིས༔ སྣང་སྲིད་དག་མཉམ་ངང་མཐོང་ཞིང་༔ སྣོད་བཅུད་འཛིན་པའི་བག་ཆགས་སྦྱང་༔ མཐར་ཐུག་ཞིང་ཁམས་རྣམ་དག་མངོན༔ ས་མ་ཡ༔ སྲུང་བའི་ལས་ལ་རྨོངས་གྱུར་ན༔ རབ་ཏུ་གཅེས་པ་སྲོག་ཁོང་སྦ༔ འབྲིང་ན་ལྷ་ཡི་གྲལ་དུ་སྦ༔ ཐ་ན་གཞལ་ཡས་ཕྱི་འཁྱམས་དང་༔ ཡང་ཐ་དུར་ཁྲོད་གནས་སུ་བཞག༔ སྲོག་གི་ཐིག་ལེར་བླ་མ་བསྒོམ༔ ཧ་ཡི་སྟོད་ཆར་རྩ་གསུམ་དང་༔ སྐེད་པར་བསྲུང་བྱ་སྨད་སྲུང་མ༔ ཞབས་ཀྱུར་ལྷ་འདྲེ་སྡེ་བརྒྱད་ཀྱི༔ སྲོག་གི་སྙིང་པོ་མགོ་ཐུར་བསྟན༔ ནུས་བཅུད་བསྡུས་བསྟིམ་མན་ངག་གནད༔ ས་མ་ཡ༔ སྐབས་སུ་རིག་པའི་ངར་བསྐྱེད་ནས༔ ཧཱུྃ་གླུ་ལེན་ཅིང་ཕཊ་སྒྲ་རྒྱག༔ སྒྲུབ་རྫས་ལྷ་བསྒོམ་སྲོག་སྔགས་འཁོར༔ གཟི་བྱིན་ཡང་ཡང་བསྐྱེད་པ་གནད༔ འཁྱལ་བའི་ཚིག་གིས་བར་མ་ཆད༔ གདན་གྱི་དྲོད་མ་ཡལ་བར་བསྒྲུབ༔ ས་མ་ཡ༔ འདི་ལྟར་གནད་ལྡན་སྐྱེས་མཆོག་ལ༔ ཚེ་འདིར་མཆོག་ཐུན་དངོས་གྲུབ་འཐོབ༔ བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག༔ སྣང་སྲིད་མ་ལུས་དབང་བསྒྱུར་འགྱུར༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ སྲོག་གི་ཡང་སྙིང་ཡི་གེར་བྲིས༔ མཁའ་འགྲོ་འབུམ་གྱིས་ཁ་རླངས་བཏབ༔ བཀའ་འདི་བདུད་མགོན་སེང་གདོང་དང་༔ གནོད་སྦྱིན་དམར་ནག་རྡོར་ལེགས་བཙན༔ གཟའ་བདུད་དུག་གི་སྤུ་གྲི་བཅས༔ སྲུང་མ་གཉན་པོར་བཅོལ་གཏད་བྱ༔ སྲུངས་ཤིག་བཛྲ་ས་མ་ཡ༔ དམ་ལྡན་སྒྲུབ་པའི་བུ་སློབ་སྐྱོངས༔ དམ་ཉམས་ལོག་ལྟའི་དབང་པོ་བསྣུབ༔ ཡུལ་དཀྲུག་བདུད་པོའི་སྲོག་རྩ་ཆོད༔ ས་ཐིལ་ནག་པོའི་སྲོག་ལ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་རྣལ་འབྱོར་པ་ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ཟུར་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱ་བཏབ་ནས་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ།། །།