བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ་བཅས།

From Dudjom Wiki
DJYD-KABUM-02-KHA-001
Wylie title bod kyi chos 'byung mdor bsdus dang theg pa che chung gi rnam dbye bcas DJYD-KABUM-02-KHA-001.pdf
Location bdud 'joms rin po che bka' 'bum
Volume 2, Text 1, Pages 1-30 (Folios 1a1 to 15b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bod kyi chos 'byung mdor bsdus dang theg pa che chung gi rnam dbye bcas. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 2: 1-30. Kalimpong: Dupjung Lama, 1979-1985.
Side notes Recto: chos 'byung bsdus pa   Verso: bod kyi lo rgyus
More details More details
Genre Religious History Texts - chos 'byung
Colophon

།ཞེས་པའང་འབྲས་སྤྱི་བློན་ཆེན་མཆོག་ནས་རི་སྲས་བསོད་ནམས་སྟོབས་རྒྱལ་བརྒྱུད་འདི་ལྟ་བུ་ཞིག་བྲིས་ཞེས་བསྐུལ་མ་གནང་བའི་བཞེད་སྐོང་དུ་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ཞིང་བཀྲ་ཤིས།

zhes pa'ang 'bras spyi blon chen mchog nas ri sras bsod nams stobs rgyal brgyud 'di lta bu zhig bris zhes bskul ma gnang ba'i bzhed skong du rgyal khams pa 'jigs bral ye shes rdo rjes bris pa dge zhing bkra shis/

[edit]
༄༅། །བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ་བཅས་བཞུགས། །

༄༅། །ཨོཾ་སྭསྟི་སིདྡྷཾ། དེའང་འཇིག་རྟེན་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་མདོ་ཙམ་སྨོས་པ་ལ། ཐོག་མར་འཕགས་ཡུལ་དུ་ཇི་ལྟར་བྱོན་པའི་ཚུལ་ནི། འོ་སྐོལ་གྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འདི་ཉིད་ངེས་དོན་ཡིན་ལུགས་ཀྱི་དབང་དུ་བྱས་ན། ཐོག་མ་མེད་པའི་དུས་ནས་མངོན་པར་སངས་རྒྱས་ཏེ་ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་བཞུགས་པ་ལས་མ་གཡོས་བཞིན་དུ་སེམས་ཅན་ [2a] རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་སྤྲུལ་པའི་སྐུའི་རྣམ་རོལ་བསམ་གྱིས་མི་ཁྱབ་པར་བསྟན་ཏེ་གདུལ་བྱའི་དོན་མཛད་པ་ཡིན་ལ། ཐ་སྙད་རྣམ་འཇོག་གི་དབང་དུ་བྱས་ན། སྟོན་པ་འདི་སྔོན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པ་ན་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྨད་དུ་བྱུང་བ་བསགས། མཐར་མ་ག་དྷ་རྡོ་རྗེ་གདན་གྱི་སྤོར་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཤིང་ཨ་ཤྭ་རྠའི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ [2b] ཝ་ར་ནཱ་སཱི། བྱ་རྒོད་ཕུང་པོའི་རི་བོ་ལ་སོགས་པའི་གནས་རྣམས་སུ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས། ཐུན་མོང་གི་གདུལ་བྱ་རྣམས་རང་རང་གི་དབང་པོ་དང་འཚམས་པར་ཐེག་པ་གསུམ་གྱི་ལམ་རྣམ་པར་དག་པ་ལ་བཀོད། གདུལ་བྱ་ཐུན་མོང་མ་ཡིན་པ་རྣམས་ཀྱི་སྣང་ངོར། འོག་མིན་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་། རི་རབ་ཀྱི་རྩེ་མོ། མིའི་གནས་འཇིག་རྟེན་དཔལ་ལྡན་འབྲས་སྤུངས་དང་། ས་ཧོ་ར། ཨོ་ཊཱིཡ་ན། རི་བོ་བྱ་རྐང་ཅན། བསིལ་བའི་ཚལ་ལ་སོགས་པ་གནས་དང་དུས་དང་འཁོར་རྣམས་མཐའ་གཅིག་ཏུ་མ་ངེས་པ་ལ་དཀྱིལ་འཁོར་སྤྲུལ་བཤད་ལ་སོགས་པའི་སྒོ་ནས་སྔགས་ཀྱི་རྒྱུད་སྡེ་མཐའ་ཡས་པར་གསུངས། ཐུབ་དབང་ཆོས་ཀྱི་དབྱིངས་སུ་མཛད་པ་བརྟུལ་བའི་རྗེས་སུ། གནས་བརྟན་འོད་སྲུང་ཆེན་པོ་དང་། འཕགས་པ་ཀུན་དགའ་བོ་སོགས་བསྟན་པའི་གཏད་རབས་སངས་རྒྱས་དང་འདྲ་བའི་ཉན་ཐོས་ཆེན་པོ་བདུན་ནམ་ཉི་མ་གུང་པ་བསྣན་པས་བརྒྱད་དང་། གཞན་ཡང་བླ་མ་གྲགས་པ་དང་། བསོད་བྱིན་སོགས་བསྟན་པ་སྐྱོང་བའི་དགྲ་བཅོམ་པའི་སྡེ་དང་། བླ་མ་འོད་སྲུང་ཡང་སྟོན་སོགས་བཙུན་པའི་སྡེ་དང་། [3a] རྒྱལ་བ་ལེགས་རྒྱལ་དགེ་བ་སོགས་བསྟན་པ་ལ་བྱ་བ་བྱས་པའི་བྲམ་ཟེ་ཆེན་པོའི་སྡེ་ལ་སོགས་པ་རྣམས་ཀྱིས་བསྟན་པ་ཡུན་རིང་དུ་བསྐྱངས་ཤིང་། དེ་རྗེས་འཕགས་པ་ཀླུ་སྒྲུབ། ཐོགས་མེད། ཕྱོགས་གླང་། ཨཱརྻ་དེ་བ། དབྱིག་གཉེན། ཆོས་ཀྱི་གྲགས་པ་སྟེ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག །སློབ་དཔོན་དཔའ་བོ། སྒྲ་གཅན་འཛིན། ཡོན་ཏན་འོད། ཆོས་སྐྱོང་སྟེ་ཆེན་པོ་བཞི། ཞི་བ་ལྷ་དང་། ཙནྡྲ་གོ་མི་སྟེ་རྨད་བྱུང་གི་སློབ་དཔོན་གཉིས་སོགས་རྒྱལ་བའི་གསུང་རབ་ཀྱི་དོན་ལ་དབང་འབྱོར་བའི་སློབ་དཔོན་མཐའ་ཡས་པ་རྣམས་ཀྱིས་གཙོ་བོར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་གསལ་བར་མཛད། རྒྱ་གར་ཤར་ཕྱོགས་སུ་རྒྱལ་པོ་ཛཿཡབ་སྲས། སྒེག་པ་རྡོ་རྗེ། སངས་རྒྱས་གསང་བ། སྠི་ར་མ་ཏི། བདེ་བ་གསལ་མཛད་ལ་སོགས་པ་རྣམས་ཀྱིས་འབྲས་བུ་རྡོ་རྗེ་ཐེག་པ་བླ་ན་མེད་པའི་རྒྱུད་མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག །རྒྱ་གར་ནུབ་ཕྱོགས་སུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ་སོགས་ཀྱིས་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག །གྲུབ་པ་བརྙེས་པའི་སློབ་ [3b] དཔོན་ཆེན་པོ་བརྒྱད་དང་། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ལ་སོགས་པས་སྒྲུབ་པ་ཆེན་པོ་སྡེ་བརྒྱད་དང་། གཞན་ཡང་ཡེ་ཤེས་ཞབས་སོགས་རྣམ་གནོན་ཚུལ་གྱིས་བསྔགས་པའི་སློབ་དཔོན་བཅུ་གཉིས། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། མཁས་པ་སྒོ་དྲུག །དུས་འཁོར་ཞབས་པ་ཆེ་ཆུང་སོགས་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཐེག་ཆེན་གསང་སྔགས་ཀྱི་སྒོ་ནས་སྐལ་ལྡན་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད།། །། ༈ དེ་ནས་བོད་དུ་བསྟན་པ་ཇི་ལྟར་བྱོན་ཚུལ་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་གངས་ཅན་བོད་ཀྱི་ལྗོངས་སུ་རྒྱལ་བའི་ཕྲིན་ལས་ཀྱི་སྒོ་འཕར་འཇུག་པའི་རྟེན་འབྲེལ་དུ་བོད་སྤྱི་ལ་དབང་བའི་རྒྱལ་པོ་མི་རྗེ་ལྷས་མཛད་པ་ལ་སྔ་བ་ཤཱཀྱ་ལི་ཙཱ་བིའི་རིགས་ལས་དམག་བརྒྱ་པའི་སྲས་ཡ་མཚན་ཅན་མི་ལས་འདས་པ་ཞིག་བཙས་པ་ལྷ་འདྲེའི་སྤྲུལ་པར་དོགས་ནས་སྤྱུགས་པ་ཡུལ་ཡར་ལུང་གི་ལྷ་རི་རོལ་པའི་སྟེང་ནས་ལྷ་སྐས་ལ་བརྒྱུད་བཙན་ཐང་སྒོ་བཞིར་བབས་པ་ཕྱོགས་དེའི་སྐྱེ་བོ་རྣམས་ཀྱིས་གཉའ་བར་ཁྲི་བྱས་ཏེ་གདན་དྲངས་པས་གཉའ་ཁྲི་བཙན་པོར་གྲགས་པ་ནས་བཟུང་། གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེངས་གཉིས། སའི་ལེགས་དྲུག །བར་ལ་ [4a] ལྡེ་བརྒྱད་སོགས་རིམ་པར་བྱོན་པ་ལས། རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་མདོ་སྡེ་ཟ་མ་ཏོག་དང་ཡི་གེ་དྲུག་མ་སོགས་ཁང་སྟེང་དུ་བབས་ཏེ་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔའི་ཐ་མ་གནམ་རི་སྲོང་བཙན་གྱི་སྲས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ཇོ་ཤཱཀ་རྣམ་གཉིས་བཙུན་མོ་གཉིས་ཀྱི་བརྫོངས་སུ་སྤྱན་དྲངས་ཤིང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་གཙོས་མཐའ་འདུལ་དང་ཡང་འདུལ་གྱི་ལྷ་ཁང་སོགས་བཞེངས། མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུའི་ཁྲིམས་ཕོགས་ཤིང་། བོད་ཡི་གེ་མེད་པ་ལ་ཡི་གེའི་བརྡ་དག་ཕྱེས་ཏེ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་བོད་སྐད་དུ་བསྒྱུར་བ་སོགས་བསྟན་པའི་སྲོལ་བཏོད། དེ་ནས་རྒྱལ་རབས་ལྔ་པ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་སྲས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སོགས་བཞེངས། དབུའི་མཆོད་གནས་སུ་དཀའ་བ་དུ་མས་སྤྱན་དྲངས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། ཟ་ཧོར་གྱི་མཁན་ཆེན་བྱང་ཆུབ་སེམས་དཔའ་ཞི་བ་འཚོ། པཎ་ཆེན་བི་མ་ལ་མི་ཏྲ། [4b] སློབ་དཔོན་ཀ་མ་ལ་ཤྲཱི་ལ། འདུལ་འཛིན་ཛི་ན་མི་ཏྲ། ཤིནྟཾ་གརྦྷ། དྷརྨ་ཀིརྟི། དཱ་ནཤྲཱི་ལ། སརྦ་ཛྙཱ་དེ་བ། ཤྲཱི་ལེནྡྲ་བོ་ངྷི། སུ་ཏྲ་བོ་དྷི་སོགས་རྒྱ་གར་གྱི་པཎ་གྲུབ་ཆེས་མཆོག་ཏུ་གྱུར་པ་བརྒྱ་རྩ་བརྒྱད་དུ་གྲགས་པ་དང་། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བེེ་རོ་ཙ་ན། རྨ་རིན་ཆེན་མཆོག །གཉགས་ཡེ་ཤེས་གཞོན་ནུ། སྐ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་ཆེན་པོ་བརྒྱ་རྩ་བརྒྱད་དུ་གྲགས་པ་རྣམས་ཀྱིས་གསུང་རབ་རིན་པོ་ཆེ་མཐའ་དག་བསྒྱུར་བཤད་ལག་ལེན་གྱི་སྒོ་ནས་གཏན་ལ་ཕབ་སྟེ་བོད་ཡུལ་མུན་པའི་གླིང་དུ་རྒྱལ་བསྟན་སྣང་བའི་སྒྲོན་མེ་གཞིར་བཞེངས་སུ་སྦར། སད་མི་མི་བདུན་སོགས་རབ་ཏུ་བྱུང་སྟེ་དགེ་འདུན་གྱི་སྡེ་བཙུག །ཀློག་པའི་ཆོས་གྲྭ་ཆེན་པོ་བཅུ་གཉིས། སྒྲུབ་གྲྭ་ལ་མཆིམས་ཕུའི་གྲུབ་ཆེན་ཉེར་ལྔ། ཡང་རྫོང་གི་རྟོགས་ལྡན་ང་ལྔ། ཤེལ་བྲག་གི་སྔགས་པ་སུམ་ཅུ། ཡེར་པ་དང་ཆུ་བོ་རིའི་སྒོམ་ཆེན་བརྒྱ་རྩ་བརྒྱད། འོད་སྐུར་གཤེགས་པའི་མཁའ་འགྲོ་ཉེར་ལྔ་སོགས་གངས་ཅན་གྱི་ལྗོངས་ཐམས་ཅད་བསྟན་འཛིན་གྱི་སྐྱེས་བུས་མཛེས་པར་བྱས། ཁྱད་པར་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེ་ཐུན་མོང་མ་ཡིན་པ་མདོ་སྒྱུ་སེམས་གསུམ་དང་། སྒྲུབ་ [5a] སྡེ་སྤྱི་དང་བྱེ་བྲག་གི་རྒྱུད་ཟབ་ཅིང་རྒྱ་ཆེ་བ་མཐའ་ཡས་པ་ཞིག་བབས་སོ་བདུན་གྱི་སྒོ་ནས་སྤྱན་དྲངས་ཏེ་སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད་པ་སྟེ། ཕྱིས་ཇོ་བོ་རྗེས་བསམ་ཡས་ཀྱི་རྒྱ་དཔེ་རྣམས་གཟིགས་པ་ན་སྔར་མ་གསན་པའི་རྒྱུད་དུ་མ་གཟིགས་པས། འདི་དག་སློབ་དཔོན་པདྨས་མཁའ་འགྲོའི་གསང་མཛོད་སོགས་ལས་བླངས་པ་ཡིན་མཆི། དེང་སང་རྒྱ་གར་ན་དཔེ་ཙམ་ཡང་མི་སྣང་། བོད་དུ་གསང་སྔགས་ཀྱི་བསྟན་པ་དར་བ་འདྲ་བ་རྒྱ་གར་དུའང་མ་བྱུང་བ་འདྲ་ཞེས་བསྔགས་པར་མཛད། ཁྲི་སྲོང་གི་རྗེས་སུ་ལྷ་སྲས་སྐུ་མཆེད་ཀྱིས་ཀྱང་བསྟན་པ་བླ་ནས་བླར་སྤེལ་ཞིང་། རྒྱལ་རབས་གསུམ་པ་ཁྲི་རལ་པ་ཅན་གྱིས་སྔོན་ཡབ་མེས་ཀྱི་དུས་སུ་བསྒྱུར་བའི་གསུང་རབ་ཕལ་ཆེར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་དང་། བླ་སྒོ་དང་པོ་དགེ་འདུན་ལ་འབུལ་བ་སོགས་ཆབ་སྲིད་དམ་པའི་ཆོས་སུ་བསྒྱུར། དེ་ཡན་ཆད་ལ་བསྟན་པ་སྔ་དར་དུ་གྲགས། དེ་ནས་ཁྲི་རལ་གྱི་གཅུང་གླང་དར་མ་ལོག་པའི་སྨོན་ལམ་གྱི་དབང་གིས་ཐུགས་ལ་གདོན་གསོལ་ཏེ་བསྟན་པ་བསྣུབས་པ་ན། གསང་སྔགས་ཀྱི་བསྟན་པ་ནི་སྔགས་པ་གོས་དཀར་ལྕང་ལོ་ཅན་རྣམས་ཀྱིས་རི་སུལ་དག་ཏུ་བཟུང་ [5b] ཞིང་གནུབས་ཆེན་གྱི་ནུས་པས་རྒྱལ་པོ་སྡིག་ཅན་སྤ་བཀོང་བ་ལ་བརྟེན་ནས་བསྣུབས་པར་མ་ནུས་ཀྱང་། ཀློག་པའི་ཆོས་གྲྭ་རྣམས་ཀྱི་རྒྱུན་བཅད་ཅིང་རབ་ཏུ་བྱུང་བ་རྣམས་བསད་ཅིང་ཕབ་པ་སོགས་ཀྱིས་འདུལ་བ་འཛིན་པའི་དགེ་འདུན་གྱི་སྡེ་རྩ་མེད་དུ་བསྣུབས་ནས་བར་སྐབས་བོད་ཡུལ་ཆོས་ཀྱིས་ཕོངས་པའི་མུན་བསྐལ་དུ་གྱུར། འོན་ཀྱང་རྦ་རཏྣའི་མཁན་བུ་སྨར་གཡོ་གཙང་གསུམ་གྱིས་དམ་ཆོས་འདུལ་བའི་གླེགས་བམ་དྲེལ་ཁལ་གཅིག་བཀལ་ནས་ཁམས་སུ་བྲོས་ཏེ་བཞུགས་པ་ལས། ཕྱིས་བསྟན་པའི་ཉི་མ་བླ་ཆེན་དགོངས་པ་རབ་གསལ་གྱིས་སྡོམ་པ་བླངས་ཤིང་ནུས་པ་ཅན་ཀླུ་མེས་སོགས་མི་བཅུས་བསྟན་པ་སྔ་དར་གྱི་འདུལ་བའི་སྡོམ་རྒྱུན་དང་བཤད་རྒྱུན་སྤྱན་དྲངས་ཏེ་སླར་བོད་དུ་བསྟན་པ་ཕྱི་དར་གྱི་འགོ་ཚུགས། མངོན་པ་གོང་འོག་གཉིས་ལྷ་ལུང་དཔལ་རྡོར་གྱི་སློབ་མ་ཅོག་གྲུས་སེང་བཙུན་དབང་གཞོན་ལ་བཤད་པར་འགར་དང་ཞུ་སོགས་ནས་བརྒྱུད་དེ་བྲང་ཏི་ལ་བབས་པ་དང་། ཕ་རོལ་ཏུ་ཕྱིན་པའི་བཤད་སྒྲུབ་སྐ་ཅོག་ཞང་ནས་སྦས་རྒྱལ་བ་ཡེ་ཤེས་དང་གྲུམ་གཉིས་ནས་སེང་བཙུན་དབང་གཞོན་ལ་བརྒྱུད་དེ་འབྲེ་ཆེན་ཤེས་རབ་འབར་ལ་བཀའ་བབས་པ་སོགས་སྔ་འགྱུར་སྡེ་སྣོད་གསུམ་གྱི་བཤད་སྒྲུབ་རྒྱུན་མ་ [6a] ཆད་པར་སྐྱེས་བུ་དམ་པ་རྣམས་ཀྱིས་བཟུང་བས། དེ་ལས་བརྒྱུད་ནས་གངས་ཅན་གྱི་ལྗོངས་སུ་དགེ་འདུན་གྱི་སྡེ་དཔག་ཏུ་མེད་པར་དར། སྔ་འགྱུར་སྔགས་བཀའ་མ་མདོ་སྒྱུ་སེམས་གསུམ་དང་སྒྲུབ་སྡེའི་སྐོར་རྣམས་རྡོ་རྗེ་ཐེག་པའི་བསྟན་པ་ཐོག་མར་གཉགས་ལ་བབས། བར་དུ་གནུབས་ལ་བབས། མཐའ་མ་ཟུར་ལ་བབས་ཞེས་གྲགས་པ་ལྟར་ཆུ་བོ་བཞི་འདུས་ཀྱི་སྒོ་ནས་རིམ་པར་བརྒྱུད། རྫོགས་པ་ཆེན་པོ་ཐིག་ལེ་གསང་སྐོར་སྲོག་གི་དྭངས་མའི་ཚུལ་རྣམས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ལ་བཀའ་བབས་ཤིང་། མདོ་དང་སྒྱུ་འཕྲུལ་སྒྲུབ་སྡེ་ཕལ་མོ་ཆེ་ནི་ལོ་ཆེན་བེེ་རོ་ཙ་ནའི་སྤྲུལ་པའི་སྐུ་རིག་འཛིན་གཏེར་བདག་གླིང་པ་ལ་བཀའ་བབས་པ་སོགས་ནས་རིམ་བཞིན་བརྒྱུད་དེ་བོད་དང་བོད་ཆེན་པོའི་ལྗོངས་ཀུན་ཏུ་དུས་ཀྱི་ཐ་མ་དེང་སང་གི་བར་དུ་གདུལ་བྱའི་བསོད་ནམས་ཀྱི་ཉེར་འཚོར་གསལ་བཞིན་པ་འདི་ལྟ་བུ་སྟེ། དེ་དག་ནི་བོད་དུ་དམ་ཆོས་ཐོག་མར་དར་བ་སྔ་འགྱུར་བཀའ་མའི་ལོ་རྒྱུས་ས་བོན་ཙམ་མོ།། །། ༈ ད་ནི་དེ་དང་འབྲེལ་བར་ཟབ་མོ་གཏེར་གྱི་ལོ་རྒྱུས་མདོ་ཙམ་བརྗོད་ན། འཕགས་པ་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་གྱི་མདོ་ལས། [6b] དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར། རི་དང་། རི་སུལ་དང་། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་དང་། ཆུ་ཀླུང་རོལ་པའི་མདོ་ལས་ཀྱང་། ང་ཡི་བསྟན་པའི་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས། །ཡང་ན་ས་ཡི་སྙིང་པོ་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །དེས་དོན་དཀྲུག་པར་འགྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར། སྙིགས་མའི་དུས་སུ་བཀའ་མ་རྣམས་ཚོང་དུས་ཀྱི་འོ་མ་བཞིན་དབང་དང་གདམས་ངག་གི་བཀའ་འཆལ་ཞིང་། བརྒྱུད་པ་མང་པོས་བར་དུ་ཆོད་པས་དམ་ཚིག་གི་སེལ་དང་འདྲེས་ཁྱེར་གྱི་བསླད་ཞུགས་པ་མང་བས་བྱིན་རླབས་ཀྱི་བབས་སོ་ཉམས། དུས་ཀྱི་རྒུད་པ་མི་བཟད་པ་བདོ་བས་སྐྱེ་འགྲོ་རྣམས་སྡུག་བསྔལ་གྱི་རྦ་ལ་གཡེང་བར་མཁྱེན་ནས། གསང་སྔགས་ཀྱི་བསྟན་པ་མི་ནུབ་པ་དང་། སྙིགས་མའི་འགྲོ་བ་རྣམས་སྐྱོབ་པའི་ཆེད་དུ། ཨོ་རྒྱན་སངས་རྒྱས་གཉིས་པས་སྐུ་ཚབ་ལས་ཅན་གྱི་སྐྱེས་བུ་འབྱུང་བར་ལུང་བསྟན། གསུང་ཚབ་བླ་ [7a] གཏེར་ཐུགས་གཏེར་གྱིས་མཚོན་པའི་གཏེར་ཁའི་རིགས་བཅོ་བརྒྱད་སྦས། ཐུགས་ཀྱི་དགོངས་པ་རྗེ་འབངས་གྲོགས་གསུམ་སོགས་ལས་ཅན་གྱི་བུ་ལ་གཏད་དེ་སྨོན་ལམ་གཏད་རྒྱ་མཛད་ཅིང་། ཁྱད་པར་གཏེར་དུ་བཞུགས་པའི་ཟབ་ཆོས་ཕལ་མོ་ཆེ་མཁའ་འགྲོ་བརྡའི་ཡི་གེས་བཅིངས་པ་སྟེ། དེ་ནི་སྐལ་མཉམ་གྱི་གང་ཟག་ལས་གཞན་གྱིས་ཁྲོལ་མི་སྲིད་པས་ན། ཨོ་རྒྱན་ཆེན་པོའི་བཀའ་རྟགས་ཕྱག་རྒྱའི་རི་མོ་དངོས་ལ་ཐུག་པས་གང་ཟག་ཕལ་པའི་བརྒྱུད་པས་བར་དུ་མ་ཆོད་ཅིང་ཁུངས་བཙུན་པ་དང་། བརྡ་མ་བཅོས། ཚིག་མ་འཁྲུལ། དོན་མ་ནོར་བར་མཁའ་འགྲོ་གསང་བའི་བརྡ་བསྒྱུར་བས་གཞུང་ཟབ་ཅིང་བྱིན་རླབས་ཆེ་བ་དང་། སྐལ་བ་དང་མི་ལྡན་པའི་གང་ཟག་བློ་ཇི་ལྟར་སྒྲིན་ཀྱང་དམུས་ལོང་གིས་གླང་ཆེན་དཔྱད་པ་ལྟར་ཕྱོགས་ཙམ་ཡང་བརྟག་མི་བཟོད་པས་གཏེར་འབྱིན་སྐྱེས་བུ་ཉིད་ཕལ་པའི་སྤྱོད་ཡུལ་ལས་འདས་པར་ཡིད་ཆེས་པ་ཡིན་ལ། ཕྱི་རབས་གནས་དུས་སྨོན་ལམ་ཟབ་མོའི་རྟེན་འབྲེལ་དུས་ལ་བབས་པ་ན། རིག་འཛིན་སྤྲུལ་པའི་སྐྱེས་ཆེན་གཏེར་སྟོན་མཆོག་གཉིས། གླིང་པ་བརྒྱད། ནུས་ལྡན་ཉེར་གཅིག་སོགས་གཏེར་ཆེན་བརྒྱ་རྩ། གཏེར་ཕྲན་སྟོང་རྩའི་ཕྲེང་བ་རིམ་པར་བྱོན་ནས་ཟབ་མོའི་ [7b] ཆོས་མཛོད་ཆེན་པོ་དང་། མཐོང་གྲོལ་རྟེན་གསུམ། མྱོང་གྲོལ་དམ་རྫས་ལ་སོགས་པའི་སྒོ་འཕར་ཕྱེས་ཏེ་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རྨད་དུ་བྱུང་བ་སྤེལ་བས། སྙིགས་དུས་ཀྱི་རྩུབ་འགྱུར་ངན་པ་མཐའ་དག་ཕྱིར་བསྲིང་བ་དང་། དེང་སང་འདུལ་མདོའི་བསྟན་པ་མི་བཞུགས་པའི་གནས་སུའང་རྡོ་རྗེ་ཐེག་པའི་བསྟན་པ་ཁོལ་བུ་ཁོལ་བུར་མི་ནུབ་དར་ཞིང་རྒྱས་ཏེ་འགྲོ་བ་གདུལ་དཀའ་བ་མང་པོ་སྒྲོལ་བའི་ཕྲིན་ལས་རྒྱ་ཆེ་ཞིང་རྒྱུན་ཆགས་པ་འདི་ལྟ་བུའང་གསང་སྔགས་སྔ་འགྱུར་བའི་ཁྱད་པར་གྱི་ཆོས་སུ་གྲུབ་པ་ཡིན་ནོ། །། ། ༈ བོད་དུ་སངས་རྒྱས་ཀྱི་བསྟན་པ་གཅིག་ལ་གསར་རྙིང་གི་ལམ་སྲོལ་གཉིས་སུ་སྣང་བའི་རྒྱུ་མཚན་གང་ཞེ་ན། ལོ་ཆེན་རིན་ཆེན་བཟང་པོ་མ་བྱོན་གོང་གི་འགྱུར་རྣམས་ལ་སྔ་འགྱུར་རྙིང་མ་དང་། དེ་ཚུན་ཆད་ཀྱི་འགྱུར་རྣམས་ལ་ཕྱི་འགྱུར་གསར་མ་ཞེས་སུ་གྲགས། རྙིང་མ་ལའང་སྤྱིར་བཀའ་མའི་གཞུང་གིས་ཁོག་ཕུབ། གཏེར་མའི་མན་ངག་གིས་ཟུར་བརྒྱན་ཏེ་བཤད་སྒྲུབ་ཀྱི་སྲོལ་འཛིན་པ་ལས། བཀའ་བབས་ཀྱི་ཆུ་བོ་ཕྱོགས་མང་དུ་གྱེས་ཤིང་དུས་བབས་ཀྱི་ཟབ་ཆོས་ཕྱོགས་བཞི་དབུས་ལྔས་མཚོན་བའི་གཏེར་ཁ་ཐ་དད་པ་མང་བའི་དབང་གིས་ནང་གསེས་ལུགས་སྲོལ་ཤིན་ཏུ་མང་། [8a] གསར་མའི་ཕྱོགས་སུའང་རྒྱ་གར་གྱི་པཎ་གྲུབ། དེའི་ཐུགས་ཉམས་སུ་བསྟར་བའི་མན་ངག །བོད་ཀྱི་ལོ་ཙཱ་གདམས་ངག་ལེན་པ་པོ་བཅས་དུས་སྐབས་སྔ་ཕྱི་ཐ་དད་ཅི་རིགས་པར་བྱོན་པའི་སྟབས་ཀྱིས་རང་རང་གི་བཞེད་གཞུང་ལུགས་སྲོལ་ཀྱང་དེ་སྙེད་དུ་འཕེལ་བས་ནང་གསེས་མི་འདྲ་བ་མང་དུ་མཆིས་མོད། འོན་ཀྱང་སྔ་ཕྱི་ཡོངས་རྫོགས་ཀྱི་རྩ་བའི་བཀའ་སྲོལ་གཙོ་ཆེ་བ་ནི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དུ་གྲགས་པ་སྟེ། ༈ དེ་ལས་དང་པོ་སྔ་འགྱུར་ནི། གསང་སྔགས་རྙིང་མ་ཞེས་པའི་ཆོས་ཀྱི་མཚན་གཞི་མཁན་སློབ་ཆོས་གསུམ་གྱི་དུས་སུ་བསྒྱུར་བཤད་གཏན་ལ་ཕབ་པའི་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་ལ་བྱ་སྟེ། དེའི་བབས་ཚུལ་གོང་དུ་བསྟན་པ་སྔ་དར་གྱི་སྐབས་སུ་སྨོས་ཟིན་པ་ལྟར་ལ། རིང་ལུགས་འདིས་གཙོ་བོར་རྟོགས་པའི་བསྟན་པ་སྒྲུབ་པ་ཁོ་ན་ལ་རྩལ་དུ་འདོན་པས་གྲུབ་པ་བརྙེས་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱོན་དང་འབྱོན་བཞིན་པ་དང་། གདོས་བཅས་འཇའ་ལུས་འོད་ཀྱི་ཕུང་པོར་དེངས་པ་དེང་སང་གི་བར་དུ་ཇི་སྙེད་པ་བྱུང་བ་ཡིན་ནོ། །། །གཉིས་པ་བཀའ་གདམས་ནི། འདི་མན་ཆད་ཀྱི་ཤིང་རྟ་བདུན་པོ་ཕྱི་འགྱུར་གསར་མའི་ཕྱོགས་སུ་གཏོགས་པ་སྟེ། [8b] ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་འཕགས་ཡུལ་ནས་དཔལ་ལྡན་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་སྤྱན་དྲངས། དེ་ཉིད་ཀྱིས་དབུ་མའི་ལྟ་བ་དང་འདུལ་བའི་སྤྱོད་པ་གཙོར་སྟོན། གཞུང་ལུགས་གདམས་ངག་དང་འབྲེལ་བ་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་སྐྱེས་བུ་གསུམ་གྱི་རིམ་པ་ཡོངས་སུ་རྫོགས་པའི་བསྟན་བཅོས་ཆེན་པོ་མཛད་ནས་དམ་པའི་ཆོས་ཀྱི་སྒོ་མོ་མཐའ་དག་དེའི་ནང་དུ་འདུས་པར་བསྟན། སློབ་མ་མཐའ་ཡས་པ་བྱོན་པ་རྣམས་ཀྱི་ནང་ནས་གཙོ་བོར་གྱུར་པ་དབུས་ཀྱི་ཁུ་རྡོག་འབྲོམ་གསུམ་དང་། ལྷག་པར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ཁྱད་པར་འཕགས་པའི་ལྷ་བཞི་དང་། ཆོས་སྡེ་སྣོད་གསུམ་སྟེ་ལྷ་ཆོས་བདུན་ལྡན་གྱི་སྒོ་ནས་བསྟན་པ་བསྐྱངས་པས་བཀའ་གདམས་རིན་པོ་ཆེ་ཞེས་ཡོངས་སུ་གྲགས། འབྲོམ་གྱི་སློབ་མ་སྐུ་མཆེད་གསུམ་དུ་གྲགས་པ་ལ་གཞུང་གདམས་ངག་མན་ངག་གི་བཀའ་སྲོལ་ཆེན་པོ་གསུམ་གྱི་བཀའ་བབས་ནས། དེ་གསུམ་གྱི་བརྒྱུད་འཛིན་འཕགས་ཆེན་བྱང་སེམས་ཕྱིར་མི་ལྡོག་པའི་ས་ལ་གནས་པ་དུ་མ་བྱོན་ནས་འཁྲུལ་པ་མེད་པའི་བྱང་ཆུབ་ཀྱི་ལམ་བཟང་སྤེལ་ཞིང་གསལ་བར་མཛད་པས་གངས་ཅན་གྲུབ་མཐའ་ཡོངས་ལ་ཁྱབ་པར་ [9a] གྱུར་མོད། ཕྱི་དུས་རང་རྐང་འཛིན་པའི་སྡེ་ཅུང་ཟད་འགྲིབ་པ་ལྟར་སྣང་བ་ན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་བཀའ་གདམས་གཞུང་པའི་ལུགས་ཀྱི་བཤད་སྲོལ་གཙོར་བཏོན། ལུགས་གསུམ་གྱི་ཟབ་དོན་མན་ངག་ཏུ་དྲིལ་བ་བྱང་ཆུབ་ལམ་རིམ་ཆེན་མོ་མཛད་པ་ལ་གདམས་པའི་སྲོག་ཏུ་འཛིན་པ་བཀའ་གདམས་གསར་མ་སྟེ། ད་ལྟ་དགེ་ལྡན་པར་ཡོངས་སུ་གྲགས་པ་འདི་བྱུང་བ་ཡིན་ལ། སྔགས་ཕྱོགས་སུ་གསང་བདེ་འཇིགས་གསུམ་གཙོ་བོར་གྱུར་པའི་ཕྱི་འགྱུར་གྱི་རྒྱུད་སྡེ་རྣམས་ཀྱི་བཀའ་སྲོལ་སྐྱོང་ཞིང་། འཁོར་དག་པ་རྣམ་བརྒྱད་སོགས་རྗེའི་སློབ་མ་སྡེ་སྣོད་འཛིན་པ་དགོན་སྡེ་ཐེབས་པའང་བརྒྱ་དང་བཞི་བཅུ་ལྷག་ཙམ་བྱོན་པས་མཚོན་ཆོས་བརྒྱུད་ཀྱི་ཕྲིན་ལས་གངས་ཅན་ཙམ་དུ་མ་ཟད། རྒྱ་ཧོར་སོགས་ཕྱོགས་ཀྱི་ཐ་གྲུ་ཕལ་མོ་ཆེར་ཁྱབ་པར་བརྡལ། རིང་ལུགས་འདིས་གཙོ་བོར་བཤད་པ་ལ་བརྟེན་ནས་རྒྱལ་བསྟན་རིན་པོ་ཆེ་གསལ་བར་མཛད་པའི་ཕྱིར་ལུང་གི་བསྟན་པ་ལ་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན་ནོ། ༈ གསུམ་པ་ལམ་འབྲས་ནི། གསང་སྔགས་ཕྱི་དར་གྱི་སྐབས་སུ་བླ་ཆེན་འབྲོག་ [9b] མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ལ་བཀའ་བབས་པ་ཀྱཻ་རྡོ་རྗེའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་གྲུབ་ཆེན་བི་རཱུ་པ་དང་མཚོ་སྐྱེས་ཞབས་སོགས་ལམ་སྲོལ་དགུའི་གདམས་བཅུད་དང་། མཁས་པ་སྒོ་དྲུག་གི་ཆོས་འབྲེལ་རྩ་བ་མེད་པ། ཕྱིས་སུ་ས་ཆེན་ཀུན་དགའ་སྙིང་པོ་ལ་ཉེ་བརྒྱུད་དུ་བྱུང་བའི་ལམ་སྦས་བཤད་དང་། གྲགས་པ་རྒྱལ་མཚན་གྱི་བརྡ་དོན་གསལ་བ་སོགས་གདམས་ངག་ཐམས་ཅད་ཀྱི་གཙོ་བོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཡི་གེ་དྲུག་ཅུ་མན་ངག་ཕྲ་མོ་དང་བཅས་པ་ལ་དེང་སང་ལམ་འབྲས་ཞེས་ཡོངས་སུ་གྲགས་པ་སྟེ། འབྲོག་མིའི་སློབ་བརྒྱུད་ལས་རིམ་པར་བརྒྱུད་སྲོལ་བཅོ་བརྒྱད་ཙམ་དུ་གྱེས་ཤིང་དེ་ལས་ཀྱང་གཙོ་བོར་ས་སྐྱ་བ་ལ་བཀའ་བབས་པ་བཞིན་འཇམ་དཔལ་དབྱངས་ས་སྐྱ་པཎ་ཆེན་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་གདུང་བརྒྱུད་རིན་པོ་ཆེའི་ཕྲེང་བ་དང་། ངོར་ཆེན་ཀུན་དགའ་བཟང་པོ། ཚར་ཆེན་བློ་གསལ་རྒྱ་མཚོ་སོགས་སློབ་བརྒྱུད་མཁས་གྲུབ་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་ཚོགས་བཤད་དང་སློབ་བཤད་སོགས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པ་དགྱེས་པ་རྡོ་རྗེའི་བསྐྱེད་རྫོགས་ཀྱི་ཕྲིན་ལས་ད་ལྟའི་བར་དུ་མི་ཉམས་དར་རྒྱས [10a] སུ་བཞུགས་སོ། ༈ བཞི་པ་བཀའ་བརྒྱུད་ནི། ཌོམ་བི་ཧེ་རུ་ཀའི་རྣམ་འཕྲུལ་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཉིད་འཕགས་ཡུལ་དུ་ལན་གསུམ་བྱོན། ནཱ་རོ་པ་གཙོ་བོར་གྱུར་པའི་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་བདེ་དགྱེས་གསང་གསུམ་གཙོས་རྒྱུད་སྡེ་དུ་མའི་དབང་བཤད་གདམས་ངག་སྙན་བརྒྱུད་དང་བཅས་པ་གསན་ཅིང་། ཁྱད་པར་ནཱ་རོ་པ་དང་མེ་ཏྲི་པ་གཉིས་ཀྱིས་བྱང་ཕྱོགས་ཁ་བ་ཅན་འདུལ་བའི་རྒྱལ་ཚབ་ཏུ་དབང་བསྐུར་བ་བརྙེས་པ་དེ་ལ་སློབ་ཚོགས་མཐའ་ཡས་པ་བྱོན་པའི་གཙོ་བོར་ཀ་ཆེན་བཞིའི་རྔོག་མཚུར་མེས་གསུམ་ལ་བཤད་པའི་བཀའ་བབས་ཤིང་བརྒྱུད་འཛིན་བུ་སློབ་ཀྱང་མང་དུ་འཕེལ་ཏེ་ཕྲིན་ལས་རྒྱ་ཆེ་བ་བྱུང་། ལྷག་པར་རྗེ་བཙུན་མི་ལ་རས་པ་ལ་སྒྲུབ་བརྒྱུད་ཀྱི་བཀའ་བབས་ཏེ་སྐུ་ཚེ་དེ་ཉིད་ལ་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་ནས་མི་དང་མི་མ་ཡིན་པའི་འགྲོ་བ་ཚད་མེད་པ་བཏུལ་ཞིང་། མཚན་ཡོངས་སུ་གྲགས་པའི་སློབ་མ་མང་དུ་བྱོན་པའི་ནང་ནས་གཙོ་བོ་སྙན་བརྒྱུད་འཛིན་པའི་ཐུགས་སྲས་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་དང་། ཉི་མ་ལྟ་བུ་མཉམ་མེད་དྭགས་པོ་ལྷ་རྗེ་སྟེ། རས་ཆུང་པས་རྒྱ་གར་ནས་ལུས་མེད་མཁའ་འགྲོའི་ཆོས་སྐོར་ཕྱི་མ་སྤྱན་དྲངས་ [10b] ཤིང་སྙན་བརྒྱུད་ཀྱི་བཀའ་ཀར་འབྲུག་གཉིས་ལ་བབས་པ་དང་། ཚེ་དཔག་མེད་འགྲོ་དོན་གྱི་ཤམ་བུ་ཅན་ས་ཀར་དགེ་གསུམ་ཐམས་ཅད་ལ་ཁྱབ། དྭགས་པོ་རིན་པོ་ཆེ་ནི་རྒྱལ་བས་ལུང་བསྟན་དགེ་སློང་འཚོ་བྱེད་ཅེས་ཡོངས་སུ་གྲགས་པ་ལྟར་མཐོང་ཐོས་དྲན་རེག་ཐམས་ཅད་ད་ལྟའི་བར་དུ་རྒྱུད་སྨིན་གྲོལ་དུ་མཛད་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་ཅིང་། སློབ་མ་ལས་ཅན་དགྲ་བཅོམ་པ་ལྟ་བུ་ལྔ་བརྒྱ་སོགས་མཐའ་ཡས་པ་ལས། གཙོ་བོ་ཐུགས་སྲས་ཁམས་པ་མི་གསུམ་སོགས་ལས་བུ་སློབ་དང་ཡང་སློབ་རིམ་པར་གྱེས་ཏེ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པ་རྣམས་བྱུང་ཞིང་། དེ་རྣམས་རེ་རེ་ལའང་། ཆོས་བརྒྱུད། གདན་ས། ཕྲིན་ལས་ཀྱི་ཆེ་བ་བློས་གཞལ་བར་དཀའ་བའི་གྲུབ་ཐོབ་ཀྱི་ཚང་ཆེན་པོ་བརྡོལ། འབྲུག་པ་བཀའ་བརྒྱུད་གཅིག་ལ་མཚོན་ནའང་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་ཁྱབ་བྱུང་ཞིང་། ད་ལྟའི་བར་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཅེས་རྟོགས་པའི་བསྟན་པ་སྒྲུབ་པས་འཛིན་པ་ལ་རིང་ལུགས་འདི་གྲུབ་མཐའ་ཀུན་ལས་ཁྱད་པར་དུ་གྱུར་པའོ། ། ༈ ལྔ་པ་ཤངས་པ་བཀའ་བརྒྱུད་ནི། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཞེས་བྱ་བས་འཕགས་ཡུལ་ནས་ཡེ་ཤེས་ [11a] ཀྱི་ཌཱ་ཀི་གཉིས། ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ། རྩ་བའི་བླ་མ་རྣམ་བཞི་སོགས་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་ཆོས་ཀྱི་མཛོད་མ་ལུས་པ་གསན་ཏེ། བོད་ཀྱི་གཙང་གཡས་རུ་ཤངས་ཀྱི་ཞང་ཞང་དུ་གདན་ས་མཛད་པས་བླ་མ་ཤངས་པ་དང་བརྒྱུད་འཛིན་རྣམས་ལ་ཤངས་པ་བཀའ་བརྒྱུད་དུ་གྲགས། དེ་ལ་སྔ་བུ་ལྔ་དང་ཕྱི་བུ་གཅིག་དང་དྲུག་གིས་གཙོས་བཤེས་གཉེན་ཁྲི་ཁྲག་བཅོ་བརྒྱད་སོགས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་དུ་མཛད་པ་ལས། རིན་ཆེན་བདུན་བརྒྱུད་སྔ་ཕྱི་ལས་རིམ་པར་སློབ་བརྒྱུད་མང་དུ་གྱེས་ཤིང་བཀའ་སྲོལ་བར་མ་ཆད་པའི་རིང་བརྒྱུད་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོར་མཁའ་འགྲོ་ནི་གུ་མས་དངོས་སུ་གནང་བའི་བཀའ་བབས་སྔ་ཕྱི་བར་གསུམ་གྱི་ཉེ་བརྒྱུད། ཡེ་ཤེས་ཌཱ་ཀིས་འཇམ་མགོན་ཀུན་དགའ་གྲོལ་མཆོག་རྗེས་སུ་བཟུང་བའི་ངོ་མཚར་ཤིན་ཏུ་ཉེ་བརྒྱུད་བཅས། རྩ་བ་ཤངས་པའི་སྙན་བརྒྱུད་ཀྱི་གསེར་ཆོས་གཙང་མ་ལ། གདམས་ངག་རྣོ་སོ་ཉེ་བརྒྱུད་མཁའ་འགྲོའི་ཁ་རླངས་ཅན་གྱིས་ཟུར་བརྒྱན་པ་ཟབ་དོན་ཐང་བརྡལ་མ་སོགས་གསང་བདག་སྒྲོལ་མགོན་ཞབས་ཀྱི་བཀའ་སྲོལ་ཁྱད་པར་ཅན་གྱི་ཕྲིན་ལས་མ་ཉམས་པར་བཞུགས་སོ། ། ༈ དྲུག་པ་ཞི་བྱེད་ནི། [11b] འཕགས་ཡུལ་གྱི་གྲུབ་ཆེན་ཀ་མ་ཤཱི་ལའམ་བོད་དང་རྒྱ་གར་ཏུ་ཕ་དམ་པ་སངས་རྒྱས་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་བོད་དུ་ལན་ལྔར་ཕེབས་ཏེ། གང་ཟག་སོ་སོའི་ཁམས་དང་དབང་པོ་ཇི་བཞིན་དུ་གཟིགས་པས་དེ་དག་དང་མཐུན་པའི་གདམས་ངག་སྣ་རེས་གྲོལ་བར་མཛད་པས་གཞུང་དང་ལུགས་སྲོལ་གཅིག་ཏུ་མ་ངེས་མོད་ཀྱང་། གཙོ་བོར་གཞུང་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་དང་། ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་སོགས་ལ་བརྟེན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས་ལས་ཅན་གནམ་གྱི་སྐར་མའི་གྲངས་ལྟ་བུའི་འགྲོ་བ་མང་པོ་བསྒྲལ་བར་མཛད་པའི་ཆོས་དེ་ལ་སྤྱི་མིང་སྒེར་དུ་ཆགས་ཏེ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་སུ་གྲགས། བརྒྱུད་པ་སྔ་ཕྱི་བར་གསུམ་བྱུང་ཞིང་བཀའ་བབས་རྣམས་ཀྱིས་རྒྱ་ཆེར་སྤེལ་བས་ཕྲིན་ལས་ཀྱི་རྒྱུན་མ་ནུབ་པར་མཆིས། དེ་དང་འབྲེལ་བ་ངོ་བོ་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པའི་གདམས་པ་དམ་ཆོས་བདུད་ཀྱི་གཅོད་ཡུལ་ཅེས་བྱ་བ། ཕ་དམ་པས་སྐྱོ་ཤཱཀྱ་ཡེ་ཤེས་དང་ཡར་ལུང་སྨ་ར་སེར་པོ་ལ་མདོ་ལུགས་རང་རྐང་གི་གཅོད། ཨཱརྻ་དེ་བའི་གཞུང་ཆུང་ལྔ་བཅུ་པའི་དོན་གདམས་ངག་བྲུལ་ཚོ་དྲུག་པ་ཞེས་བྱ་བ་གནང་བ་སྨྱོན་པ་བེ་རེ་སོགས་ནས་བརྒྱུད་པ་ཕོ་གཅོད་དུ་གྲགས་པ་དང་། མ་གཅིག་ [12a] ལབ་སྒྲོན་གྱིས་ཤེར་ཕྱིན་གྱི་དགོངས་དོན་ཉིད་ཀྱི་དགོངས་ཉམས་ལས་འཁྲུངས་པའི་རྟོགས་ཆོས་གཅོད་ཡུལ་ཞེས་ཡོངས་སུ་གྲགས་པའི་ལམ་སྲོལ་རྒྱ་ཆེར་ཕྱེས་ཏེ་གཞུང་གདམས་ངག་བསམ་གྱིས་མི་ཁྱབ་པ་མཛད་པའི་རྒྱུན་ལ་མོ་གཅོད་ཅེས་བྱ་སྟེ། ཞལ་སློབ་བུ་ཆེན་དྲུག་ཅུ་གཙོ་བོར་གྱུར་པའི་གྲུབ་ཐོབ་ཕོ་མོ་བརྒྱ་རྩ་བརྒྱད་ལ་སོགས་པ་སློབ་ཚོགས་རྣམས་ཀྱིས་སྤེལ་ཞིང་བཟུང་བས་ད་ལྟའི་བར་དུ་འགྲོ་དོན་ཕྲིན་ལས་རྒྱུན་མ་ཆད་པ་ཉིད་དོ། ། ༈ བདུན་པ་རྡོ་རྗེའི་རྣལ་འབྱོར་ནི། དུས་འཁོར་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་སོགས་སྔགས་རྒྱུད་རྒྱས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་གསལ་བར་བསྟན་པའི་རྫོགས་རིམ་ཐམས་ཅད་ཀྱི་སྙིང་བཅུད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་དང་འབྲེལ་བའི་སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ་བླ་མེད་ནས་གསུངས་པའི་རིམ་གཉིས་ཐམས་ཅད་ཀྱི་སྐྱེལ་སོ་སྟེ། ཟླ་བ་བཟང་པོ་སོགས་ཆོས་རྒྱལ་བདུན་དང་། འཇམ་དཔལ་གྲགས་པ་སོགས་རྡོ་རྗེའི་རིགས་ལྡན་རྣམས་ཀྱིས་ཞལ་ལུང་དུས་ཞབས་པ་ཆེ་ཆུང་སོགས་ནས་བརྒྱུད་དེ། བོད་དུ་སྔོན་བྱོན་བཞི། བར་བྱོན་ལྔ། ཕྱིས་བྱོན་གཉིས་སུ་གྲགས་པ་གཙོ་བོར་གྱུར་པའི་ལུགས་སྲོལ་ཉི་ཤུ་ཐམ་པའི་རྒྱུན་ཀུན་སྤང་ཐུགས་རྗེ་བརྩོན་ [12b] འགྲུས་ལ་འདུས་ཤིང་། གཞན་ཡང་གོ་བྲག་པ་སོགས་ལུགས་གཞན་མང་པོའང་བྱུང་བ་དང་བཅས་ཐམས་ཅད་ཀྱི་བཀའ་ཀུན་མཁྱེན་དོལ་པོ་པ་དང་། རྗེ་བཙུན་སྒྲོལ་མགོན་ཞབས་ལ་བབས་ཏེ་ཤིང་རྟའི་ལམ་སྲོལ་ཕྱེས་པ་ནས་བཟུང་ད་ལྟའི་བར་དུ་སྒྲུབ་བརྒྱུད་འདིའི་བསྟན་པ་མ་ཉམས་པར་བཞུགས་བཞིན་པའོ། ། ༈ བརྒྱད་པ་རྡོ་རྗེའི་བསྙེན་སྒྲུབ་ནི། གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་དེ་ཉིད་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་བྱོན་ནས་རྡོ་རྗེ་རྣལ་འབྱོར་མ་དངོས་ལས་གསན་པ་བསྙེན་སྒྲུབ་སྒྲུབ་ཆེན་གསུམ་གྱི་མན་ངག་ལ་བརྟེན་ནས་བརྩོན་འགྲུས་ཅན་ཚེ་གཅིག་ལ་སྐུ་གསུམ་མངོན་དུ་བྱེད་པའི་གདམས་པ་ཟབ་མོ་སྟེ། བོད་དུ་བྱོན་ནས་མཁའ་འགྲོའི་ལུང་བཞིན་རིན་པོ་ཆེ་མཁར་ཆུང་བ་ལ་གནང་བ་ནས་བརྒྱུད་པ་རིམ་པར་འཕེལ་ཞིང་ཀུན་མཁྱེན་རང་བྱུང་རྡོ་རྗེས་གདམས་ངག་གི་གནད་གསལ་བར་མཛད་དེ། སློབ་རྒྱུད་དང་བཅས་པས་རྒྱ་ཆེར་སྤེལ་བས་ད་ལྟའི་བར་དུ་བཀའ་སྲོལ་གྱི་རྒྱུན་མ་ཉམས་པར་བཞུགས་པ་ཡིན་ནོ། ། ༈ ད་ནི་ཐེག་པ་ཆེ་ཆུང་དང་མདོ་སྔགས་ཀྱི་རྣམ་གཞག་སྐོར་ས་བོན་ཙམ་སྨོས་ན། ནང་པ་སངས་རྒྱས་པའི་ཆོས་ལ་ཐེག་དམན་དང་། ཐེག་ཆེན་གཉིས་སུ་ཡོད་ [13a] པ་ལས། དང་པོ་ཐེག་དམན་ལའང་ཉན་རང་གཉིས་ལས། དང་པོ་ཉན་ཐོས་ནི། སློབ་དཔོན་གཞན་ལ་བརྟེན་ཞིང་དེ་ལས་ཐོས་པ་དག་ཡུལ་གཞན་ལ་སྒྲོག་པས་ཐོས་སྒྲོག་གམ་ཉན་ཐོས་ཞེས་བྱ། འཇུག་པའི་སྒོ་ནི། ཤེས་བྱ་སྡུག་བསྔལ་བདེན་པ། སྤང་བྱ་ཀུན་འབྱུང་བདེན་པ། ཐོབ་བྱ་འགོག་པའི་བདེན་པ། བརྟེན་བྱ་ལམ་གྱི་བདེན་པ་སྟེ་འཕགས་པའི་བདེན་པ་བཞི་ལ་བརྟེན་ནས་འཇུག །བསྲུང་བྱའི་སྡོམ་པ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླང་བ་གཞན་གནོད་གཞིར་བཅས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་སོ་སོར་ཐར་པའི་ཚུལ་ཁྲིམས་བསྲུང་། རྟོགས་བྱའི་ལྟ་བ་གང་ཟག་གི་བདག་མེད་གཙོ་བོར་རྟོགས། ཐོབ་བྱའི་འབྲས་བུ་འགོག་པའི་མྱང་འདས་དགྲ་བཅོམ་པའི་གོ་འཕང་ཐོབ་པའོ། ། ༈ གཉིས་པ་རང་རྒྱལ་ནི། སློབ་དཔོན་གཞན་ལ་མ་ལྟོས་པར་རང་གི་བྱང་ཆུབ་རང་གི་ཤེས་རབ་ཀྱི་རྩལ་གྱིས་མངོན་དུ་བྱེད་པས་ན་རང་རྒྱལ་ཅེས་བྱ། འཇུག་པའི་སྒོ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཇུག །བསྲུང་བྱའི་སྡོམ་པ་སོ་ཐར་གྱི་ཚུལ་ཁྲིམས་ཉན་ཐོས་དང་མཚུངས། རྟོགས་བྱའི་ལྟ་བ་གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ་ཆོས་ཀྱི་བདག་ [13b] གི་ཕྱོགས་གཅིག་བཟུང་བའི་དོན་རང་བཞིན་མེད་པར་རྟོགས། ཐོབ་བྱའི་འབྲས་བུ་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་གཉིས་ཏེ་ཉན་ཐོས་དང་འདྲ་བ་ལས། བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་གཉིས་སུ་དབྱེར་ཡོད་དོ། ། ༈ གཉིས་པ་ཐེག་ཆེན་ལ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ལས། དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ནི། ཐེག་པ་འདིར་ཞུགས་ན་སངས་རྒྱས་སུ་བགྲོད་པར་བྱེད་པའི་སྟོབས་ཡོད་པ་དང་། ཤེས་རབ་རྒྱ་ཆེ་ཞིང་སྤྱོད་ཡུལ་ཡངས་པ་དང་། མངོན་མཐོའི་དགའ་བ་དང་ངེས་ལེགས་ཀྱི་བདེ་བ་ཐམས་ཅད་ཐོབ་པར་བྱེད་པས་ན་ཐེག་པ་ཆེན་པོ་ཞེས་བྱ། འཇུག་པའི་སྒོ་བདེན་པ་གཉིས་ཀྱི་སྒོ་ནས་ལྟ་སྤྱོད་དམ་ཐབས་ཤེས་སམ་ཚོགས་གཉིས་ཟུང་དུ་འབྲེལ་བའི་ཚུལ་གྱིས་འཇུག །བསྲུང་བྱའི་སྡོམ་པ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོགས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། དགེ་བའི་ཆོས་སྡུད་ཅིང་སེམས་ཅན་སྨིན་པར་བྱ་བ་སོགས་ལྷག་པ་སེམས་ཀྱི་བསླབ་པ་དང་། མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཏེ་རྣམ་པར་རྟོག་པ་མེད་པར་ལྷུན་གྱིས་གྲུབ་པ་དང་རྗེས་ཐོབ་སྒྱུ་མ་ལྟ་བུར་སྤྱོད་པ་ལྷག་པ་ཤེས་རབ་ཀྱི་བསླབ་ [14a] པ་ལ་སློབ། རྟོགས་བྱའི་ལྟ་བ་ནི་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཆུ་ཟླ་ལྟར་མེད་བཞིན་དུ་སྣང་བ་དང་། དོན་དམ་པར་སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བའི་ཚུལ་གྱིས་བདེན་པ་གཉིས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་རྟོགས། ཐོབ་བྱའི་འབྲས་བུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མྱང་འདས་ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་ལས་རང་དོན་དུ་ཆོས་ཀྱི་སྐུ་དང་། གཞན་དོན་དུ་གཟུགས་ཀྱི་སྐུ་གཉིས་མངོན་དུ་གྱུར་པའོ། ། ༈ གཉིས་པ་འབྲས་བུ་རྡོ་རྗེ་ཐེག་པ་ནི། མདོ་སྔགས་གཉིས་ཀྱི་མཐར་ཐུག་གི་འབྲས་བུ་དོན་དུ་གཉེར་བྱ་མི་གནས་པའི་མྱང་འདས་ཙམ་དུ་གཅིག་ཀྱང་། ལམ་གྱི་འཇུག་སྒོ་ཐབས་ཀྱི་ཆ་ལ་མ་རྨོངས་པ་དང་། གདུལ་བྱའི་དབང་པོ་དང་མཐུན་པར་དབྱེ་སྒོ་མཐའ་ཡས་པའི་ཕྱིར་ཐབས་མང་བ་དང་། དེའང་དཀའ་ཐུབ་སོགས་ལ་མ་ལྟོས་པར་རང་གི་ཇི་ལྟར་འདོད་པ་བཞིན་སྤྱོད་སྒོ་ཡངས་པས་ཚེགས་ཆུང་ཞིང་དཀའ་བ་མེད་པ་དང་། གདུལ་བྱ་དབང་པོ་རྣོན་པོའི་དབང་དུ་བྱས་པ་སྟེ་ཁྱད་པར་བཞིའི་སྒོ་ནས་འཕགས་པ་ཡིན་ལ། དེ་ཡང་གདུལ་བྱ་སོགས་ལ་དགོངས་ཏེ་རྒྱུད་སྡེ་བཞིར་དབྱེ་རུ་ཡོད་པ་ལས། དང་པོ་བྱ་ [14b] རྒྱུད་ནི། ཕྱིའི་ཀུན་སྤྱོད་ཁྲུས་དང་གཙང་སྦྲ་སོགས་གཙོ་བོར་སྟོན་པའི་སྒོ་ནས་སྔགས་ཀྱི་སྤྱད་པ་སྤྱོད་པའི་ཕྱིར་བྱ་བའི་རྒྱུད་ཅེས་བྱ་སྟེ། ནང་གསེས་སུ་རིགས་དྲུག་ཏུ་དབྱེ། འཇུག་པའི་སྒོ་ནི་ཆུ་དང་ཅོད་པན་གྱི་དབང་གིས་ཆོས་སྐུ་དང་གཟུགས་སྐུའི་ནུས་པ་བཞག་པའི་སྨིན་བྱེད་ནོད་དེ་རང་གཞུང་ནས་བཤད་པའི་དམ་ཚིག་རྣམས་བསྲུང་། ལམ་མངོན་རྟོགས་ནི་མདུན་བསྐྱེད་ཀྱི་ལྷ་རྗེ་དང་བདག་ཉིད་ཁོལ་པོའི་ཚུལ་གྱིས་མཆོག་དམན་དུ་ལྟ་བས་བསྙེན་པ་མཐར་ཕྱིན་ནས། དངོས་གྲུབ་བསྒྲུབ་པས་སྒྲུབ་བྱེད་དང་མཐུན་པར་རིགས་གསུམ་གང་ཡང་རུང་བའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའོ། ། ༈ གཉིས་པ་སྤྱོད་རྒྱུད་ནི། ཕྱི་ལུས་ངག་གི་བྱ་བ་དང་། ནང་སེམས་ཀྱི་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པས་ན་སྤྱོད་པའི་རྒྱུད་ཅེས་བྱ་སྟེ། ནང་གསེས་སུ་སྐུ་གསུང་ཐུགས་གསུམ་དུ་དབྱེ། འཇུག་པའི་སྒོ་དབང་ནི་ཕྱི་འཇུག་ཆུ་སོགས་དབང་ལྔ་ནོད་དེ་རང་ལུགས་ཀྱི་རྩ་ལྟུང་ཡན་ལག་བཅས་བསྲུང་། ལམ་མངོན་རྟོགས་ནི་ལྷ་དང་བདག་སྤུན་ནམ་གྲོགས་པོའི་ཚུལ་ཙམ་དུ་བལྟས་ཏེ་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་གཉིས་ལ་གོམས་པར་བྱས་པ་ལས། དབང་པོའི་རིམ་པ་ [15a] བཞིན་རིག་པ་འཛིན་པའི་ལུས་ཀྱིས་རྣམ་སྣང་ཆེན་པོའི་གོ་འཕང་མངོན་དུ་བྱེད་པའོ། ། ༈ གསུམ་པ་རྣལ་འབྱོར་རྒྱུད་ནི། ནང་ཐབས་ཤེས་ཀྱི་རྣལ་འབྱོར་སྒོམ་པ་གཙོ་བོར་གྱུར་པས་ན་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་སྟེ། ནང་གསེས་སུ་རིགས་ལྔ་སོགས་སུ་དབྱེ། འཇུག་སྒོ་དབང་ནི་དལ་དུ་ཞུགས་ཏེ་སློབ་མའི་དབང་ལྔ་དང་སློབ་དཔོན་གྱི་དབང་བསྐུར་དྲུག་ནོད་ནས་དམ་ཚིག་སྡོམ་པ་གཞུང་བཞིན་དུ་བསྲུང་། ལམ་མངོན་རྟོགས་ནི་ཕྱག་རྒྱ་བཞི་དང་འབྲེལ་བའི་ལྷའི་རྣལ་འབྱོར་བསྒོམ་པ་སོགས་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ཟབ་མོ་ཉམས་སུ་བླངས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཡེ་ཤེས་ལྔའི་ངོ་བོར་འཚང་རྒྱ་བའོ། ། ༈ བཞི་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ། གསར་མའི་ཕྱོགས་སུ་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་གསུམ་དུ་དབྱེ་ཞིང་། རྙིང་མའི་ཕྱོགས་སུ་བྱ་སྤྱོད་རྣལ་འབྱོར་གསུམ་དཀའ་ཐུབ་རིགས་བྱེད་ཀྱི་ཐེག་པ་ཞེས་སྤྱི་རྒྱུད་དུ་བཞག་ནས། འདིར་རྒྱུད་མ་ཧཱ། ལུང་ཨ་ནུ། མན་ངག་ཨ་ཏི་ཡོ་ག་གསུམ་ལ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ནང་རྒྱུད་སྡེ་གསུམ་ཞེས་སྟོན་པ་སྟེ། གདུལ་ [15b] བྱ་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བའི་དོན་དུ་སྣང་བ་ཐབས་ཀྱི་རང་བཞིན་ཕ་རྒྱུད་མ་ཧཱ་ཡོ་ག །འདོད་ཆགས་ཤས་ཆེ་ཞིང་སེམས་གནས་པ་ལ་དགའ་བའི་དོན་དུ་སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མ་རྒྱུད་ཨ་ནུ་ཡོ་ག །གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ལྷོད་པ་ཅན་གྱི་དོན་དུ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་ཡོ་ག་བསྟན་པ་ཡིན་ཅིང་། འདི་དག་གི་གནད་ཞིབ་པར་གསང་སྒྲོག་ཏུ་འགྱུར་ཕྱིར་འདིར་མ་སྤྲོས་པས་རྟོགས་པར་འདོད་ན་ལོགས་སུ་ཤེས་པར་བྱའོ། །ཞེས་པའང་འབྲས་སྤྱི་བློན་ཆེན་མཆོག་ནས་རི་སྲས་བསོད་ནམས་སྟོབས་རྒྱལ་བརྒྱུད་འདི་ལྟ་བུ་ཞིག་བྲིས་ཞེས་བསྐུལ་མ་གནང་བའི་བཞེད་སྐོང་དུ་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ཞིང་བཀྲ་ཤིས། །། །