བླ་མ་དགོངས་པ་འདུས་པའི་སྐོང་ཆོག་དང་འབྲེལ་བར་གཤིན་པོ་རྗེས་འཛིན་གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ།

From Dudjom Wiki
DJYD-KABUM-05-CA-019
Wylie title bla ma dgongs pa 'dus pa'i skong chog dang 'brel bar gshin po rjes 'dzin gnas lung gi cho ga thugs rje'i lcags kyu DJYD-KABUM-05-CA-019.pdf
Location bdud 'joms rin po che bka' 'bum
Volume 5, Text 19, Pages 419-433 (Folios 1a1 to 8a4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bla ma dgongs pa 'dus pa'i skong chog dang 'brel bar gshin po rjes 'dzin gnas lung gi cho ga thugs rje'i lcags kyu. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 5: 419-433. Kalimpong: Dupjung Lama, 1979-1985.
Side notes Recto: gnas lung   Verso: sangs gling dgongs 'dus
More details More details
Tertön སངས་རྒྱས་གླིང་པ་ (sangs rgyas gling pa)
Genre Funerary Rituals - gnas lung - byang chog
Cycle བླ་མ་དགོངས་པ་འདུས་པ་ (bla ma dgongs pa 'dus pa)
Colophon

དེ་ལྟར་བླ་མ་དགོངས་པ་འདུས་པའི་སྐོང་ཆོག་དང་འབྲེལ་བར་གཤིན་པོ་རྗེས་འཛིན་གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་འདི་ཡང་། ཀྲོང་གསར་ཆོས་འཁོར་རབ་བརྩེའི་འདུས་པའི་སྡེའི་ཞལ་སྔ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་སྔར་བཀོད་པའི་སྐོང་ཆོག་གི་ཡན་ལག་ཏུ་འཇུག་པ་བདེ་བའི་ཆོག་ཁྲིགས་འདི་ལྟར་གྱིས་ཞེས་ཡང་ནས་ཡང་དུ་བསྐུལ་བར་མཛད་པ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ལྔ་ལམ་དུ་དུབ་པའི་སྐྱེ་འགྲོ་ཡོངས་ལ་ཕན་པ་མཐའ་ཡས་བ་འབྱུང་བའི་རྒྱུར་གྱུར་ཅིག།། །།སརྦ་དཱ་མངྒལཾ།

de ltar bla ma dgongs pa 'dus pa'i skong chog dang 'brel bar gshin po rjes 'dzin gnas lung gi cho ga thugs rje'i lcags kyu zhes bya ba 'di yang /__krong gsar chos 'khor rab brtse'i 'dus pa'i sde'i zhal snga nas lha rdzas rin po che'i skyes dang bcas te sngar bkod pa'i skong chog gi yan lag tu 'jug pa bde ba'i chog khrigs 'di ltar gyis zhes yang nas yang du bskul bar mdzad pa bzhin/__'jigs bral ye shes rdo rjes spel ba lnga lam du dub pa'i skye 'gro yongs la phan pa mtha' yas ba 'byung ba'i rgyur gyur cig//__//sarba dA mang+galaM/

[edit]
༄༅། །བླ་མ་དགོངས་པ་འདུས་པའི་སྐོང་ཆོག་དང་འབྲེལ་བར་གཤིན་པོ་རྗེས་འཛིན་གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །


༄༅། །རབ་འབྱམས་ཞི་ཁྲོའི་དཀྱིལ་འཁོར་སྤྲོ་བསྡུའི་བདག །པདྨ་བཛྲ་རྩལ་དེར་གུས་བཏུད་ནས། །ཉམ་ཐག་བར་དོའི་འགྲོ་རྣམས་དབུགས་དབྱུང་ཕྱིར། །གནས་ལུང་ཆོ་གའི་ངག་ཁྲིམས་མདོར་བསྡུས་སྤེལ། །དེའང་བླ་མ་དགོངས་པ་འདུས་པའི་ཞི་ཁྲོའི་སྐོང་ཆོག་དང་འབྲེལ་བར་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་མདོར་བསྡུས་པའི་ཚུལ་གྱིས་བྱ་བར་འདོད་པས། སྦྱོར་བ་རྩ་བའི་དཀྱིལ་འཁོར་གྱི་གནས་སུ་རྣམ་རྒྱལ་བུམ་པ་དང་། རང་གི་མདུན་དུ་ཁྲུས་ཀྱི་བུམ་པ། དལ་གྱི་ཤར་རམ་ལྷོ་སྒོར་པདྨ་དཀར་པོ་འདབ་བརྒྱད་པའི་ཁར་ཚེ་འདས་ཀྱི་རོའམ། གཟུགས་མི་ནྲྀ་ཡིག་བྲིས་པའི་བྱང་བུ་དྲི་རྟེན་བཅས་བཀོད། གཞན་ཡང་སྦྱང་ཆས་དང་ཟས་གཏད་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། ཆོ་གའི་གཞུང་བསྲངས་ཏེ་བདག་མདུན་དབྱེར་མེད་ [2a] དུ་བསྐྱེད་ལ་བཟླས་པ་གྲུབ་པའི་རྗེས་སུ་རྣམ་བུམ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་དམིགས་ལ་གཟུངས་ཐག་ནས་འཇུས་ཏེ་རྩ་བའི་བཟླས་པ་ཅི་འགྲུབ་དང་། ཁྲུས་བུམ་གྱི་ནང་དུ་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་གསལ་བའི་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང་། [2b] ཡིག་བརྒྱ་ཅི་ནུས་བཟླས་མཐར། ཨོཾ་ཨཱཿཧཱུཾ་གིས་མཆོད་ཡོན་ཕུལ་བས། ལྷ་འོད་དུ་ཞུ་བ་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ། ལས་སྦྱོར་གྱི་བཟླས་པ་ནི། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་། ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམ་ལ། སྤྱི་དྲིལ་ཆེན་མོ་དང་། ཡི་གེ་བརྒྱ་པའི་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་རཀྟ་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཏེ་ཏུཾ་ཕཊ། ཅེས་སྤེལ་ཚིག་སྦྱར་བ་མང་དུ་བཟླ་ཞིང་བྱེ་ཡུངས་ལ་ཕུས་གདབ། སྐོང་བཤགས་ཀྱི་རིམ་པ་རྒྱས་པར་བྱས་ལ་བདག་ཉིད་འཇུག་པའི་དོན་དུ་རིག་པའི་མེ་ཏོག་དོར་བ་སྔོན་དུ་འགྲོ་བས། ཆོ་ག་དངོས་ལ་རྣམ་གྲངས་བཅུ་གསུམ་དུ་ཡོད་པ་ལས། དང་པོ་རྟེན་བསྐྱེད་པ་ནི། ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རི་སོགས་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ་ལ། གཉིས་པ་རྣམ་ཤེས་དགུག་པ་ནི། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་ [3a] སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ནས་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག། ཧཱུཾ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འཚོ་བར་བྱེད་པའི་ཚེ་ཟད་ཅིང་། །ལྔ་ཕུང་སྒྱུ་མའི་འཁྲུལ་འཁོར་ཞིག །ཕ་རོལ་གནས་སུ་སོང་བ་ཁྱོད། །རྣམ་ཤེས་རྟེན་མེད་ལས་དབང་གིས། །ཁམས་གསུམ་རིགས་དྲུག་གར་གནས་ཀྱང་། །ལྷ་དང་བླ་མ་དྲན་གྱིས་ལ། །མོས་གུས་གདུང་བས་འདིར་ཤོག་ཅིག །གཟུགས་བརྙན་ལུས་རྟེན་མིང་བྱང་ངག །ནྲྀ་ཡིག་སེམས་རྟེན་དྲི་མ་བཅས། །བག་ཆགས་རྟེན་ཡིན་མྱུར་ཤོག་ལ། །དྲན་པའི་སེམས་ཀྱིས་གནས་པར་གྱིས། །ནྲྀ་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་ལན་གསུམ་བརྗོད་པས། རྣམ་ཤེས་ཨ་ཐུང་གི་རྣམ་པས་རྟེན་ལ་ཐིམ་པར་བསམ། གསུམ་པ་བགེགས་སྦྱོང་བ་ནི། སྦྱང་ཆས་བཤམ་ལ། ཨོཾ་སརྦ་བིགྷྣྰཾ་ན་མཿསརྦ་ སོགས་གསུམ་གྱིས་ཞི་བ། ཏིང་ལོ་བསྐོར་ཞིང་ ཨོཾ་སུམྦྷ་ནི་ བཟླ་བས་ཕྱེད་མ། རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམ་ནས། གོང་བཞིན་བདེན་སྟོབས་བརྗོད་པའི། བདེན་པ་ཆེན་ [3b] པོའི་བྱིན་གྱི་རླབས་ཀྱིས་ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། དྲག་སྔགས་བཟླ་ཞིང་ཡུངས་ཀར་གྱིས་བྲབ་རོལ་མོའི་སྒྲ་དང་བཅས་ཏེ་དྲག་པོས་སྦྱོང་བའོ། བཞི་པ་སྡིག་པ་སྦྱོང་བ་ནི། མདུན་དུ་ཏིལ་དང་མེ་ཆུབ་བཤམ་ལ། ཚེ་ལས་འདས་པའི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེས་དེད། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པས་ཐོན་ནས་མདུན་གྱི་ཏིལ་ལ་ཐིམ་པ་དེ་ཉིད་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་གྱུར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། ཞེས་བརྗོད་ཅིང་གཡས་སུ་མེར་བསྲེགས་གཡོན་དུ་ཆུར་བླུགས། ཚེ་ལས་འདས་པས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ། ཞེས་བརྗོད་ཅིང་རོལ་མོ་དང་བཅས་པས་ཕྱིར་དོར། དེ་ནས་ཡིག་བརྒྱ་དང་ངན་སོང་སྦྱོང་བའི་གཟུངས་བཟླས་པའི་བྱེ་མས་རྟེན་ལ་བྲབ་ཅིང་རེག་པ་ཙམ་གྱིས། སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་མ་ཤར་བ་བཞིན་དག་པར་བསམ། [4a] ལྔ་པ་ཁྲུས་བྱ་བ་ནི། ཐོག་མར་མེ་ལོང་དུ་དཀྱིལ་འཁོར་པའི་སྣང་བརྙན་འཆར་བར་ཁྲུས་གསོལ་ཞིང་། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མ་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཱཿ ཀ་ཡ་བི་ཤྭ་དྷ་ནི་སྭཱ་ཧཱ། ཞེས་སྐུ་ཕྱི། ཁྲུས་ཆུ་དེ་ཉིད་སླར་ཡང་བུམ་པར་བླུགས་པས་མིང་བྱང་བཀྲུ་ཞིང་། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །ཡི་གེ་བརྒྱ་པ་བརྗོད་ཅིང་བཀྲུ། གཞན་ཡང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སོགས་ཕར་ཕྱིན་དྲུག་གི་ཁྲུས་སྔགས་ཚིགས་རོལ་མོ་བཅས་པས་བཀྲུ །དྲུག་པ་དུག་སྦྱོར་བ་ནི། ཀུ་ཤས་རྟེན་ལ་བྱབས་ཤིང་། འདོད་ཆགས་ཞེ་སྔང་གཏི་མངའ། །སངས་རྒྱས་བདེན་པའི་དུག་བཅོམ་མོ། །དེ་བཞིན་དུ་ ཆོས་དང་དགེ་འདུན་ ལ་ཡང་སྦྱར། དེ་ནས་འབྱུང་བ་སོ་སོས་བྱབས་ཤིང་། ས་ནི་དུག་ནི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཅེས་དང་ [4b] དེ་བཞིན་དུ། ཆུ་མཱ་མ་ཀི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མའི་ ཞེས་སྦྱར། བདུན་པ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོར་གཞུག་པ་ནི། ཚེ་འདས་ཉིད་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ལ། སྤྲོ་ན་ལས་བྱང་གི་ཕྱག་འཚལ་སྔོན་དུ་འགྲོ་བས། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་སྙིང་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོ་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་སྐྱོབ་ཏུ་གསོལ། །ཞེས་གསོལ་བ་གདབ། བརྒྱད་པ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ནི། མཎྡལ་སྔོན་དུ་འགྲོ་བས། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འཁོར་བའི་སྡུག་བསྔལ་ལས༔ བསྐྱབ་ཕྱིར་བརྩེ་བས་རབ་བཟུང་ནས༔ དབང་དང་བྱིན་རླབས་སྩལ་དུ་གསོལ༔ [5a] ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འགྲོ་བ་མ་ལུས་པ༔ ལོག་པའི་ལམ་དུ་ཞུགས་པ་རྣམས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ དུག་གསུམ་དོང་དུ་ལྷུང་བ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ བླ་མེད་ཡེ་ཤེས་ཆེན་པོ་ཡི༔ འབྲས་བུ་མྱུར་དུ་སྨིན་པར་མཛོད༔ ཅེས་གསོལ་བ་བཏབ། ཨེ་མ་ཚེ་འདས་སྐལ་ལྡན་ལས་ཅན་བུ༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམས་ཏེ་རྒྱལ་བའི་ཐུགས་རྗེ་ཡི༔ ཕོ་ཉས་བཟུང་ཞིང་དཀྱིལ་འཁོར་གྲལ་དུ་འཁོད༔ དོན་འབྲས་འདོད་ཕྱིར་དད་པས་ཤུགས་བསྐྱེད་ལ༔ སྐུ་གསུམ་ཞིང་ཁམས་ཕོ་བྲང་འདིར་ཤོག་ཅིག༔ བླ་མེད་དོན་གྱི་སྙིང་པོ་སྦྱིན་པར་བགྱིའོ༔ ན་ར་ཀ༔ པྲེ་ཏ་ཀ༔ ཏིརྱ་ཀ༔ ཙཀྵུ་པྲ་ཝེ་ཤ་ཡ་ཨ༔ ཞེས་གནང་བ་སྦྱིན་ལ་དཀྱིལ་འཁོར་དུ་གཞུག །བླ་མ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན་གྱི་རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་ལ ། ཧཱུཾ་ཧྲཱིཿ སངས་རྒྱས་ཀུན་གྱི་རང་བཞིན་གཙོ༔ བླ་མ་ཀུན་བཟང་རྡོ་རྗེ་སེམས༔ བྱིན་རླབས་དངོས་གྲུབ་གཏེར་བུམ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དམྱལ་བའི་ [5b] སྐྱེ་སྒོ་བཅད་ནས་ནི༔ རིག་འཛིན་གྲལ་དེར་འཁོད་པར་ཤོག༔ ཨོཾ་ད་ཧ་ད་ཧ་སརྦ་ན་རཀྟ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ༔ བཛྲ་གུ་རུ་ཛྙཱ་ན་ས་ཏྭ་ཀ་ལ་ཤ་ཨ་བྷི་ཥི་ཉྩ་ཧཱུཾ༔ སྐལ་ལྡན་ཁྱོད་ལ་ཡེ་ཤེས་རྣམ་དག་བདུད་རྩི་བུམ་པའི་དབང་བསྐུར་བ་ལ་བརྟེན་ནས༔ ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས༔ སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བའི་སྒོ་བཅད་དེ༔ རིག་འཛིན་གྱི་གོ་འཕང་བླ་ན་མེད་པ་ཐོབ་ཅིང་༔ སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ ཤེལ་དྭངས་པའི་ནང་དུ་ཡི་དམ་ཞི་བའི་དཀྱིལ་འཁོར་དང་མེ་ལོང་གི་ནང་དུ་ཡི་དམ་ཁྲོ་བོའི་དཀྱིལ་འཁོར་གསལ་བཏབ་པ་མགྲིན་པར་བཞག་ལ། ཧཱུཾ་ཧྲཱིཿ ཞི་ཁྲོ་རང་གསལ་དཀྱིལ་འཁོར་གཙོ༔ ཡི་དམ་ལྷ་ཚོགས་འཁོར་དང་བཅས༔ མདངས་གསལ་དངོས་གྲུབ་ཕོ་བྲང་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དུད་འགྲོར་སྐྱེ་བའི་སྒོ་བཅད་ནས༔ རིག་འཛིན་གྲལ་ལ་འཁོད་པར་ཤོག༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཧཱུཾ་ཕཊ༔ དྷེ་ཝ་ཛྙཱ་ན་ཤན་ཏི་ཀ་མ་ཧཱ་ཀྲོ་ཏ་ཨ་བྷི་ཥིཉྩ་མཾ༔ སྐལ་ལྡན་ཁྱོད་ལ་ཞི་ཁྲོ་རང་གསལ་འོད་ཀྱི་ཕོ་བྲང་རིན་ཆེན་ཤེལ་དང་མེ་ལོང་གི་རྫས་མཆོག་གིས་དབང་བསྐུར་བ་ལ་བརྟེན་ནས་ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་པའི་ལས་ཀྱི་སྡིག་ [6a] སྒྲིབ་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ དུད་འགྲོའི་སྐྱེ་གནས་སུ་འགྲོ་བའི་སྒོ་བཅད་དེ༔ རིག་འཛིན་གྱི་གོ་འཕང་བླ་ན་མེད་པ་ཐོབ་ཅིང་། འགྲོ་བ་སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ གཏོར་མ་མཁའ་འགྲོ་མའི་ཚོགས་སྲུང་མ་དམ་ཅན་རྒྱ་མཚོ་དང་བཅས་པས་ཕོ་བྲང་དུ་གསལ་བ་སྙིང་གར་བཞག་ལ། ཧཱུཾ་ཧྲཱིཿབ་ལིང་བཅུད་ལྡན་ཕོ་བྲང་དུ༔ མ་ཚོགས་མཁའ་འགྲོ་ངང་གིས་བཞུགས༔ ཕྲིན་ལས་ཡོངས་རྫོགས་ཆེན་པོ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ཀྱང་༔ རིག་འཛིན་གྲལ་དེར་འཁོད་པར་ཤོག༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ༔ སརྦ་ཛྙཱ་ན་ཌཱ་ཀི་ནཱི་བ་ལིང་ཏ་མཎྜ་ལ་ཨ་བྷི་ཥིཉྩ་མཾ༔ སྐལ་ལྡན་ཁྱོད་ལ་ཌཱ་ཀི་གསང་བའི་ཕོ་བྲང་ཁྱད་པར་རྨད་དུ་བྱུང་བ་བྱིན་རླབས་གཏོར་མའི་དབང་བསྐུར་བ་བརྟེན་ནས༔ ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ཡི་དྭགས་སུ་སྐྱེ་བའི་སྒོ་བཅད་དེ༔ རིག་འཛིན་གྱི་གོ་འཕང་བླ་ན་མེད་པ་ཐོབ་ཅིང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ ཅེས་བསྐུར། དེ་ལྟར་དབང་བསྐུར་བས་ [6b] སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། རྣམ་སྨིན་གྱི་ཡིད་ལུས་འོད་ཀྱི་གོང་བུར་ཞུ་བ་ལས་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་བཅས་པའི་སྐུར་གྱུར་ པར་བསམ། དགུ་པ་ཟས་གཏད་པ་ནི། མདུན་དུ་བཟའ་བཏུང་སྣ་ཚོགས་བཤམ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་ བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ནས། ཧཱུཾ། ང་ནི་དཔལ་ལྡན་རྡོ་རྗེ་སེམས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །ཡེ་ཤེས་ཆེན་པོའི་འཕྲོ་འདུ་ལས། །འདོད་པ་ཐམས་ཅད་ཚིམ་བྱེད་པ། །བཅུད་ཆེན་རོ་མཆོག་བརྒྱ་ལྡན་པའི། །བཟའ་དང་བཏུང་བའི་ཚོགས་རྣམས་དང་། །འདོད་རྒུའི་འབྱོར་པ་རྒྱ་མཚོ་ཡིས། །ཁྱོད་ཀྱི་རེ་བ་བསྐང་བར་བྱ། །ཁྱད་པར་བརྩེ་གདུང་གཉེན་རྣམས་ཀྱིས། །གདུང་བའི་སྐད་ཀྱིས་ཁྱོད་བོས་ནས། །འདོད་ཡོན་བཟའ་བཅའ་བཏུང་བའི་ཚོགས། །ཏིང་འཛིན་སྔགས་རྒྱས་སྤར་ཏེ་བསྔོ། །དགའ་དང་སྤྲོ་བའི་སེམས་ཀྱིས་ནི། །ཞེན་པ་མེད་པར་ལོངས་སྤྱོད་ཅིག །བཀྲེས་སྐོམ་གདུང་བ་ཀུན་ཞི་ནས། །འདོད་ཡོན་དཔལ་ལ་སྤྱོད་པར་ཤོག །ཅེས་བསྔོས་པས། དེས་ཀྱང་བདག་གིར་བཟུང་ནས་དཀྱིལ་འཁོར་པ་མཆོད་པར་བསམ། བཅུ་པ་འཁོར་བར་མ་ཆགས་པར་གདམས་ཤིང་ལམ་བསྟན་སྦྱོང་བ་ནི། [7a] ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་ཟུངས། །འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །བཅུ་གཅིག་པ་གནས་སྤར་བ་ནི། ཚེ་འདས་ཀྱི་རྣམ་ཤེས་ཨ་ཐུང་གི་རྣམ་པར་སྤྱི་བོ་ནས་ཐོན་འོག་མིན་གྱི་ཞིང་དུ་སོང་སྟེ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་ པར་བསམ། བཅུ་གཉིས་པ་བྱང་བུ་བསྲེག་པ་ནི། རྣམ་ཤེས་གཤེགས་པའི་བྱང་བུ་སྡིག་སྒྲིབ་དང་མཉམ་དུ་ཡེ་ཤེས་ཀྱི་མེས་བསྲེགས་པར་ བསམ་ལ། ཧཱུཾ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་སྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་སྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་ [7b] མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་བྱང་བུ་བསྲེག །བཅུ་གསུམ་པ་སཱ་ཙྪའི་ཆོ་ག་ནི། རུས་བུའམ་བྱང་རོའི་སྟེང་དུ་ཨ་དཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་ བསམ་ལ། སྤྱི་དྲིལ་དང་ཡི་གེ་བརྒྱ་པ་བཟླ་ཞིང་དྲིའི་ཆུས་སྦྱངས། དེས་སྦྲུས་པའི་འཇིམ་པ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷཱུྃ་ལས་རིན་པོ་ཆེའི་ཕུང་པོར་གྱུར། རྣམ་སྣང་གི་ཐུགས་ཀ་ནས་ཡེ་ཤེས་པ་འོད་ཟེར་གྱི་རྣམ་པར་བཀུག འཇིམ་པར་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར། ཨོཾ་ཛི་ན་ཛི་ཀ་སྭཱ་ཧཱ། ལན་ཉེར་གཅིག་བརྗོད། ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ ས་འཇིམ་པ་བཅད། ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ ས་འཇིམ་བཅད། ཨོཾ་བཛྲོད་བྷ་ཝ་ཡ་སྭཱ་ཧཱས་འབི་འབི་བྱ། ཨོྃ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱས་སྣུམ་བསྐུས། ཨོཾ་དྷརྨ་དྷཱ་ཏུ་གརྦྷ་སྭཱཧཱས་བརྐོས་ཕོར་དུ་གཞུག ཨོཾ་བཛྲ་མུརྒ་ཏེ་ཨ་ཀོ་ཊ་ཡ་ཧཱུྃ་གིས་བརྡུང་། ཨོཾ་སརྦ་བིདྱཱ་སྭཱ་ཧཱ ས་གཟུངས་སམ་མེ་ཏོག་གཞུག ཨོཾ་དྷརྨཱ་ར་ཏེ་སྭཱ་ཧཱས་ཕྱིར་འདོན། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱས་བཞུགས་སུ་གསོལ། དེ་ཉིད་རྣམ་སྣང་དུ་བསྐྱེད་ལ་ཡེ་ཤེས་པ་དགུག་ཅིང་བསྟིམ། མཆོད་ཅིང་བསྟོད་དེ་རང་གཟུགས་སུ་བསྒྱུར་ནས་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱའོ། །དེ་ནས་ཚོགས་ཀྱི་དགའ་སྟོན་བྱ་ཞིང་གཏོར་མ་བཏང་། དཀྱིལ་འཁོར་ལྷ་ཚོགས་མཆོད་ཅིང་བསྟོད་ནས་ནོངས་པ་བཤགས། ཡེ་ཤེས་པ་ [8a] གཤེགས་ཤིང་དམ་ཚིག་པ་བདག་ལ་བསྡུ། དགེ་བ་བསྔོ་ཞིང་བཀྲ་ཤིས་བདེ་ལེགས་སུ་བྱ་བ་རྣམས་ལས་གཞུང་བཞིན་བྱའོ། །སྐྱབས་བྲལ་བར་དོར་འཕྱན་པའི་ཉམ་ཐག་འགྲོ། །ལམ་ངན་གནས་ནས་བདེ་བར་འདྲེན་པའི་ལུང་། །རྒྱུད་དང་གྲུབ་པའི་མན་ངག་ཇི་བཞིན་དུ། །བརྗོད་འདི་གཞན་ཕན་མཆོག་གི་གཞིར་གྱུར་ཅིག །དེ་ལྟར་བླ་མ་དགོངས་པ་འདུས་པའི་སྐོང་ཆོག་དང་འབྲེལ་བར་གཤིན་པོ་རྗེས་འཛིན་གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་འདི་ཡང་། ཀྲོང་གསར་ཆོས་འཁོར་རབ་བརྩེའི་འདུས་པའི་སྡེའི་ཞལ་སྔ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་སྔར་བཀོད་པའི་སྐོང་ཆོག་གི་ཡན་ལག་ཏུ་འཇུག་པ་བདེ་བའི་ཆོག་ཁྲིགས་འདི་ལྟར་གྱིས་ཞེས་ཡང་ནས་ཡང་དུ་བསྐུལ་བར་མཛད་པ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ལྔ་ལམ་དུ་དུབ་པའི་སྐྱེ་འགྲོ་ཡོངས་ལ་ཕན་པ་མཐའ་ཡས་བ་འབྱུང་བའི་རྒྱུར་གྱུར་ཅིག།། །། སརྦ་དཱ་མངྒལཾ། །