བླ་མ་ཚེ་དཔག་མེད་སྦྲགས་སྒྲུབ་ཀྱི་ཕྲིན་ལས་འཆི་མེད་གྲུབ་པའི་དགའ་སྟོན།

From Dudjom Wiki
DJYD-KABUM-05-CA-034
Wylie title bla ma tshe dpag med sbrags sgrub kyi phrin las 'chi med grub pa'i dga' ston DJYD-KABUM-05-CA-034.pdf
Location bdud 'joms rin po che bka' 'bum
Volume 5, Text 34, Pages 683-726 (Folios 1a1 to 22b1)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bla ma tshe dpag med sbrags sgrub kyi phrin las 'chi med grub pa'i dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 5: 683-726. Kalimpong: Dupjung Lama, 1979-1985.
Side notes Recto: sgrub phrin   Verso: rdor gling tshe sgrub
More details More details
Tertön རྡོ་རྗེ་གླིང་པ་ (rdo rje gling pa)
Genre Longevity Rituals - tshe sgrub
Cycle བླ་མ་ཚེ་དཔག་མེད་སྦྲགས་སྒྲུབ་ (bla ma tshe dpag med sbrags sgrub)
Deity tshe dpag med
Colophon

།དེ་ལྟར་བླ་མ་ཚེ་དཔག་མེད་སྦྲགས་སྒྲུབ་ཀྱི་ཕྲིན་ལས་འཆི་མེད་གྲུབ་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། །གཏེར་ཆེན་རྡོ་རྗེ་གླིང་པའི་རིགས་ཆོས་ཀྱི་བརྒྱུད་པ་འཛིན་པ་སྲིན་ཕུག་བླ་མ་འཇམ་དབྱངས་ཡེ་ཤེས་སེང་གེའི་ཞལ་སྔ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་ནན་ཏན་ཆེན་པོས་བསྐུལ་བར་མཛད་པ་བཞིན། གཏེར་ཆེན་ཉིད་ཀྱི་ལྗགས་བསྒྲིགས་འཁྲུལ་མེད་ཀྱི་དགོངས་པ་རྩ་བར་བཟུང་ཞིང་ཁ་སྐོང་འོས་པ་རྣམས་རིགས་མཐུན་གྱི་གཏེར་ཁ་ལས་བླངས་ཏེ་རྣམ་གསལ་བཀླག་ཆོག་གི་ཚུལ་དུ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཞེ་དགུར་སོན་པ་ཆུ་ཕོ་འབྲུག་གི་ལོ་འབྲས་བུ་བཅུད་རྫོགས་ཀྱི་ཟླ་བའི་ཡར་ངོའི་ཚེས་གཅིག་ལ་ལྷ་ལྡན་ར་ས་འཕྲུལ་སྣང་གི་སྐྱེད་མོས་ཚལ་དུ་སྦྱར་བ་ལས་ཡི་གེ་པའང་བསྐུལ་བ་པོ་ཉིད་ཀྱིས་མཛད་པའོ། །འདིས་ཀྱང་བསྟན་འཛིན་རྣམས་ཀྱི་ཞབས་པད་ཡུན་རིང་དུ་བརྟན་ཅིང་། འགྲོ་བ་ཐམས་ཅད་འཆི་མེད་ཡེ་ཤེས་དྭངས་མའི་སྐུར་སྨིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

de ltar bla ma tshe dpag med sbrags sgrub kyi phrin las 'chi med grub pa'i dga' ston ces bya ba 'di ni/__/gter chen rdo rje gling pa'i rigs chos kyi brgyud pa 'dzin pa srin phug bla ma 'jam dbyangs ye shes seng ge'i zhal snga nas lha rdzas rin po che'i skyes dang bcas te nan tan chen pos bskul bar mdzad pa bzhin/__gter chen nyid kyi ljags bsgrigs 'khrul med kyi dgongs pa rtsa bar bzung zhing kha skong 'os pa rnams rigs mthun gyi gter kha las blangs te rnam gsal bklag chog gi tshul du/__rgyal khams pa 'jigs bral ye shes rdo rjes rang lo zhe dgur son pa chu pho 'brug gi lo 'bras bu bcud rdzogs kyi zla ba'i yar ngo'i tshes gcig la lha ldan ra sa 'phrul snang gi skyed mos tshal du sbyar ba las yi ge pa'ang bskul ba po nyid kyis mdzad pa'o/__/'dis kyang bstan 'dzin rnams kyi zhabs pad yun ring du brtan cing /__'gro ba thams cad 'chi med ye shes dwangs ma'i skur smin pa'i rgyur gyur cig___/sarba dA mang+ga laM//__//

[edit]
༄༅། །བླ་མ་ཚེ་དཔག་མེད་སྦྲགས་སྒྲུབ་ཀྱི་ཕྲིན་ལས་འཆི་མེད་གྲུབ་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི་ཨ་མཱ་ར་སིདྡྷི་རསྟུ། མི་ཤིགས་ཚེ་ལམ་གྲུབ་པའི་ཉིམ་ཡིས། །འཆི་བདག་མུན་པའི་གཡུལ་ངོ་མཐར་བྱས་ཏེ། །ངོ་མཚར་རིང་འཚོའི་པདྨོ་བཞད་མཛད་མགོན། །བླ་མ་ཚེ་མཐའ་ཡས་པས་དགེ་བར་སྲུངས། །འཆི་མེད་རིག་འཛིན་གྲུབ་པའི་མགུལ་ཁུག་མ། །ཚེ་དབང་བཅུད་དུ་འཁྱིལ་བའི་དགའ་སྟོན་ནི། སྐལ་བཟང་སྲོག་རྩ་རྡོ་རྗེར་སྡོམ་བྱེད་ཕྱིར། །རྣམ་གསལ་ལེགས་བཤད་སྒོ་འཕར་འདིར་དབྱེའོ། །དེ་ཡང་གཏེར་སྟོན་རྒྱལ་པོ་ལྔའི་ཡ་གྱལ་ཨོ་རྒྱན་རྡོ་རྗེ་གླིང་པའི་ཟབ་གཏེར་ཀུན་གྱི་བཅུད་བསྡུས་པ་བླ་མ་ཚེ་སྦྲགས་མར་གྲགས་པའི་ཕྲིན་ལས་ཟབ་མོ་ཉམས་སུ་ [2a] ལེན་པའི་ཚུལ་གསལ་བདེར་འཆད་པ་ལ་གསུམ་སྟེ། རང་དོན་དུ་ཚེ་སྒྲུབ་པ། གཞན་དོན་དུ་དབང་བསྐུར་བ། གཉིས་ཀའི་དོན་དུ་ལས་ལ་སྦྱར་བའོ། །དང་པོ་ནི། སྦྱོར་བ་གནས་གཙང་ཞིང་ཡིད་དུ་འོང་བར་མཚན་མའི་དཀྱིལ་འཁོར་སྤྱི་མཐུན་རྟ་བབ་བཞི་ལྡན་ལྷ་གནས་པདྨ་འདབ་བཞི་ལྟེ་བ་སྣ་ཚོགས་རྡོ་རྗེས་མཚན་པ་ཅན་ཆོ་ག་བཞིན་བྲི་བའམ། བསྡུ་ན་མཎྜལ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་གཡུ་མཚོ་གཏན་འཁྱིལ་དང་རྒྱུན་འབབས་ཀྱི་ཆུ་གཙང་སོ་ལྔའི་བཅུད་ལྡན་གྱིས་དགང་བ་དུང་ཞལ་གཟུངས་རྡོར་དང་བཅས་པ་འགོད། དེའི་མདུན་དུ་ཚེ་གལ་མཐུན་སྡེབས་ཀྱི་རྒྱུ་ལས་བསྐྲུན་པའི་ཚེའི་འབྲང་རྒྱས་བུམ་གཟུགས་རྒྱ་གྲམ་རྟ་མགོ་ཉི་ཟླས་མཚན་པ། གཡས་སུ་ [2b] བཅུད་ལེན་གྱི་རྫས་དང་སྦྱར་བའི་ཚེ་རིལ། གཡོན་དུ་ཀ་པཱ་ལར་བདུད་རྩི་ཨ་མྲྀ་ཏས་སྦྲན་པའི་ཚེ་ཆང་ནང་མར་གྱི་རིལ་བུ་སྒྲུབ་པ་པོའམ་སློབ་མའི་གྲངས་མཉམ་གྱིས་གཏམས་པ། རྒྱབ་ཏུ་ཚེ་མདའ་རྒོད་སྒྲོ་མ་དར་ཚོན་སྣ་ལྔ་མེ་ལོང་བླ་གཡུ་བཏགས་པ་བཅས་དང་། གཞན་ཡང་ཆུ་གཉིས་ཉེར་སྤྱོད་ལྔ་སྨན་རཀ་གཏོར་མ་སོགས་མཆོད་པ་འོས་ཟིང་ཉེ་བར་མཁོ་བའི་ཆ་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པར་འདུ་བྱས་ནས། ཆོ་ག་དངོས་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི།ཧྲཱིཿ འགྲོ་བའི་དཔལ་མགོན་ཐུགས་རྗེ་ཅན༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ལ༔ དེང་བཟུང་བྱང་ཆུབ་མ་ཐོབ་པར༔ བདག་དང་འགྲོ་ཀུན་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི།ཧྲཱིཿ བདག་གཞན་འགྲོ་བ་ཀུན་དོན་དུ༔ འཆི་མེད་ལྷ་ཚོགས་བསྒྲུབ་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་བསྒྲལ་བར་སེམས་བསྐྱེད་དོ༔ ལན་གསུམ། བགེགས་བསྐྲད་པ་ནི།རང་ཉིད་དབང་ཆེན་རྟ་མཆོག་དཔལ། །རབ་འཇིགས་འབར་བའི་སྐུ་རུ་གྱུར། །གཏོར་མ་རྃ་ཡྃ་ཁྃ་གིས་བསང་སྦྱང་།བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་སུ༔ འབྲུ་གསུམ་འོད་ཞུ་གཏོར་མའི་ཚོགས༔ འདོད་ཡོན་ལྔ་ལྡན་ཟག་མེད་ཀྱི༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུཾལན་གསུམ། [3a] སརྦ་བྷུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །སརྦ་བིགྷྣཱན་བ་ལིང་ཏ་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་བསྔོས་ནས།ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ བསྒྲུབ་པའི་ལྷ་རྣམས་མ་གཏོགས་པ༔ ཚེ་སྲོག་བར་དུ་གཅོད་པའི་བགེགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ དྲག་སྔགས་དང་སམྦྷ་ནི་སོགས་ཀྱིས་བསྐྲད་ལ། མཚམས་བཅད་པ་ནི།ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས༔ སྟེང་ནི་རྡོ་རྗེ་བླ་བྲེ་ལ༔ འོག་ཀྱང་རྡོ་རྗེའི་ས་གཞིར་བརྡལ༔ ཕྱོགས་མཚམས་རྡོ་རྗེའི་ར་བས་གཏམས༔ ཀུན་ཀྱང་རྡོ་རྗེའི་གུར་ཁང་ཆེ༔ དེ་ཡི་ཕྱི་རོལ་མཚོན་ཆའི་གུར༔ དེ་ཕྱིར་ཡེ་ཤེས་མེ་དཔུང་འབར༔ ཆུ་ཡང་འཛག་པར་མི་འགྱུར་ཞིང་༔ རླུང་ཡང་རྒྱུ་བའི་སྐབས་མེད་པས༔ གནོད་བྱེད་གདོན་བགེགས་སྨོས་ཅི་དགོས༔ ཡེ་སྲུང་ཆེན་པོར་རྒྱས་གདབ་བོ༔ བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ བྱིན་དབབ་པ་ནི། སྤོས་རོལ་དབྱངས་ཀྱིས་བསྐུལ་ཏེ།ཨོཾ་ཧཱུྃ་ཨ་ལ་ལ་ཧོཿ ངོ་བོ་ཆོས་སྐུའི་ཞིང་ཁམས་ནས༔ བདེ་གཤེགས་སྣང་བ་མཐའ་ཡས་ཀྱིས༔ གནས་འདིར་དབང་བསྐུར་བྱིན་ [3b] ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ རང་བཞིན་ལོངས་སྐུའི་ཞིང་ཁམས་ནས༔ བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས༔ གནས་འདིར་དབང་བསྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཐུགས་རྗེ་སྤྲུལ་པའི་ཞིང་ཁམས་ནཡི་ དངོས་གྲུབ་སྩོལ༔ གཞོ་སྟོད་མཁའ་འགྲོའི་ཚོགས་ཁང་ནས༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ གནས་འདིར་དབང་བསྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ འཆི་མེད་གཉུག་མའི་ཞིང་ཁམས་ནས༔ ལོ་ཆེན་བཻ་རོ་ཙ་ན་ཡིས༔ གནས་འདིར་དབང་བསྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཟུང་འཇུག་དབུ་མའི་ཞིང་ཁམས་ནས༔ ཨོ་རྒྱན་རྡོ་རྗེ་གླིང་པ་ཡིས༔ གནས་འདིར་དབང་བསྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡིས་དངོས་གྲུབ་སྩོལ༔ སྤྱི་གཙུག་ཉི་ཟླ་པད་སྟེང་ནས༔ དྲིན་ཅན་རྩ་བརྒྱུད་བླ་མ་ཡིས༔ གནད་འདིར་དབང་བསྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ དངོས་གྲུབ་ཀུན་སྩོལ་ཡི་དམ་ལྷ༔ རྫུ་ [4a] འཕྲུལ་ཐོགས་མེད་མཁའ་འགྲོའི་ཚོགས༔ གནས་འདིར་དབང་བསྐུར་བྱིན་ཕོབ་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ མཆོད་རྫས་བརླབ་པ་ནི།ཧྲཱིཿ ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས། མཆོད་རྫས་ཉེས་སྐྱོན་བསྲེག་གཏོར་བཀྲུས། །ཕྱི་ནང་གསང་སོགས་མཆོད་པའི་སྤྲིན། །ཟག་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ དངོས་གཞི་ལྷ་བསྐྱེད་པ་ནི།ཨོ། ཆོས་རྣམས་བདག་མེད་སྤྲོས་དང་བྲལ། །ནམ་མཁའ་ལྟ་བུའི་ངང་ཉིད་ལས། །རང་གདངས་འགག་མེད་སྙིང་རྗེའི་སྤྲིན། །འཁོར་འདས་ཀུན་ལ་ཁྱབ་པར་སྤྲོས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི །རིག་པ་རྒྱུ་ཡི་ཡི་གེར་ཤར། །དེ་ལས་ཡེ་ཤེས་འོད་ཟེར་གྱིས། །སྣང་ [4b] སྲིད་དངོས་འཛིན་སྟོང་པར་སྦྱངས། །སྣད་བཅུད་རྣམ་དག་ཚེ་ཡི་ཞིང༌། །རང་བྱུང་ལྷུན་གྲུབ་གཞལ་ཡས་དབུས། །སྣ་ཚོགས་པདྨའིཟེའུ་འབྲུལ། །རྡོ་རྗ་རྒྱ་གྲམ་བརྡལ་བའི་ལྟར། །དཀྱིལ་འཁོར་ཟླ་གམ་སྒོ་གཅིག་པའི། །དབུས་སུ་ཟླ་སྟེང་ཧྲཱིཿཡིག་ལས། །འོདའཕྲོས་འཕགས་མཆོད་འགྲོ་སྒྲུབ་སྦྱངས། །ཚུར་འདུས་ཡོངས་གྱུར་རང་ལུས་ནི། །གསེར་གྱི་རྡོ་རྗེ་རྩེ་ལྔ་པ། །ཤིན་ཏུ་ཆེ་བརྗིད་ར་ིརབ་ཙམ། །ཉི་ཟླ་གཉིས་ཀྱང་སྐེད་ནས་འཁོར། །རྡོ་རྗའི་འོག་གི་རྭ་བཞིའི་ནང་། །བསྲུང་བྱ་མ་ལུས་སྤུངས་ཀྱིས་ཚུད། །ལྟེ་བ་ཁོང་སྟེང་རྒྱ་ཆེའི་ནང། །སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས། །རང་ཉིད་མགོན་པ་ཚེ་དབག་མེད། །སྐུ་མདོག་དམར་གསལ་ལི་ཁྲིའི་མདངས། །ཞི་འཛུམ་མཚན་དཔེའི་ལང་ཚོ་འབར། །ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ལོངས་སྤྱོད་ཡོངས་རྫོགས་རྒྱན་གྱིས་སྤྲས། །འཇའ་ཟེར་འོད་ཕུང་ཀློང་དུ་རོལ། །ཐུགས་ཀར་བད་ཉ་ིབམ་ཆེན་སྟེང་། །ཡེ་ཤས་སེམས་དཔའ་རྟ་མཆོག་དཔལ་། །དམར་ནག་ཁྲོག་ཏུམ་གྲི་ཐོད་འཛིན། །ཕག་མོ་གྲོ་ཐོད་འཛིན་ [5a] པས་འཁྱུད། །ཞབས་གཉིས་བརྐྱང་བསྐུམ་འགྱིང་ཚུལ་སྦྱོར། །སྤྱི་གཙུག་རྟ་ཕག་ཞལ་སྦྱོར་བས། །ཧི་ཧི་ངར་ངུར་རྐན་སྒྲ་སྒྲོགས། དུར་ཁྲོད་ཆས་རྫོགས་མེ་དཔུང་འབར། །གཉིས་ཀའི་གནས་ལྔར་འཁོར་ལོ་ནི། །རྩིབས་བཞིའི་ལྟེ་བར་ཧྲཱིཿདངམ། །རྩིབས་རྣམས་ར་ཙ་ཧྲི་ཡ་དང་། །ཧ་རི་ནི་སའི་ཡིག་འབྲུས་མཚན། ཟླ་གམ་སྒོ་རུ་པད་ཉི་དང་། །བམ་སྟེང་བླ་མ་ཐོད་ཕྲེང་རྩལ། །སྨུག་ནག་ཁྲོ་གཏུམ་མི་བཟང་རྔམས། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་འཕྱར། །གཡོན་པས་གནམ་ལྕགས་ཕུར་བུ་འདྲིལ། །དབུ་སྐྲ་སྣུམ་འབོལ་གྱེན་དུ་འཁྱིལ། །ཐོད་སྐམ་དབུ་རྒྱན་དར་དཔྱངས་དང་། །མི་མགོ་ཁྲག་འཛག་སྙན་རྒྱན་ཅན། །དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན། །ཞབས་ཟུང་གྱད་ཀྱི་དོར་སྟབས་ཀྱིས། །བསྐལ་མེ་འབར་བའི་ཀློང་དུ་རོལ། །བ་སྤུའི་བུ་ག་ཐམས་ཅད་ནས། །ཁྲོ་ཆུང་སྨུག་ནག་ཚྭ་ཚྭ་ནི། །གྲངས་མེད་ཉེ་རྡུལ་ལྟར་འཁྲུགས་པས། །ཚེ་བདུད་བར་གཅོབ་གདོན་བགེགས་རྣམས། །ཕྱག་གཡོན་ལྕགས་ཀྱུས་བཀུག་ཅིང་བཟུང་། །གཡས་པས་ཐོ་བས་བརྡུང་བྱས་པས། །གནོད་བྱེད་ལུས་ངག་ཐལ་བར་རློག །[5b] རྒྱ་གྲམ་ཕྱོགས་བཞིའི་རྡོ་རྗེ་ལ། །རྡོ་རྗེ་དཔའ་བོ་ཡབ་ཡུམ་དཀར། །རརཏྣ་དཔའ་བོ་ཡབ་ཡུམ་སེར། །པདྨ་དཔའ་བོ་ཡབ་ཡུམ་དམར། །ཀརྨ་དཔའ་བོ་ཡབ་ཡུམ་ལྗང་། ཀུན་ཀྱང་སྟག་ཤམ་རུས་རྒྱན་སྤྲས། །རང་རང་རིགས་ཀྱི་མཚན་པ་ཡི། །ཚེ་བུམ་མདའ་དང་ཕྱག་ན་བསྣམས། །ཐམས་ཅད་གཙོ་ལ་ཞལ་བསྟན་བཞུགས། །གཙོ་འཁོར་རྣམས་ཀྱི་སྤྱི་བོའི་གཙུག །རིགས་བདག་གུ་རུ་ཐོད་ཕྲེང་རྩལ། །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་རྡོ་རྗེ་ཚེ་བུམ་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །པང་གཡོན་དབྱིངས་ཕྱུག་མཐིང་ག་འཁྲིལ། །ཕྱག་གཡས་གྲི་གུག་ཡབ་ལ་འཁྱུད། །གཡོན་པ་ཐོད་ཁྲག་ཡབ་ཞལ་སྟོབ། །རྒྱན་ལྡན་ཞི་མ་ཁྲོ་ཡི་ཚུལ། །ཡབ་ཡུམ་གནས་ལྔར་པད་འདབ་ལ། །ཧཱུཾ་དང་ར་ཙ་ཧྲི་ཡ་དང་། །ཨ་དང་ཧ་རི་ནི་ས་ས་མཚན། །ཕྱི་རིམ་བར་སྣང་འོད་ལྔའི་ཀློང་། །སྤྲུལ་པའི་གུ་རུ་མཚན་བརྒྱད་གསལ། །རྒྱ་གྲམ་ཕྱི་ཡི་པད་འདབ་བཞིར། །ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར། །ལྷོ་རུ་རིན་ཆེན་མཁའ་འགྲོ་སེར། །ནུབ་ཏུ་པདྨ་མཁའ་འགྲོ་དམར། །བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་། །ཀུན་ [6a] ཀྱང་མདའ་དར་ཚེ་བུམ་བསྣམས། །སྒོ་བཞིར་སྒོ་བ་ཡབ་ཡུམ་བཞི། །རང་རང་རིགས་ཀྱི་ཕྱག་མཚན་དང་། །མདའ་དར་ཚེ་བུམ་ཐོགས་པར་བསྐྱེད། །སྣ་ཚོགས་པད་སྐོར་ཕྱི་མ་ལ། །བདག་སྐྱོབ་ལྷ་དང་རིག་འཛིན་དང་། །རིགས་འདུས་མཁའ་འགྲོ་འབུམ་སྡེ་རྣམས། །དངོས་གྲུབ་སྟེར་ཅིང་བར་ཆད་སེརལ། །གླུ་ལེན་གར་བྱེད་རོལ་མོ་སྒྲོགས། །འདོད་ཡོན་མཆོད་པ་སྣ་ཚོགས་སྟོབ། །ཆར་སྤྲིན་གཏིབས་པ་ལྟ་བུར་བསྐྱེད། །དེ་ལྟར་ལྷ་ཚོགས་ཐམས་ཅད་ཀྱི། །གནས་གསུམ་ཨོཾ་ཨཱཿཧཱུཾ་གིས་མཚན། །དེ་ལས་འོད་ཟེར་རབ་འཕྲོས་པས། །བདེ་ཅན་པདྨ་འོད་ཞིང་སོགས། །རབ་འབྱམས་ཞིང་ཁམས་ཐམས་ཅད་ནས། །དུས་གསུམ་རྒྱལ་བ་སྲས་བཅས་རྣམས། །འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱི། །རྣམ་པར་སྐད་ཅིག་སྤྱན་དྲངས་གྱུར། །། ཅེས་བདག་མདུན་བུམ་གསུམ་གཅིག་ཆར་དུ་གསལ་བཏབ་ནས། སྤྱན་འདྲེན་པ་ནི། སྤོས་རོལ་དབྱངས་དང་བཅས་ཏེ།ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཞིང་ཁམས་ནས༔ བླ་མ་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ རྩ་གསུམ་ཚེ་བདག་ལྷ་མོ་མགྱོགས་མ་དང་༔ ཕོ་ [6b] ཉ་སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ འགྲོ་བ་ཚེ་དང་ལོངས་སྤྱོད་སྤེལ་བའི་ཕྱིར༔ སྨོན་ལམ་ཐུགས་རྗེའི་དབང་གིས་འདིར་གཤེགས་ལ༔ སྒྲུབ་མཆོག་སྐལ་ལྡན་རྣམས་ལ་བྱིན་གྱིས་རློབས༔ འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་ས་མ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི། ཧྲཱིཿ རང་བྱུང་རྣམ་དག་ཚེ་ཡི་དཀྱིལ་འཁོར་འདིར༔ རིན་ཆེན་ཁྲི་རྐང་པདྨ་ཉི་ཟླའི་སྟེང་༔ འཆི་མེད་རིག་འཛིན་ཚེ་ཡི་ལྷ་ཚོགས་རྣམས༔ དགྱེས་པར་བཞུགས་ལ་ཚེ་དབང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ཕྱག་འཚལ་བ་ནི། ཧྲཱིཿ སྣང་སྲིད་རྣམ་དག་གཞལ་ཡས་འདིར༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་ལ༔ སྤང་བླང་དགག་སྒྲུབ་མེད་པའི་ཕྱིར༔ རང་རིག་རང་གསལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ མཆོད་པ་འབུལ་བ་ལས། ཕྱི་མཆོད་ནི།ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ མཁའ་མཉམ་རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ མེ་ཏོག་བདུག་སྤོས་སྣང་གསལ་མར་མེ་དྲི༔ ཞལ་ཟས་རོལ་མོར་བཅས་པའི་མཆོད་པ་འབུལ༔ འཆི་མེད་ [7a] ཚེ་ཡི་དངོས་གྲུབ་སྩོལ་དུ་གསོལ༔ ཨོཾ་བཛྲ་པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྡ་པྲ་ཏཱིཙྪ་སྭཱཧཱ༔ ནང་མཆོད་ནི།ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ མཁའ་མཉམ་རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་མཆོད་སྤྲིན་རྒྱ་མཚོའི་མཆོད་པ་འབུལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་རཱུ་པ། ཤཔྡ། གནྡྷེ། ར་ས། སྤརྴེ། དྷརྨ། པཱུ་ཛ་ཨཱཿཧཱུཾ༔ གསང་མཆོད་ནི།ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ མཁའ་མཉམ་རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ ཚོགས་གཏོར་ཞལ་ཟས་བདུད་རྩི་ཨ་མྲྀ་ཏ༔ རཀྟ་དམར་གྱི་ཨརྒའི་མཆོད་པ་འབུལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་མ་ཧཱ་པཱུ་ཛ་བ་ལིཾ་ཏ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧིཿ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི།ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ མཁའ་མཉམ་རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ ཕྱི་ནང་གསང་བ་ལུས་དང་ལོངས་སྤྱོད་དང་༔ ཟག་མེད་བདེ་བ་མཆོག་གི་མཆོད་པ་འབུལ༔ [7b] འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ སརྦ་ཛྙཱ་ན་པའུ་ཛ་ཧོཿ བསྟོད་པ་ནི།ཧྲཱིཿ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་མ་ལུས་རྣམ་པར་སྤངས༔ མཁའ་དང་མཉམ་པའི་སྐུ་མཆོག་མངའ་བའི་ལྷ༔ མཉམ་ཉིད་ལྷ་ཡི་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་མ་ལུས་རྣམ་པར་སྤངས༔ མཁའ་དང་མཉམ་པའི་གསུང་མཆོག་མངའ་བའི་ལྷ༔ མཉམ་ཉིད་ལྷ་ཡི་གསུང་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་མ་ལུས་རྣམ་པར་སྤངས༔ མཁའ་དང་མཉམ་པའི་ཐུགས་མཆོག་མངའ་བའི་ལྷ༔ མཉམ་ཉིད་ལྷ་ཡི་ཐུགས་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ སྒྲུབ་པའི་དྲི་མ་མ་ལུས་རྣམ་པར་སྤངས༔ མཁའ་དང་མཉམ་པའི་འཁོར་ཚོགས་མངའ་བའི་ལྷ༔ མཉམ་ཉིད་ལྷ་ཡི་འཁོར་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ཛཔྲ་བཟླ་བ་ནི།སྙིང་གའི་ཡེ་ཤེས་སེམས་དཔའ་རྟ་མགྲིན་གྱི། །ཐུགས་ཀར་སྣ་ཚོགས་རྡོ་རྗེ་བརྡལ་བ་ཡི། །ལྟེ་ [8a] བར་ཉི་ཟླའི་གྭའུ་ཁ་སྦྱོར་སྦུབས། །རླུང་སེམས་དྭངས་མ་ཧྲཱིཿ ཡིག་དམར་གསལ་མཐར། །སྔགས་ཕྲེང་གཡས་སུ་འཁོར་ལས་འོད་ཟེར་འཕྲོས༔ །འཇིག་རྟེན་འཇིག་རྟེན་འདས་པའི་ཚེ་བསོད་ནམས། །བསྟོད་གསུམ་ཚེ་བཅུད་འབྱུང་ལྔའི་དྭངས་མ་ཀུན༔ །འུབ་བསྡུས་བདག་ཐིམ་གཟི་བྱིན་མཐུ་སྟོབས་བསྐྱེད། །མི་ཤིགས་འཆི་མེད་རྡོ་རྗེའི་སྐུ་འགྲུབ་འགྱུར། །ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་སིདྡྷི་ཧཱུཾ༔ ཞེས་གཙོ་བོར་བཟླ་ཞིང་།ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ཨཱ་ཡུ་ཛྙཱ་ན་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུཾ་ཨཱཿ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ་ཛ་ཛཿ ཨོཾ་བྷྲཱུཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་ཚེ་བྷྲཱུཾ་ཨ་ཡུ་ཛྙཱ་ན་གཡུ་ཚེ་བྷྲཱུཾ༔ ཅེས་པའང་ཅི་རིགས་བཟླ། བུམ་བཟླས་ཟུར་དུ་སྤྲོ་ན། གཟུངས་ཐག་ལ་འཇུས་ཏེ།རང་སྲོགས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་བཟླས་པ་ཅི་རིགས་བྱས་མཐར་མཆོད་ཡོན་ཕུལ་བས་ལྷ་བདུད་རྩིར་ཞུ་བར་བསམ། སླར་ཡང་སྒྲུབ་རྫས་ཐམས་ཅད་ལ་དམིགས་ཏེ། ཚེ་ཡི་རིག་འཛིན་ཆོས་སྲུང་ཚོགས་ [8b] རྣམས་ཀྱིས། །འཁོར་འདས་ཀུན་གྱི་ཚེ་ཡི་དངོས་གྲུབ་ཀུན༔ །དཀར་དམར་འོད་ཀྱི་རྣམ་པ་ཅན་དུ་བསྡུས། །ཚེ་ཡི་རྗས་རྣམས་ཀུན་ལ་ཐིམ་ཡིས། །འཆི་བ་མེད་པའི་བདུད་རྩིའི་མཆོག་ཏུ་གྱུར། །།ཅེས་བཟླས་པ་གང་འགྲུབ་བྱ། ཐུན་མཚམས་སུ་ཚེ་འགུགས་བསྐུལ་བ་ནི། མདའ་དར་གཡབ་ལ།ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་ནི་མཁའ་མཉམ་དཔག་ཏུ་མེད༔ ཕྱག་གཡས་རྡོ་རྗེ་མདའ་དར་འཛིན༔ གཡོན་པ་ཚེ་བུམ་རིན་ཆེན་ཕྲེང་༔ ཡང་གསང་ཐུགས་ཀྱི་གྭའུ་ནས༔ སྙིང་པོ་ཚེ་ཡི་ཨཱ་ཡུ་འདི༔ མགོན་པོའི་ཚེ་བཞག་གནས་འདིར་ཡིན༔ བདག་ཅག་ཚེ་འདི་གནས་པར་མཛོད༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་སིདྡྷི་ཧཱུཾ༔ ཨོཾ་བྷྲཱུཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་ཨཱ་ཡུ་ཛྙཱ་ན་གཡུ་ཚེ་བྷྲཱུཾ༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ༔ ལོངས་སྤྱོད་རྫོགས་སྐུ་ཐོད་ཕྲེང་རྩལ༔ ཡབ་ཡུམ་མཚན་བརྒྱད་མཁའ་འགྲོ་མ༔ རྩ་གསུམ་ལྷ་ཚོགས་ཐམས་ཅད་ཀྱིས༔ སྣང་སྲིད་ཀུན་ནས་ཚེ་བསྡུས་ལ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཨོཾ་ཨཱཿཧཱུཾ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཏ་ཐཱ་ག་ཏ་ཨཱ་ཡུ་སིདྡྷི་ཧའུཾ༔ ཨོཾ་བྷྲཱུཾ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཧྲཱི་ཧཱུཾ་ཛ༔ ཧཱུཾ༔ ཤ་ཡི་ [9a] ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་བཅུད་བསྡུས་ལ༔ སངས་རྒྱས་སྤྱན་མས་ཚེ་ཁུག་ལ༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུཾ༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་བཅུད་བསྡུས་ལ༔ མཱ་མ་ཀི་ཡིས་ཚེ་ཁུག་ལ༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུཾ༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་བཅུད་བསྡུས་ལ༔ གོས་དཀར་མོ་ཡིས་ཚེ་ཁུག་ལ༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུཾ༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ རླུང་གི་ཁམས་ནས་བཅུད་བསྡུས་ལ༔ དམ་ཚིག་སྒྲོལ་མས་ཚེ་ཁུག་ལ༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུཾ༔ སེམས་ཀྱི་ཁམས་ནས་ཚེ་ཉམས་ན༔ ནམ་མཁའི་ཁམས་ནས་བཅུད་བསྡུས་ལ༔ ཀུན་ཏུ་བཟང་མོས་ཚེ་ཁུག་ལ༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུཾ༔ ཤར་ཕྱོགས་གངས་རི་དཀར་པོའི་གཞལ་ཡས་ནས༔ དཀར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་དཀར་མོ་མགྱོགས་མ་འབུམ༔ རྡོ་རྗ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ལྷོ་ཕྱོགས་ [9b] བཻཌཱུརྻ་ཡི་གཞལ་ཡས་ནས༔ སེར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཡོན་ཏན་སྤྲུལ་པ་སེར་མོ་མགྱོགས་མ་འབུམ༔ རཏྣ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ནུབ་ཕྱོགས་པདྨ་རཱ་གའི་གཞལ་ཡས་ནས༔ དམར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ གསུང་གི་སྤྲུལ་པ་དམར་མོ་མགྱོགས་མ་འབུམ༔ པདྨ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ བྱང་ཕྱོགས་ཨིནྡྲ་ནཱི་ལའི་གཞལ་ཡས་ནས༔ ལྗང་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཕྲིན་ལས་སྤྲུལ་པ་ལྗང་མོ་མགྱོགས་མ་འབུམ༔ ཀརྨ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་སིདྡྷི་ཧཱུཾ༔ ཨོཾ་བྷྲཱུཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་གཡུ་ཚེ་བྷྲཱུཾ་ཨཱ་ཡུ་ཛྙཱ་ན་གཡུ་ཚེ་བྷྲཱུཾ༔ ཧྲཱིཿ གཞན་ཡང་ཚེ་ཡི་ཕོ་ཉ་ནི༔ རིག་འཛིན་དཔའ་བོ་རྣལ་འབྱོར་མ༔ ཆོས་སྐྱོང་སྲུང་མ་གཏེར་བདག་དང་༔ བཀའ་ཉན་ལས་མཁན་གཏོར་ལེན་ཚོགས༔ སྤྲུལ་པ་མི་ཟད་ཅིར་ཡང་སྟོན༔ འཁོར་ཡང་རང་འདྲ་འབུམ་ཕྲག་རེ༔ རིན་ཆེན་དབུ་རྒྱན་རོངས་སེར་རོང་༔ དར་གྱི་ཅོད་པན་པུ་རུ་རུ༔ ཚེ་ཡི་མདའ་དར་རོངས་སེ་རོང་༔ དྲི་ཞིམ་ངད་པ་ཆི་ལི་ལི༔ [10a] དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག༔ དཀར་ལ་འཚེར་བའི་ཚེ་ཁུ་ཅིག༔ སྣུམ་ལ་འདྲིལ་བའི་ཚེ་ཁུག་ཅིག༔ ཡར་གྱི་བདུད་པོའི་ལག་ནས་ཚེ་ཁུག་ཅིག༔ མར་གྱི་བདུད་མོའི་ལག་ནས་ཚེ་ཁུག་ཅིག༔ ལྷ་སྲིན་སྡེ་བརྒྱད་ལག་ནས་ཚེ་ཁུག་ཅིག༔ ཕྱོགས་སྐྱོང་འབྱུང་པོའི་ལག་ནས་ཚེ་ཁུག་ཅིག༔ རྒྱལ་ཆེན་སྡེ་བཞིའི་ལག་ནས་ཚེ་ཁུག་ཅིག༔ ཉི་ཟླ་གཟའ་སྐར་ལག་ནས་ཚེ་ཁུག་ཅིག༔ གཤིན་རྗེའི་མགོ་ལུས་ཕྲལ་ལ་ཚེ་ཁུག་ཅིག༔ བདུད་ཀྱི་ཁང་རུལ་ཤིག་ལ་ཚེ་ཁུག་ཅིག༔ བཙན་གྱི་གྭའུ་ཆོག་ལ་ཚེ་ཁུག་ཅིག༔ དམ་སྲི་དབང་དུ་སྡུད་ལ་ཚེ་ཁུག་ཅིག༔ གདོན་བགེགས་ཐལ་བར་རློག་ལ་ཚེ་ཁུག་ཅིག༔ འགྲོ་བ་ཡོངས་ཀྱི་བླ་ཚེ་མི་འགུག་སྟེ༔ དེང་འདིར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ བླ་ཚེ་ཉམས་ན་བླ་ཚེ་ཁུག༔ སྲོག་ཚེ་ཉམས་ན་སྲོག་ཚེ་ཁུག༔ ནོར་ཚེ་ཉམས་ན་ནོར་ཚེ་ཁུག༔ ཟས་ཚེ་ཉམས་ན་ཟས་ཚེ་ཁུག༔ གོས་ཚེ་ཉམས་ན་གོས་ཚེ་ཁུག༔ ཡོ་བ་སྲོང་བ་གས་པ་སྦྱོར༔ ཆད་པ་མཐུད་ལ་འཐོར་བ་སྡུས༔ ལོ་བརྒྱ་འཚོ་བའི་ཚེ་ཁུག་ཅིག༔ སྟོན་བརྒྱ་མཐོང་བའི་ [10b] དཔལ་སྩོལ་ཅིག༔ རོ་མཆོག་བརྒྱ་ལྡན་ཟས་ཁུག་ཅིག༔ བང་མཛོད་ཁྲི་ལྡན་ནོར་ཁུག་ཅིག༔ ཕོ་བྲགྱུད་བརྒྱུད་རིང་ཚར་ཁུག་ཅིག༔ མོ་བརྒྱུད་སྲིད་འཕེལ་ཚེ་ཁུག་ཅིག༔ ཚེ་རྣམས་འཛིན་པའི་ཕོ་ཉ་རྣམས༔ ཐོགས་པ་མེད་པར་འདིར་ཁུག་ཅིག༔ ཚེ་འབྲས་འདི་ལ་པྲ་ཅིག་ཕོབ༔ བུམ་པ་འདི་ལ་དཔལ་ཅིག་སྐྱེད༔ ཚེ་ཟན་འདི་ལ་བཅུད་ཅིག་ཕོབ༔ ཚེ་ནས་འདི་ལ་གཡབ་ཅིག་ཁུག༔ ཚེ་བཅུད་མ་ལུས་འདིར་ཁུག་ལ༔ བཀྲ་ཤིས་བུམ་པའི་ནང་དུ་སྩོལ༔ ཨོཾ་བྷྲཱུཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་གཡུ་ཚེ་བྷྲཱུཾ་ཨཱ་ཡུ་ཛྙཱ་ན་གཡུ་ཚེ་བྷྲཱུཾ༔ ཞེས་བཀུག་ཅིང་བསྟིམ་ལ། རྒྱས་གདབ་པ་ནི།ཨོཾ་བྷྲཱུཾ་ཏྲ་ཏྲ་ཤག༔ མུ་དྲ་ ཧོཿ ཏིཥྛ་ལྷན༔ ཞེས་བདུན་ནམ་ཉེར་གཅིག་ཙམ་བཟླས་ནས།སྙིང་པོ་བསྐྱོད་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་ཚེ་གཡང་འདི༔ སྤྲོས་པས་སྟོང་གསུམ་བཀྲག་དང་ལྡན༔ བསྡུས་པས་ཐུགས་སྲོག་ནྲྀ་ལ་ཐིམ༔ བསྲུངས་པས་ལུས་ལ་གཟི་མདངས་བསྐྱེད༔ བཅིངས་པས་རྡོ་རྗེ་ལུ་གུ་བརྒྱུད༔ མི་ཤིགས་རྡོ་རྗེའི་ལྕགས་སྒྲོག་འདྲ༔ མི་འགྱུར་དབྱིངས་སུ་ཚེ་སྦའོ༔ ཆོས་དབྱིངས་ཀློང་དུ་ཚེ་སྦས་པས༔ དུས་གསུམ་སངས་རྒྱས་དགྲར་ [11a] ལངས་ཀྱང་༔ དེ་ལ་བཟུང་ཞིང་སྤྱད་དུ་མེད༔ བློ་འདས་འཆི་མེད་དགོངས་པའོ༔ ཨ་ཨ་ཨ་ཛྙཱ་ན་བྷྲཱུཾ༔ ཞེས་རྒྱས་གདབ་བོ། །ཚོགས་མཆོད་བྱ་བར་སྤྲོ་ན། དམ་ཚིག་གི་རྫས་བཤམས་ལ་བྱིན་གྱིས་བརླབ་པ་ནི།རྃ་ཡྃ་ཁྃ༔ ཨོཾ་གྱིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་གྱུར༔ ཧཱུཾ་གིས་རྒྱུ་དྲུག་དག་པར་བྱས༔ ཚོགས་ཀྱི་དངོས་ཐམས་ཅད་རྣམས༔ འདོད་པའི་ཡོན་ཏན་ལྔ་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཞིང་སྤྱན་འདྲེན་པ་ནི།ཧཱུཾ༔ རང་བཞིན་རྣམ་པར་དག་བའི་གཞལ་ཡས་ནས༔ བླ་མ་རིག་འཛིན་བཅོམ་ལྡན་ཚེ་ཡི་བདག༔ ཡི་དམ་མཁའ་འགྲོ་བཀའ་སྡོད་སྲུང་མར་བཅས༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛཿ ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི།ཧཱུཾ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན༔ སྣ་ཚོགས་ཚོགས་ཀྱི་ལོངས་སྤྱོད་རྣམས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཐུགས་དམ་སྐོང་ལ་བར་ཆད་སོལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ གུ་ [11b] རུ་ངྷེ་བ་དྷཱ་ཀི་ནཱི་ག་ཎ་ཙ་ཀྲ་ཁ་རཾ་ཁཱ་ཧི༔ བར་པ་བཤགས་པ་ནི།ཨོཾ་ཨཱཿཧཱུཾ༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་གྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཞེས་དང་ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་བསྟབ་ནི།ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿ ཧཱུཾ་བཾ་ ཧོཿ ཧཱུཾ༔ བདག་ཉིད་ཁྲོ་རྒྱལ་ཆེན་པོའི་སྐུ༔ གཟུང་འཛིན་ཚེ་ཡི་བར་ཆད་བདུད༔ གཉིས་མེད་བྱང་ཆུབ་སེམས་སུ་བསྒྲལ༔ གསལ་སྟོང་ཆེན་པོར་མཱ་ར་ཡ༔ ཧཱུཾ༔ དུག་ལྔ་བསྒྲལ་བའི་གཟུགས་ཕུང་ལྔ༔ ཡེ་ཤེས་ལྔ་ཡི་རང་བཞིན་དུ༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་འབུལ༔ ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ༔ གུ་རུ་ངྷེ་བ་དྷཱ་ཀི་ནཱི་དྷརྨ་པཱ་ལ་མཧཱ་མཱཾ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་ཚོགས་ཀྱི་དམ་རྫས་ནང་གི་སྲེག་བླུག་ཏུ་ལོངས་སྤྱད་ལ། སྨོན་ལམ་ནི།ཧོཿ ཚོགས་མཆོད་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང་༔ ཡེ་ཤེས་སྣང་བ་རབ་གསལ་ནས༔ དག་པ་ཆེན་ [12a] པོའི་ས་ཐོབ་ཤོག༔ ཅེས་གདབ། ལྷག་མ་བསྔོ་བ་ནི།ཨོཾ་ཨཱཿཧཱུཾ་ཕེཾ༔ ཧྲཱིཿ ཚེ་དཔག་མེད་མགོན་བཀའ་འཁོར་ནས༔ ལྷག་ལ་དབང་བའི་ཕོ་ཉ་ཀུན༔ ཕུད་ལྷག་མཆོད་པ་འདི་བཞེས་ལ༔ སྒྲུབ་མཆོག་ཚེ་ཡི་བར་ཆད་སོལ༔ ཨུ་ཙྪིཥྚ་བ་ལིངྟ་ཁཱ་ཧི༔ ཆད་ཐོ་བསྒྲགས་ཤིང་བརྟན་མ་བསྐྱང་བ་ནི། ཨོཾ་ཨཱཿཧཱུཾ༔ ཧྲཱིཿ སྔོན་ཚེ་བར་དང་བསྐལ་པ་ཐ་མའི་དུས༔ སྐུ་གསུམ་སྟོན་པ་བརྒྱུད་གསུམ་རིག་འཛིན་གྱིས༔ བཀའ་བསྒོས་དམ་བཞག་སྣང་སྲིད་དྲེགས་ཚོགས་ཀུན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་རྣམ་བཞི་སྒྲུབས༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཚོགས༔ པདྨའི་བཀའ་བཞིན་བཤལ་ཆུའི་བདུད་རྩི་བཞེས༔ སྒྲུབ་པོའི་ཚེ་སྲིང་རྐྱེན་ཟློག་འཁོར་སློབ་སྤེལ༔ ཡང་ཟབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ སརྦ་དྷརྨ་པཱ་ལ་མ་མ་ང་ལིཾ་ཏ་ཁཱ་ཧི༔ རྟ་བྲོ་བརྡུང་བ་ནི། ཧཱུཾ་ཧྲཱིཿ ཚེ་བདུད་བར་ཆད་སེལ་བའི་ལྷ༔ དབང་ཆེན་རྔམས་པའི་རྟ་བྲོ་བརྡུང་༔ དམ་སྲི་འབྱུང་པོའི་ཚོགས་རྣམས་ཀུན༔ རྡོ་རྗེ་ལྷུན་པོའི་འོག་ཏུ་མནན༔ ཧྲཱིཿ ཧྲཱིཿ ཧྲཱིཿ ཧཱུཾ་ཧཱུཾ་ཧཱུཾ་སྟམྦྷ་ཡ་ནན༔ [12b] དངོས་གྲུབ་བླང་བ་ནི། སྒྲུབ་རྫས་གནས་གསུམ་དུ་རེག་ཅིང་། ཧོཿ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ རིགས་འདུས་ཚེ་ཡི་ལྷ་ཚོགས་འཁོར་བཅས་ཀྱི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འགགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་སྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འཛད་མེད་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ༔ བརྒྱུད་འཛིན་རིགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ དམ་པ་ཆོས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ༔ ཨཱ་ཡུ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧོཿ [13a] ཞེས་ཚེ་ཆུ་ཚེ་ཟན་ཚེ་ཆང་ལ་ལོངས་སྤྱད། སླར་ཡང་། ཨོཾ་གུ་རུ་ཨཱ་ཡུ་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། ཧྲཱིཿ སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ རྩ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ཡི་གེ་བརྒྱ་པ་དང་། མ་རྙེད་ཡོངས་སུ་མ་ཚང་དང་། སོགས་ཀྱིས་ནོངས་པ་བཤགས། མདུན་བསྐྱེད་དང་འབྲེལ་བ་ནི། འདིར་ནི་གཟུགས་དང་ལྷན་ཅིག་ཏུ་སོགས་ཀྱིས་ཡེ་ཤེས་པ་རྟེན་ལ་བསྟིམ། གཞན་དུ་དམ་ཡེ་མ་ཕྱེ་བར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་བསྡུ་བ་ནི། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་ལ་བསྡུ༔ བཅུད་ཀྱི་སེམས་ཅན་དཀྱིལ་འཁོར་ལྷ་ལ་བསྡུ༔ དཀྱིལ་འཁོར་ལྷ་ཚོགས་ཚེ་བཅུད་ཨ་ལ་བསྡུ༔ ཨ་ནི་སྐྱེ་མེད་སེམས་ཀྱི་སྟེང་དུ་བསྡུ༔ སེམས་ཉིད་སྤྲོས་བྲལ་ཆོས་སྐུ་དྲི་མེད་འདི༔ བདེ་གཤེགས་སྙིང་པོ་འགྱུར་མེད་ཚེ་ཡི་རྟེན༔ གསལ་སྟོང་འཛིན་མེད་ཆེན་པོའི་ངང་ལ་བཞག༔ རྒྱུན་གྱི་སྤྱོད་ལམ་ལ་འཇུག་པ་ནི། སླར་ཡང་ཚེ་ཡི་བར་ཆད་བསྲུང་བའི་ཕྱིར༔ རང་ཉིད་རིགས་འདུཡས་ཚེ་དཔག་མེད་པར་བཞེངས༔ [13b] ཚད་མེད་བཞི་ལྡན་བྱང་ཆུབ་སེམས་ཀྱི་ངང་༔ རྒྱུན་དུ་འགྲོ་བའི་དོན་ལ་བརྩོན་པར་བྱ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ༔ བསྔོ་བ་སྨོན་ལམ་ནི། བདག་གིས་བླ་མེད་ཚེ་ཡི་དཀྱིལ་འཁོར་དུ༔ བསྒོམས་བསྒྲུབ་བཟླས་མཆོད་གསོལ་བ་བཏབ་པའི་མཐུས༔ འགྲོ་རྣམས་རིག་འཛིན་ཚེ་ཡི་སྣོད་གྱུར་ནས༔ ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག༔ བཀྲ་ཤིས་བརྗོད་པ་ནི། ཧོཿ སྐུ་གསུམ་དབྱེར་མེད་སྟོབས་བཅུའི་ཡོན་ཏན་རྫོགས༔ མཐོང་ཐོས་དྲན་རེག་འཆི་མེད་དངོས་གྲུབ་སྩོལ༔ བཀྲ་ཤིས་རིགས་འདུས་ཚེ་ཡི་ལྷ་ཚོགས་ཀྱིས༔ བདག་ཅག་སྐྱེ་རྒུ་ཀུན་ལ་བདེ་ལེགས་ཤོག༔ ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་ལ་མེ་ཏོག་གི་ཆར་དབབ་པས་བདེ་ལེགས་སུ་བྱའོ། ། ༈ །འདིའི་བསྙེན་སྒྲུབ་བྱེད་ན། བྱིན་བརླབས་གྲུབ་པའི་གནས་དང་སྒྲུབ་ཁང་བཀྲ་ཤིས་པའི་ཕྱོགས་སུ་ར་བ་བཞི་གང་རུང་གི་ཡར་ངོའི་གཟའ་སྐར་དགེ་བའི་སྔ་དྲོ་ལ་མཚམས་དམ་དུ་བཅད། བཅའ་གཞིའི་རིམ་པ་གོང་དུ་སྨོས་པ་ལྟར་ལ་གཞན་གྱིས་མ་མཐོང་བ་དང་། ཚེ་སྒྲུབ་པ་སུས་ཀྱང་མ་ཤེས་པར་བྱེད། དངོས་གཞི་ཐུན་བཞིའམ་དྲུག་ཏུ་བཅད་ལ་ཕྲིན་ལས་ཀྱི་གཞུང་བསྲང་། རང་ཉིད་རིགས་འདུས་ཚེ་དཔག་མེད་སྣང་སྟོང་འཇའ་ཚོན་ལྟ་བུར་གསལ་བའི་ལྷར་སྣང་དང་ང་ [14a] རྒྱལ་ལ་སེམས་བཟུང་ཞིང་གསལ་སྣང་བརྟན་པོར་འཆར་བ་ལ་བསླབ། གསལ་ཐེབས་ནས་ཁྱད་པར་གྱི་བཟླས་དམིགས་ནི། རང་གི་སྙིང་གར་ཕ་ལམ་ལས་གྲུབ་པའི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་སྲུབ་མེད་པའི་དབུས་སུ་ཐུགས་སྲོག་ཧྲཱིཿདམར་པོ་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོ་བ། དེའི་ཁོག་པར་ཚེ་རྟེན་ནྲྀ་ལྗང་གུའི་ཁོག་པར་ཨས་མཚན་པ། བཟླས་པས་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བསམ་གྱིས་མི་ཁྱབ་པ་ཕྱོགས་ཐམས་ཅད་དུ་བུན་བུན་འཕྲོས། རང་གི་བླ་སྲོག་ཚེ་བཅུད་ཆད་ཉམས་ཡར་བ་དང་། སྣང་སྲིད་འཁོར་འདས་ལྷ་སྔགས་སུ་གསལ་བའི་ཚེ་བཅུད་དྭངས་མ་ཐམས་ཅད་ཡིག་འབྲུ་འོད་ཟེར་བདུད་རྩིའི་རྣམ་པར་བསྡུས་ཏེ་ལུས་ཀྱི་ནང་ཐམས་ཅད་མེར་གྱིས་ཁེངས་པས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བསལ། ཚེ་བསོད་ཡེ་ཤེས་ཐམས་ཅད་རྒྱས། དྭངས་མ་སྙིང་གའི་ཚེ་རྟེན་ལ་འུབ་ཀྱིས་འདྲིལ་བས་རྡོ་རྗེའི་སྲོག་ཐོབ་པར་བསམ་ཞིང་། ལས་མཐུན་གྱི་ཕྲེང་བ་བྱིན་གྱིས་བརླབས་པ་བཟུང་སྟེ་བཟླས་པ་ལ་རྩེ་གཅིག་ཏུ་འབད། ཚེ་བསྡུ་བའི་དུས། རང་གི་བླ་འཁྱམས་པ་ཐམས་ཅད་དབྱངས་ཡིག་བཅུ་དྲུག །ཚེ་ཉམས་པ་དང་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འཆི་མེད་བདུད་རྩི། སྲོག་གི་དྭངས་མ་རླུང་ལྔ་འོད་ཟེར་གྱི་རྣམ་པར་བསྡུ་བར་བྱ། བཟླས་པའི་སྐྱོན་ལྔ་སྤང་། ངག་ཁོར་ཡུག་ཏུ་བཅད། [14b] མེ་དང་ཉི་མ་ལ་མི་སྡོད། སྟན་གྱི་དྲོད་མ་ཡལ་བར་བྱ། བཅུད་ལེན་དང་འབྲེལ་ན་མཆོག་ཡིན། ཐུན་དང་ཐུན་མཚམས་ཐམས་ཅད་དུ་ལྷ་དང་རང་སེམས་དབྱེར་མེད་འཆི་མེད་གཉུག་མ་ཟང་ཐལ་དུ་བསྐྱང་། ཐུན་ཞབས་སུ་ཚེ་འགུགས་བསྐུལ་བའི་རྗེས་ཚེ་བཅུད་དྭངས་མ་རླུང་གི་སྟོག་རྟེན་ལ་ཐིམ་པས་ཚེའི་སྲོག་ཕུར་ཐེབས། ཉི་ཟླ་ཁ་སྦྱོར་ཤིན་ཏུ་མཁྲེགས་པ་སྲུབ་མེད་པའི་ཕྱི་རོལ་སྣ་ཚོགས་རྡོ་རྗེའི་རྭ་སྟེང་དུ་མདུད་པ་རྡོ་རྗེ་ཕྱེད་པའི་ཟེར་གྱིས་བཏབ་པས་ཅིས་ཀྱང་མི་ཤིགས་པར་བསམ་ལ་རང་རིག་པའི་ངང་དུ་རྒྱས་གདབ། བསྙེན་པའི་ཚད་ནི། རྒྱུད་ལས། འབུམ་ཚོ་རེ་བཟླས་ལོ་རེའི་བར་ཆད་སེལ༔ འབུམ་ཕྲག་བཞི་ཡིས་ཚེ་ཡི་དངོས་གྲུབ་ཐོབ༔ འབུམ་ཕྲག་བཅུ་བཟླས་འཆི་མེད་རིག་འཛིན་འགྱུར༔ ཞེས་གསུངས་པས། རྩ་བའི་སྙིང་པོ་ཇི་ཙམ་ནུས་ཀྱི་བར་དང་། ཐོད་ཕྲེང་རྩལ་ལས་སྔགས་སྦྲེལ་བ་བསྙེན་པའི་བཅུ་ཆ་ཙམ་དུ་བཟླ། དེ་ལྟར་བརྩོན་པས་རབ་དངོས་དང་། འབྲིང་ཉམས། ཐ་མ་རྨི་ལམ་དུ་རིགས་འདུས་ཚེ་ལྷའི་ཞལ་མཐོང་བ། ཛཔྲ་སྒྲ་ཐོས་པ། ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ། གཞན་ཡང་རྨི་ལམ་དུ་ཉི་ཟླ་ཤར་བ། ཆུ་བོ་རྒྱས་པ། རྩི་ཤིང་ལོ་ཏོག་ཆེས་ཆེར་འཕེལ་བ། ཟམ་པ་འཛུག་པ། དཀར་མངར་ཤིང་ཏོག་བདུད་རྩི་སོགས་ཁ་ཟས་བཟང་པོ་བཟའ་བཏུང་བྱེད་པ། མདའ་དང་སཱཙྪ་རྙེད་པ་སོགས་རྨིན་བཟང་། དངོས་སུ་ཡང་ལུས་ཁམས་ཉམས་ [15a] པ་སོར་ཆུད་པ་དང་། དབང་པོ་དྭངས་པ། སྤོས་དང་མར་མེ་སོགས་ཡུན་དུ་ཐུབ་པ། དྲི་བཟང་པོ་འཐུལ་བ། ཁ་ཟས་གང་ཟོས་ཀྱང་རོ་བཅུད་སྔར་ལས་ཆེ་ཞིང་ལུས་སེམས་ལ་ཕན་པ་སོགས་དགེ་བའི་རྟགས་མང་དུ་འབྱུང་། དེ་ལྟ་བུའི་རྟགས་མཐོང་ནས་ཚེའི་སྒྲུབ་རྫས་ལས་དབང་དང་དངོས་གྲུབ་བླང་། ཚོགས་དང་དགའ་སྟོན་རྒྱ་ཆེར་སྤེལ། རྒྱུན་དུ་ལྷ་སྔགས་ནར་མར་ཉམས་སུ་བླང་བར་བྱ་སྟེ། གཏེར་ཆེན་ཉིད་ཀྱི་གསུང་ལས། དེ་ལྟར་སྒྲུབ་པའི་མཚམས་ཐེམས་ནས་རང་དོན་དུ་ཉམས་སུ་བླང་བའི་ཕྱིར་བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་བརྒྱ་རྩ་རེ་ནམ་མ་ལངས་པའི་གོང་དུ་མི་ཚིག་མ་འདྲེས་པར་བཟླའོ། །ཚེའི་སྲུང་བ་རྡོ་རྗེ་གོ་ཆ་གསེར་གྱི་བྲིས་ལ་གདག་གོ །འདིའི་ཡོན་ཏན་ནི། བླ་མ་ཡི་དམ་མཁའ་འགྲོའི་ཐུགས་རྗེ་ཐམས་ཅད་རང་རྒྱུད་ལ་བབས་ནས་བྱིན་གྱིས་རློབས༔ ཉམས་དང་རྨི་ལམ་དུ་གྲུབ་རྟགས་ཐུན་མོང་དང་ཐུན་མོང་མ་ཡིན་པ་འབྱུང་། ཚེའི་བར་ཆད་ཐམས་ཅད་ཟློག །བཅུ་ཐུབ་པ་བརྒྱ་ཚོར་འགྱུར། དབང་ཐེབ་རེས་ས་ཐེབ་རེ་ནོན་པའི་ཡོན་ཏན་ཡོད། ཨུ་རྒྱན་པདྨའི་དབང་སྒྲུབ་ཚེ་དང་སྦྱར་བའི་ལག་ལེན་ཞག་རེ་མ་བྱེད་ཀྱང་རུང་། བདུན་གསུམ་བྱེད་ཀྱང་རུང་། རྩ་བ་གསུམ་གྱི་ལས་སྦྱོར་དང་སྦྱར་བ། ལག་ལེན་ཡོངས་སུ་བདེ་བའི་པྲ་ཁྲིད་ཁྱེར་བདེ་བའོ། །ཞེས་གསུངས་པ་ལྟར་རོ།། །། ༈ །གཉིས་པ་གཞན་དོན་དུ་དབང་བསྐུར་བའི་རིམ་པ་ལོགས་སུ་བཤད་པ་ལས་ཤེས་པར་བྱའོ།། །། ༈ །གསུམ་པ་གཉིས་ཀའི་དོན་དུ་ལས་ལ་སྦྱོར་བ་ལ། འཆི་བ་བསླུ་བའི་སྒོ་ནས་ཚེ་བསྲིང་བ་དང་། རྒྱས་པའི་སྲེག་བླུགས་ཀྱི་སྒོ་ནས་ཚེ་སྤེལ་བ་གཉིས་ལས། དང་པོ་ནི། གུང་དུ་ཚེ་རྟེན་གྱི་དཀྱིལ་འཁོར་ལེགས་པར་བཤམས་པའི་མདུན་དུ། འབྱུང་ལྔའི་རྟེན་འབྲེལ་མཚོན་པའི་ས་སྤྱིན་བཟང་པོ་དང་འབྲུ་སྣའི་ངར་ཕྱེ་ལ། ཚ་སྣ་གསུམ། ཚ་བ་གསུམ། དར་ལྗང་གུ །ཤེལ་རང་བྱུང་། གཞན་ཡང་འབྲུ་སྨན་དཀར་མངར་བཅས་བསྲེས་པ་ལས་བསྒྲུབ་བྱའི་འདྲ་གླུད་སྐྱེ་མཆེད་དོད་ཅིང་ལུང་ཏང་གི་མིག་སོགས་རྫས་དང་ལྡན་པ་མཛེས་བརྗིད་ཅན་ལ། ནམ་མཁའ་དང་རྒྱང་བུ་བཙུག ། མདའ་བཀྲ། འཕང་བཀྲ། ཤིང་རིས། གཏོར་མ། ཏིང་ལོ། ཆངས་བུ། ཤ་ཆང་། འབྲུ་སྣ་དར་ཟབ་བྱ་གཅན་རི་དྭགས་གཡུང་དྭགས་ཀྱི་གཟུགས་སོགས་དཀོར་ཆ་སྣ་ཚོགས་པས་བསྐོར། སོ་སོའི་ལུས་དྲི་མ་དང་བསྲེས་པའི་གླུད་ཕྲན་ཆངས་བུ་རིལ་བུ་བཅས་མང་དུ་འདུ་བྱས་ལ། ཚེ་སྒྲུབ་ཀྱི་གཞུང་བསྲངས་ཏེ་བཟླས་པ་ཅི་མང་མཐར་ཚེ་འགུགས་བསྐུལ། དེ་ནས་ཡས་ལ་བསང་ཆུ་འཐོར་ཞིང་། རཾ་ཡཾ་ཁཾ་གིས་མ་དག་པའི་དངོས་པོ་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་བར་བསམ་ཞིང་། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ། བྱེ་བྲག་ཏུ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ་པ་ལ། ཆོས་ཉིད་རྣམ་ [16a] དག་ནི། ཝལ་མོ་ཁོང་སྟོང་སྙིང་གར་སྦྱར་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་བ་ཤུདྡྷོ་ཉཧཾ། ལན་གསུམ་མམ་བདུན་བརྗོད།རྫས་རྣམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། ནམ་མཁའ་མཛོད་ནི། ཐལ་མོ་ཁོང་སྟོང་དུ་སོར་རྩེ་སྤྲད་པའི་ཚིག་རྣམས་བཅག་པ་སྨིན་མཚམས་སུ་བཞག་ལ།ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱོཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ། བདུད་རྩི་ཐབས་སྦྱོར་ནི། ཐལ་མོ་ཁ་སྦྱར་བ་ཕྱིར་བསྐྱེད། མཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་བཞག་ལ།ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ། རྒྱལ་ཆེན་ཤུགས་ལྡན་ནི། གཡས་རྡོ་རྗེ་ཁུ་ཚུར་བཅངས་པའི་མཛུབ་མོ་སྒྲེང་། གཡོན་པས་གནོན་བྱས་ལ། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་བསམ། ཡེ་ཤེས་སྐར་མདའ་ནི། གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས་ཤིང་། གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་བྱས་ལ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿ [16b] ས་མནྟ་སྥར་ཎ་རསྨིབྷ་བ་ས་མ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲིད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ཐམས་ཅད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་ལོངས་སྤྱོད་པར་བསམ། དབང་སྒྱུར་འཁོར་ལོ་ནི། ལག་གཉིས་ཀྱི་སོར་མོ་ནང་དུ་བསྣོལ་ནས་མཁྲིགས་མ་སྦྱར། མཐེ་བོང་གཉིས་གཤིབ་སྟེ་སྒྲེང་བ་སྤྱི་བོར་བཞག་ནས། ན་མ༔ སམནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མཧཱ་ས་མ་ཡ་སྭཱཧཱ། མགྲོན་རྣམས་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ། དེ་ལྟར་སྔགས་རྣམས་ལན་གསུམ་མམ་བདུན་རེ་བརྗོད་པའི་ཕྱག་རྒྱ་བཀྲོལ་བ་ན་སེ་གོལ་བྱའོ། །ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། མགྲོན་དགུག་པ་ནི།ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་༔ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན༔ ཆོས་ཅན་ཆོས་ཉིད་བདེན་པའི་མཐུས༔ བསྒྲུབ་བྱའི་བླ་རྐུ་སྲོག་ལ་འཇབ༔ [17a] ཚེ་དང་མདངས་འཕྲོག་འབྱུང་པོའི་ཚོགས༔ ཞི་བའི་སེམས་ཀྱིས་འདིར་ཁུག་ཅིག༔ བདག་གིས་བསྒོ་བའི་བཀའ་ལ་ཉོན༔ ཕན་པའི་སེམས་ཀྱིས་གནས་པར་གྱིས༔ ཊ་ཀི་ཧཱུཾ་ཛཿ སརྦ་བིགྷྣཱན་ཨཾ་ཀུ་ཤ་ཡ་ཛཿ ཛཿ ཞེས་ལན་གསུམ་སོགས་ཀྱིས་མགྲོན་བཀུག་སྟེ་དགའ་ཞིང་གུས་པས་མདུན་དུ་འཁོད་པར་བསམ། གླུད་ཀྱི་སྨྲེང་ནི། ཧཱུྃ༔ སྟོང་གསུམ་ཁམས་ན་གནས་བཅས་ཤིང་༔ སྟེང་འོག་བར་གསུམ་འཁད་པ་ཡི༔ ལྷ་ཀླུ་ས་བདག་མཐུ་བོ་ཆེ༔ སྤར་སྨེ་ལོ་ཟླ་དུས་ཚོད་དང་༔ འབྱུང་ལྔ་ལ་དབང་དྲེགས་པ་ཅན༔ བདུད་དང་གཤིན་རྗེ་མན་ཆད་ནས༔ ཡི་དྭགས་ཕྲ་མོ་ཡན་ཆད་རྣམས༔ རྒྱུ་སྦྱོར་སྦིན་པའི་བདག་པོ་ལ༔ སྔོན་ལས་འཕྲལ་རྐྱེན་གང་ཡང་རུང་༔ བླ་ལ་བརྐུ་ཞིང་སྲོག་ལ་རྔམས༔ ཚེ་ལ་བར་དུ་གཅོད་པ་ཀུན༔ རིགས་འདུས་ཚེ་དཔགམེད་པ་ཡི༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ རིན་ཆེན་འབྲུ་མཆོག་ངར་གྱི་མི༔ ནམ་མཁའི་སེམས་ལ་ཞོ་ཤའི་སྙིང༔ དུང་གི་རུས་ལ་བསེ་ཡི་ཤ༔ མཚལ་གྱི་ཁྲག་ལ་མེ་ཡི་དྲོད༔ རླུང་གི་དབུགས་ལ་ཆུ་ཡི་ཁམས༔ ཟེར་ [17b] མོའི་སྐྲ་ལ་མུ་ཏིག་ཀླད༔ ལུང་ཐང་མིག་ལ་མགྲོན་བུའི་སོ༔ ལེ་བརྒན་ལྕེ་ལ་དབང་པོའི་ལག༔ ཟངས་ལྕགས་རྐང་ལག་དར་ཟབ་གོས༔ རིན་ཆེན་རྒྱན་ཆ་དཀོར་ཆའི་ནོར༔ ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས༔ གཟུགས་མཛེས་གོམ་སྟབས་ལམས་སེ་ལམ༔ སྨྲ་མཁས་ངག་སྙན་ཀྱུ་རུ་རུ༔ སེམས་ནི་རྟོག་དཔྱོད་ཧྲིགས་སེ་ཧྲིག༔ བཅས་བཅས་དེ་ནི་བརྡར་བརྡར་ནས༔ སྐྱེས་པ་དམག་ལ་ཆས་པ་འདྲ༔ བརྒྱན་བརྒྱན་དེ་ནི་སྤུངས་སྤུངས་ནས༔ ན་ཆུང་བག་མར་ཆས་པ་འདྲ༔ བཙལ་བཙལ་དེ་ནི་བསགས་བསགས་ནས༔ རྒྱལ་པོའི་བང་མཛོད་ཕྱེས་པ་འདྲ༔ དེ་འདྲའི་གླུད་བཟང་ངོ་མཚར་ཅན༔ མི་བས་གླུད་འདི་མི་དགའ་རྒྱུ༔ དངོས་ལས་ཡོན་ཏན་དུ་མས་འཕགས༔ ནོར་ལས་དཀོར་འདི་མི་རྔམས་རྒྱུ༔ ཅི་འདོད་འབྱུང་ཞིང་ཟད་མི་ཤེས༔ མང་པོར་ཏིང་འཛིན་མཐུ་ཡིས་སྤྲུལ༔ སོ་སོར་ཐོབ་པ་སྔགས་ཀྱིས་སྤེལ༔ ཕྱག་རྒྱས་འཐབ་རྩོད་ཉེ་རིང་མེད༔ ཕུང་ཁམས་སྐྱེ་མཆེད་མཛེས་ཤིང་བརྗིད༔ ནམ་མཁའ་འོད་ལྔའི་པ་ཏྲ་འཁྱིལ༔ ལུས་ངག་ཡིད་གསུམ་རྒྱང་བུས་མཚོན༔ [18a] ཐབས་ཤེས་ཕོ་མོའི་གདོང་པ་དང་༔ མདའ་བཀྲ་འཕང་བཀྲ་ལྡེམས་སེ་ལྡེམ༔ ཤིང་རིས་སྲིད་པའི་མིག་བསྒྱུར་ཆེ༔ དཀོར་ཆ་འདོད་ཡོན་བསམ་མི་ཁྱབ༔ དེ་བས་མདོས་གླུད་བཟང་པོ་འདི༔ དགའ་ཞིང་མགུ་བས་ད་ལོངས་ལ༔ ཞི་ཞིང་མཛའ་བའི་སེམས་ཀྱིས་ནི༔ སྦྱིན་བདག་བླ་སྲོག་ཚེ་གསུམ་ལ༔ བཟུང་བ་ཐོངས་ལ་བཅིངས་པ་འཁྲོལ༔ བསྡམས་པ་གློད་ལ་མནན་པ་ཐེག༔ ཚེ་དང་བསོད་ནམས་རྒྱས་པ་དང་༔ བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད༔ ཅེས་གྱེར་ལ། བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འཇམ་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །ཞེས་དང་། སམྦྷ་ར་ལན་བདུན་སོགས་ཀྱིས་བསྔོས་ཏེ། ཀྱེ༔ སྲིད་གསུམ་འདི་ན་སུ་ཡང་རུང་༔ བསྒྲུབ་བྱའི་ཚེ་ལ་བར་གཅོད་པའི༔ སྔོན་ལས་འཕྲལ་རྐྱེན་གདོན་བགེགས་རིགས༔ འཆི་བདག་གཤིན་རྗེ་མན་ཆད་ནས༔ ཐེའུ་རང་ཕྲ་མོ་ཡན་ཆད་ཀུན༔ བྱམས་པའི་སེམས་ཀྱིས་གནས་འདིར་འདུས༔ དགའ་བའི་མིག་གིས་གླུད་ལ་ལྟོས༔ སྙིང་རྗེས་ [18b] མ་གདུང་བུ་ཡི་ཚུལ༔ ཚེ་རབས་འབྲེལ་བའི་བདེན་པ་སོམས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས༔ བྱིན་རླབས་རྟེན་འབྲེལ་ནུས་པའི་རྫས༔ མི་བས་དགའ་བའི་གླུད་བཟང་པོ༔ ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས༔ འདོད་ཡོན་རྒྱ་མཚོའི་གཏེར་ཆེན་འདི༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ ཤ་རིན་ཁྲག་ཚབ་སྲོག་གི་གླུད༔ མཐུན་པའི་རྫས་སུ་ད་ལོངས་ཤིག༔ སྲེད་དང་ཆགས་དང་ཞེན་པ་སྤོངས༔ དྲན་དང་བཟུང་དང་བསམ་དང་རེག༔ ཞི་དང་གློད་ལ་གྲོལ་བར་མཛོད༔ བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ ཞེས་བརྒྱ་རྩའམ་ལོ་གྲངས་སོགས་ཚར་ཅིང་ཅི་རིགས་བསགས་ཤིང་། སྐབས་སུ་ཚེ་བསྙེན་མང་དུ་བཟླས་ལ། ན་མོ༔ ཚེ་དཔག་མེད་ཀྱི་བདེན་པ་དང་༔ རིགས་སྔགས་ཟབ་མོའི་བྱིན་རླབས་ཀྱིས༔ འབྱུང་པོ་གདུག་པའི་ཚོགས་རྣམས་ཀུན༔ མདོས་དང་གླུད་ཀྱིས་རབ་ཏུ་ཚིམས༔ ཕན་བདེ་བྱང་ཆུབ་སེམས་དང་ལྡན༔ སྦྱིན་བདག་བླ་ཚེ་རང་སོར་ཆུད༔ ཚེ་བསོད་དཔལ་འབྱོར་བདེ་ལེགས་འཕེལ༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་ཤོག༔ ཅེས་བརྫོད་ཅིང་མེ་ཏོག་འཐོར། [19a] དེ་ལྟ་བུ་གྲངས་རྫོགས་པ་ན་མལ་བསྟན་པ་ནི། མདོས་ཡས་ཁ་ཕྱིར་བསྒྱུར། མར་མེ་སྦར་ཞིང་རྫོང་བཏབ་ལ། ཧཱུྃ༔ ད་ནི་གཤེགས་སོ་སོ་སོར་གཤེགས༔ ད་ནི་བཞུད་དོ་རང་གནས་བཞུད༔ ཡས་གླུད་བཟང་པོ་འདི་ཁྱེར་ལ༔ དགའ་ཞིང་བྱམས་པའི་སེམས་བསྐྱེད་ནས༔ ཕྱི་མིག་མ་བལྟ་བདེ་བར་དེངས༔ གལ་ཏེ་བཀའ་ལས་འདས་གྱུར་ན༔ བདག་ཉིད་རྟ་མཆོག་ཧེ་རུ་ཀ༔ སྤྲུལ་པའི་ཁྲོ་བའོ་ཚོགས་བཅས་ཀྱིས༔ ཁྱེད་རྣམས་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ སརྦ་བིགྷྣཱན་གཙྪ༔ ཞེས་དང་དྲག་སྔགས་དང་ཐུན་གྱིས་གཟིར། མདོས་གླུད་ཆུ་བོའི་གཞུང་ངམ་འདྲེ་ལྔ་བདུད་གཅོད་ཀྱི་སར་རྒྱང་རིང་དུ་བསྐྱལ། བསྲུང་འཁོར་བསྒོམ། བསྒྲུབ་བྱ་ལ་སྤྲོ་ན་ཚེ་དབང་བསྐུར་བའམ། ཚེ་འགུགས་བསྐུལ་ལ་རྒྱས་གདབ་ཅིང་བཀྲ་ཤིས་རྒྱས་པར་བརྗོད་པས་གྲུབ་བོ།། །། ༈ །ཡང་འདི་དང་འབྲེལ་བར་བླ་བསླུའི་ཆོ་ག་མདོར་བསྡུས་བྱ་བར་འདོད་ན། གུང་དུ་ཚེ་རྟེན་གྱི་དཀྱིལ་འཁོར་བཤམས་པའི་མདུན་སོགས་ཕྱོགས་གང་བདེར། རིན་པོ་ཆེའི་སྣོད་ཆུ་སྣས་བཀང་བར་བླ་ལུག་ཕོ་མོའི་སྐྱེ་མཆེད་དོད་པར་བཟོས་པའི་ཁོག་པར་གྲོ་གའམ་ཤོག་གུར་གསེར་རམ་མཚལ་གྱིས་བསྒྲུབ་བྱའི་མིང་ [19a] བྱང་བྲིས་པ་དང་། བླ་གཡུ། ནས་དཀར་ལོ་གྲངས་བཅས་དར་དམར་གྱིས་དྲིལ་བ་བཅུག་སྟེ་བཞག་པ་དང་། ཉེ་ལོགས་སུ་བསྒྲུབ་བྱའི་འདྲ་གླུད་ཡས་སྟག་རྣམས་སྔར་བཤད་པ་བཞིན་འདུ་བྱས་ལ། ཚེ་སྒྲུབ་ཀྱི་གཞུང་བསྲངས་ཏེ་བཟླས་པ་དང་། ཨོཾ་རྫབ་རྫབ་རྫུབ་རྫུབ་བྷ་དྲ་སློང་སློང་ནྲྀ་ཁུག་ཛཿ ཛཿ ཞེས་བཏགས་པ་ཅི་མང་བཟླས་མཐར་ཚེ་འགུགས་བསྐུལ། དེ་ནས་ཡས་གླུད་བྱིན་གྱིས་བརླབས་ནས་བསྔོ་བའི་བར་གོང་བཞིན་བཏང་ལ་ལོ་གྲངས་སོགས་ཚར་ཅི་རིགས་བསགས་རྗེས། རང་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པ་འཕྲོས། གདོན་བགེགས་རྣམས་ལ་ཕོག་པས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་བྱས། འོད་ཟེར་ཚུར་འདུས་པས་བླ་ཚེ་ཉམས་པ་ཐམས་ཅད་འོད་དང་ཐིག་ལེ་ཡི་གེའི་རྣམ་པར་རྟེན་དང་བསྒྲུབ་བྱར་ཐིམ་པས་བླ་ཚེ་སོར་ཆུད། བཀྲག་མདངས་རྒྱས་ཤིང་བརྟན་གཡོའི་ཚེ་བཅུད་ཐོབ་པར་བསམ་ལ། མདའ་དར་གཡབ་ཅིང་ཚེ་འགུགས་མཐར་གོང་གི་སྔགས་ཅི་རིགས་པ་བཟླ་ཞིང་། བར་སྐབས་སུ། ན་མོ། མཆོག་གསུམ་རྩ་བ་གསུམ་གྱི་བྱིན་རླབས་དང་། །དྲང་སྲོང་རིག་འཛིན་ལྷ་ཡི་བདེན་ཚིག་དང་། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པ་ཡིས། །[20a] རྟེན་འབྲེལ་ལེགས་ཉེས་མ་འདྲེས་གསལ་གྱུར་ཅིག །ཅེས་དང་རྟེན་འབྲེལ་སྙིང་པོ་བཟླ་བཞིན་བླ་ལུག་བསྐོར་བས་ལན་གཅིག་མ་ཡན་པར་རྟེན་ལ་ཁ་ཕྱོགས་ན་ཁུག་པའི་རྟགས་སོ། །མཐར་གླུད་རྫོང་བཏབ་ལ་ལམ་བསྟན་ཏེ་ཡས་གླུད་ཕྱི་རོལ་དུ་བསྐྱལ། དྲག་སྔགས་སོགས་ཀྱིས་བསྐྲད་ཅིང་སྲུང་འཁོར་བསྒོམ། སླར་ཡང་ཚེ་དབང་བསྐུར་བའམ་ཚེ་འགུགས་བསྐུལ་བ་བླ་རྟེན་རྣམས་བསྒྲུབ་བྱའི་ལག་ཏུ་གཏད་དེ་རྒྱུན་དུ་འཆང་བར་གདམས། བཀྲ་ཤིས་རྒྱས་པར་སྤེལ་བས་གྲུབ་བོ།། །། ༈ །གཉིས་པ་རྒྱས་པའི་སྲེགས་བླུགས་ཀྱི་སྒོ་ནས་ཚེ་སྤེལ་བ་ནི། ཤིས་པའི་ས་ལས་ཐབ་སྟེགས་གྲུ་བཞི་པའི་ངོས་སུ་རྡུལ་ཚོན་སེར་པོས་ཐབ་ཁུང་ཁྲུ་གང་གྲུ་བཞི་པའི་ལྟེ་བར་རིན་པོ་ཆེས་མཚན་པ། དེ་རྒྱབ་མཆུ་དང་ཁ་ཁྱེར་སོར་བརྒྱད་རེ་བཅད་པར་མེ་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་རིན་པོ་ཆེའི་ཕྲེང་བ། དེ་རྒྱབ་ཟུར་བཞིར་ཟླ་ཕྱེད་རྡོ་རྗེ་རེ་རེ་མགོ་ཕྱིར་བསྟན་དུ་བྲིས་ལ་མེ་ཏོག་སེར་པོ་གཅལ་དུ་བཀྲམ། འཕྲུལ་མགྱོགས་ལྟ་བུར་བྲིས་ཐབ་མི་འགྲུབ་ན་ཐབས་སྟེགས་སེར་པོ་གྲུ་བཞི་པའི་དབུས་སུ་མེ་ཏོག་སེར་པོའི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་། གང་ལྟར་ཡང་དེར་ཡམ་ཤིང་གི་རྒྱུ་ལས་བྱུང་བའི་བུད་ཤིང་ཁྲུ་གང་བས་གྲུ་བཞིར་བརྩིག །རང་གི་གཡོན་ཕྱོགས་སུ་མཆོད་གཏོར་སྨན་རཀ་ཆུ་གཉིས་ཉེར་སྤྱོད། འབུལ་གཏོར་སེར་པོ་གྲུ་བཞི་པད་འདབ་ཅན་རྒྱན་ [20b] ལྡན། གཡས་ཕྱོགས་སུ་བསྲེག་རྫས་ཡམ་ཤིང་སྟར་གའམ་ཤུག་པ་སོགས་འབྲས་བུ་ཅན་གྱི་ཤིང་མཐེ་བོང་གི་ཚད་ཁྲུ་གང་བ་སྦྲང་དང་མར་ཁུས་ཉུག་པ། འབྲུ་མར་གྱི་ཁུ་བ། རིན་ཆེན། འབྲུ་སྣ་གོས་སྣ་སོགས་ཅི་འབྱོར་པ་དང་། ཁྱད་པར་གྱི་རྫས་དཱུརྦ་མང་དུ་བསགས། མདུན་དུ་རྡོར་དྲིལ། དགང་བླུགས། བསང་ཆུ་རྣམས་བཞག །སྒྲུབ་པ་པོ་ཆས་གོས་སེར་པོ་བགོས་ཏེ་འཇམ་པའི་སྟན་ལ་ཁ་བྱང་དུ་ཕྱོགས་པར་བཟང་པོའི་འདུག་སྟངས་ཀྱིས་འཁོད་དེ་ལྷའི་རྣལ་འབྱོར་ལ་གནས་པས། བསང་ཆུ་རྟ་སྔགས་ཀྱིས་བྱིན་བརླབ་ལ། ཨོཾ་མཧཱ་བཛྲ་ཧཱུྃ་གིས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་། ཨོཾ་བཛྲ་གཎྜེ་ཨཱཿས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་གིས་རྡོར་དྲིལ་བསྣོལ་བའི་འཁྱུད་རྒྱ་དང་བཅས་དམ་ཚིག་གསུམ་བཟུང་། མཆོད་རྫས་རྣམས་ལས་བྱང་ལྟར་བྱིན་བརླབ། བསྲེག་རྫས་ལ་བསང་ཅུ་འཐོར་ཞིང་། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་བསྲེག་རྫས་ཀུན། །ངོ་བོ་ཟག་མེད་བདུད་རྩི་ལ། །རྣམ་པ་ལྷ་ཚོགས་དགྱེས་སྐོང་རྫས། །ཟག་མེད་འདོད་ཡོན་ཆར་འབེབས་གྱུར། །ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། ཨོཾ་ཨགྣེ་ཛྭ་ལ་རཾ། ཞེས་མེ་དུ་བ་མེད་པར་འབར་བ་གཡས་སུ་བསྐོར་ནས་ཐབ་ཏུ་བཅུག །ཧཱུྃ་ཧཱུྃ་ཧཱུྃ་བརྗོད་ཅིང་རླུང་ [21a] གཡབ་ཀྱིས་མེ་སྦར། ཧཱུྃ་ལན་བདུན་གྱིས་བླུགས་གཟར་གྱི་མར་ཁུས་མེ་གསོ། ཐབ་རྟ་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་མདུན་དུ། །བྷྲཱུྃ་ལས་རྒྱས་པའི་ཐབ་ཁུང་ནི། །ཚད་དང་མཚན་ཉིད་ཡོངས་རྫོགས་པ། །མེ་ཕུང་སེར་གསལ་འབར་བའི་དབུས། །སྣོད་བཅུད་རྣམ་དག་ཚེ་ཡི་ཞིང་། །རང་བྱུང་ལྷུན་གྲུབ་སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་དུ་བཏང་ལ། ཚེ་བདག་དགྱེས་པའི་ལྗགས་དང་ནི། །གཟར་བུའི་ཁ་ལ་ཧྲཱིཿཡིས་མཚན། །བདུད་རྩིའི་རྒྱུན་གྱིས་རབ་མཉེས་ཏེ། །འཆི་མེད་དངོས་གྲུབ་སྟེར་བར་གྱུར། །ཅེས་དམིགས་ལ་རྩ་སྔགས་ཀྱིས་དགང་བླུགས་བདུན་ལ་སོགས་པ་འབུལ་ཞིང་། སྤྱི་དྲིལ་ལས་སྔགས་ཤམ་བུ་ཅན་གྱི་མཐར། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་གསོལ་ལ་མེ་པྲ་བརྟག །དེ་ནས་ཡམ་ཤིང་དང་མར་ཁུ་ལ་སོགས་པའི་བསྲེག་རྫས་གཞན་རྣམས་རྩ་སྔགས་ལ། ཛྭ་ལ་རཾ་ཨཱ་ཡུརྫྙཱ་ན་སིདྡྷི་ཧོཿ ཞེས་བཏགས་པ་ཁོ་ནས་འབུལ་ཞིང་། བར་སྐབས་སུ་སྤེལ་ཚིག་ཀྱང་གོང་བཞིན་ལས། [21b] མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར། རྫས་རྣམས་རྫོགས་མཐར་ཡུངས་ཀར་ལ་རྩ་སྔགས་བཟླས་པ་ཐབ་ཏུ་འཐོར་ཞིང་དགང་བླུགས་སྐབས་ལྟར་ཕྲིན་ལས་གསོལ། དེ་ལྟར་བསྲེག་རྫས་བདུད་རྩིའི་དྭངས་མ་དགྱེས་པ་ཆེན་པོས་བཞེས་ཏེ་མཉེས་ཤིང་ཚིམས་ནས་འབར་བའི་འོད་ཟེར་གསེར་མདོག་འདོད་རྒུ་རིན་པོ་ཆེའི་རང་བཞིན་ཅན་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་བདག་གཞན་གྱི་ཚེ་བསོད་དཔལ་ཡོན་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཡིད་བཞིན་རྩོལ་མེད་དུ་འགྲུབ་པར་མོས། སླར་ཡང་གོང་བཞིན་དགང་བླུགས་ལན་གསུམ་དུ་ཕུལ་ལ་མཆོད་ཅིང་བསྟོད། གཏོར་མ་རྩ་སྔགས་ལ། ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱཧི་ཁཱཧི། བཏགས་པ་ལན་གསུམ་གྱིས་དབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་འདོད་དོན་གསོལ། འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ། །སྲེག་བླུགས་དམ་ཚིག་ལས་འདས་ཤིང་། །ཆོ་ག་ལྷག་ཆད་འགལ་འཁྲུལ་སོགས། །ཉེས་པའི་ཚོགས་རྣམས་བཟོད་མཛད་གསོལ། །ཞེས་དང་ཡིག་བརྒྱས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་ནས། བཛྲ་མུཿས་ཡེ་ཤེས་པ་གཤེགས། [22a] དམ་ཚིག་པ་རང་ལ་བསྡུ། མེ་རང་ཞིར་བཏང་སྟེ་ཐལ་སོལ་རྣམས་བང་མཛོད་དུ་སྦ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །བཀའ་བབས་བྱིན་རླབས་ངད་རླངས་མ་ཡལ་བའི། །ངོ་མཚར་དོན་ཟབ་བདུད་རྩིའི་ཉིང་ཁུ་ནི། །ཟེག་མ་ཙམ་གྱིས་སྲོག་གི་ཟུངས་སྟེར་བ། །འདི་ཀོ་སྐལ་བཟང་བགོ་སྐལ་གཅིག་ཏུ་རྙེད། །ཚུལ་དེའི་ཕྲིན་ལས་གསལ་བདེར་བརྗོད་པ་ལས། །ཡོངས་ཐོབ་ཕུལ་བྱུང་བསོད་ནམས་གྲུ་ཆར་རྒྱུན། །རིང་ལུགས་དབྱར་གྱི་གངྒཱ་སླར་འཕེལ་བའི། །རྒྱུར་སྨིན་ཕན་བདེའི་དགའ་སྟོན་རྒྱས་བྱེད་ཤོག །དེ་ལྟར་བླ་མ་ཚེ་དཔག་མེད་སྦྲགས་སྒྲུབ་ཀྱི་ཕྲིན་ལས་འཆི་མེད་གྲུབ་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། །གཏེར་ཆེན་རྡོ་རྗེ་གླིང་པའི་རིགས་ཆོས་ཀྱི་བརྒྱུད་པ་འཛིན་པ་སྲིན་ཕུག་བླ་མ་འཇམ་དབྱངས་ཡེ་ཤེས་སེང་གེའི་ཞལ་སྔ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་ནན་ཏན་ཆེན་པོས་བསྐུལ་བར་མཛད་པ་བཞིན། གཏེར་ཆེན་ཉིད་ཀྱི་ལྗགས་བསྒྲིགས་འཁྲུལ་མེད་ཀྱི་དགོངས་པ་རྩ་བར་བཟུང་ཞིང་ཁ་སྐོང་འོས་པ་རྣམས་རིགས་མཐུན་གྱི་གཏེར་ཁ་ལས་བླངས་ཏེ་རྣམ་གསལ་བཀླག་ཆོག་གི་ཚུལ་དུ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཞེ་དགུར་སོན་པ་ཆུ་ཕོ་འབྲུག་གི་ལོ་འབྲས་བུ་བཅུད་རྫོགས་ཀྱི་ཟླ་བའི་ཡར་ངོའི་ཚེས་གཅིག་ལ་ལྷ་ལྡན་ར་ས་འཕྲུལ་སྣང་གི་སྐྱེད་མོས་ཚལ་དུ་སྦྱར་བ་ལས་ཡི་གེ་པའང་བསྐུལ་བ་པོ་ཉིད་ཀྱིས་མཛད་པའོ། །འདིས་ཀྱང་བསྟན་འཛིན་རྣམས་ [22b] ཀྱི་ཞབས་པད་ཡུན་རིང་དུ་བརྟན་ཅིང་། འགྲོ་བ་ཐམས་ཅད་འཆི་མེད་ཡེ་ཤེས་དྭངས་མའི་སྐུར་སྨིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།