རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་མངོན་སྤྱོད་སྲེག་པ་ཧོམ་གྱི་ལས་རིམ་གདུག་པ་ཀུན་སྲེག་ཅེས་བྱ་བ་བཞུགས་སོ།

From Dudjom Wiki
DJYD-KABUM-06-CHA-020
Wylie title rdo rje phur pa yang gsang srog gi spu gri'i mngon spyod sreg pa hom gyi las rim gdug pa kun sreg DJYD-KABUM-06-CHA-020.pdf
Location bdud 'joms rin po che bka' 'bum
Volume 6, Text 20, Pages 641-657 (Folios 1a1 to 9a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rdo rje phur pa yang gsang srog gi spu gri'i mngon spyod sreg pa hom gyi las rim gdug pa kun sreg. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 6: 641-657. Kalimpong: Dupjung Lama, 1979-1985.
Side notes Recto: drag sreg   Verso: pad gling phur pa
More details More details
Tertön པདྨ་གླིང་པ་ (pad+ma gling pa)
Genre Fire Offerings - sbyin sreg
Cycle དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲི་ (dpal rdo rje phur bu yang gsang srog gi spu gri)
Deity rdo rje phur pa
Colophon

།དེ་ལྟར་རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་མངོན་སྤྱོད་སྲེག་པ་ཧོམ་གྱི་ལས་རིམ་གདུག་པ་ཀུན་སྲེག་ཅེས་བྱ་བ་འདིའང་། རྣམ་འདྲེན་གསུང་སྤྲུལ་བཅུ་པའི་དགོངས་པ་རྗེས་སུ་སྒྲུབ་པའི་སླད་དུ། རྩ་བའི་གཞུང་གི་དགོངས་པ་བཞིན་གཏེར་ཁ་རིགས་མཐུན་གྱི་ཁ་སྐོང་བཀླག་ཆོག་ཏུ་བསྡེབས་ཏེ། དུས་མཐའི་སྔགས་འཆང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྣམ་འཕྱང་རྒྱལ་ཟླའི་དམར་ཕྱོགས་དགྲ་བོ་འཆི་བའི་སྦྱོར་བ་དང་ལྡན་པའི་དུས་སུ་མྱུར་བར་སྦྱར་བའི་ཡི་གེ་པ་ནི་མོན་གྱི་སྔགས་བན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་གདུག་ཅན་ཉམས་པའི་དཔུང་རྣམས་གཞོབ་ཏུ་བསྲེག་པའི་རྒྱུར་གྱུར་ཅིག། །། ཛ་ཡནྟུ།

de ltar rdo rje phur pa yang gsang srog gi spu gri'i mngon spyod sreg pa hom gyi las rim gdug pa kun sreg ces bya ba 'di'ang /___rnam 'dren gsung sprul bcu pa'i dgongs pa rjes su sgrub pa'i slad du/___rtsa ba'i gzhung gi dgongs pa bzhin gter kha rigs mthun gyi kha skong bklag chog tu bsdebs te/___dus mtha'i sngags 'chang 'jigs bral ye shes rdo rjes rnam 'phyang rgyal zla'i dmar phyogs dgra bo 'chi ba'i sbyor ba dang ldan pa'i dus su myur bar sbyar ba'i yi ge pa ni mon gyi sngags ban chos grags rgya mtshos bgyis pa'o/___/'dis kyang gdug can nyams pa'i dpung rnams gzhob tu bsreg pa'i rgyur gyur cig/___//_dza yan+tu/

[edit]
༄༅། །རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་མངོན་སྤྱོད་སྲེག་པ་ཧོམ་གྱི་ལས་རིམ་གདུག་པ་ཀུན་སྲེག་ཅེས་བྱ་བ་བཞུགས་སོ། ། ༄༅། །ཤྲཱི་བི་ཛ་ཡནྟུ། ཡེ་ཤེས་རྡོ་རྗེ་ཁྲོས་པའི་མེ་དཔུང་གིས། །གདུག་ཅན་ཉམས་པའི་རྩ་སྦུར་སྲེག་མཛད་པ། །བླ་མ་ཧེ་རུ་ཀ་དཔལ་ལ་བཏུད་ནས། །དྲག་པོའི་ཧོམ་གྱིས་ལས་རིམ་འདིར་གསལ་བྱ། །དེ་ཡང་མངོན་སྤྱོད་དྲག་པོའི་གཟེར་ཁ་བསད་པའི་མཐའ་སྡུད་སྲེག་པ་ཧོམ་གྱི་ལས་རིམ་ལ་འཇུག་པར་འདོད་པས། དྲག་པོའི་ལས་ལ་བསྔགས་པའི་གནས་སུ་ཤིན་ཏུ་རྩུབ་པའི་དུས་གནད་ངེས་པ་ཅན་གྱི་སྐབས། གདུག་པའི་ས་སྣ་གསུམ་གྱི་ཐབ་སྟེགས་རོ་སོལ་གྱིས་ནག་པོར་བྱུགས་ཤིང་དུག་ཁྲག་གིས་ཆག་ཆག་བཏབ་པར་ཐལ་ཚོན་གྱིས་ཐབ་ཁུང་གྲུ་གསུམ་ཁ་ཁྱེར་སུམ་རིམ་གྱི་རྣམ་པ་རྒྱར་སོར་ཉི་ [2a] ཤུ་པའི་ཕྱི་མར་མེ་རི་འབར་བ་དང་ལྟེ་བར་རཾ་གྱིས་མཚན་པ་བྲིས་པའི་ཕྱི་རོལ་མེ་ཏོག་ནག་པོ་གཅལ་དུ་བཀྲམ། དེར་དུག་ཤིང་ཚེར་མ་ཅན་གྱི་བུད་ཤིང་དུག་ཁྲག་གིས་སྦགས་པས་ཧོམ་གྲུ་གསུམ་འཚམས་པར་བརྩིགས་པའི་ནང་དུ་མེ་ཚང་བཅའ་ཞིང་ཐབ་ཀྱི་ཟུར་གསུམ་དུ་རྩང་གསུམ་མཆེ་བའི་ཚུལ་དུ་བསླང་། སློབ་དཔོན་གྱི་གཡས་ངོས་སུ་མེ་སྲོག་འཛིན་པའི་རྫས་བུད་ཤིང་གི་རྒྱུ་ལས་ཡམ་ཤིང་ཟུར་གསུམ་སོར་བཅུ་གཉིས་པ་མར་ནག་དང་ཚིལ་ཞུན་གྱིས་སྤགས་པ། རྩ་བའི་རྫས་དུག་ཤོག་ལ་དགྲ་བགེགས་ཀྱི་རཱུ་པ་མིང་རུས་བླ་དྭགས་གནས་ཡིག་དང་བཅས་པ་གྲངས་ལྡན། དྲག་པོའི་རྫས་ཤ་སྣ་བག་ཕྱེ་དང་བསྲེས་པའི་རིལ་བུ་མིང་རུས་ཅན། གནད་དབབ་ཀྱི་རྫས་སྦལ་སྦྲུལ་ཉ་ཁྱི་ལ་སོགས་པའི་ཤ་དུག་ [2b] སྣ་དང་བསྲེས་པའི་རིལ་བུ། གསོད་པའི་རྫས་ལྕགས་ཟངས་རྦབ་རྡོའི་ཕྱེ་མ་དང་ཚེ་གསུམ། མྱོས་པའི་རྫས་མར་ནག་རྨེ་མནོལ་གྱི་ཁྲག་དང་སྦྱར་བ། ཚ་བའི་རྫས་ཏིལ་དང་ཡུངས་དཀར་ཚ་བ་གསུམ་ཏེ། དེ་ལྟར་རྫས་བདུན་པོ་རྣམས་ལྕགས་སམ་བསེ་ཕོར་ཐོད་པ་ལ་སོགས་པའི་སྣོད་དུ་གྲལ་རིམ་གྱིས་འགོད། རྩ་བའི་རྫས་ཤོག་ལིང་ཅིས་ཀྱང་མ་འབྱོར་ན་རཱུ་པ་འབྲུ་ནག་གི་ཟན་ལ་བཟོས་པས་ཀྱང་རུང་། གཡོན་ངོས་སུ་ལྕགས་ཕྱེ་དུག་སྣ་རྡོ་ཕྱེར་ཁྱིའི་ཁྲག་ཤ་ཆེན་སྲན་ཆེན་རྣམས་མར་ནག་ལ་བསྲེས་པའི་གཏོར་མ་གྲུ་གསུམ་ཐེབ་ཀྱུ་གསུམ་ལྡན་དང་། མེ་ལྷའི་གཏོར་མ་ཟུར་གསུམ། གཡས་གཡོན་དུ་སྨན་ཕུད་དང་རཀྟ། མདུན་དུ་ཁྲག་གི་མཆོད་ཡོན་སོགས་དྲག་མཆོད་ཕྲེང་ཚར་ཆ་གཉིས་བཅས་འདས་མ་འདས་ཉིས་རིམ་དུ་བཤམ། སྣོད་དང་རྫས་ཐམས་ཅད་དབྱིངས་གྲུ་གསུམ་ཁ་དོག་ནག་པོ་འབའ་ཞིག་པ་བྱ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བཾ་གྱིས་མཚན་པ་བྲིས་པའི་ནང་གི་ཆར། ནང་མཆོད། ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ། འབྲུ་ནག་གི་མེ་ཏོག་བཅས་འགོད། གཞན་ཡང་གདབ་ཁའི་ཆས། ཚིལ་ཞུན་དང་མར་ནག་བསྲེས་པའི་མར་ཁུ། ཐུན་རྫས། རླུང་གཡབ། གོས་ཟུང་། སོ་རྩི་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚང་བར་འདུ་བྱས་ལ། སློབ་དཔོན་བདག་གི་རྣལ་འབྱོར་ལ་གནས་པས་རྒྱུ་དུས་ཀྱི་ཀུན་སློང་སྙིང་རྗེ་བྱང་སེམས་ཀྱིས་དྲངས་པའི་ཞིང་ [3a] བཅུ་སྒྲོལ་བའི་ཞེ་སྡང་གི་དཔའ་ངར་ལྡན་པས་དྲག་པོའི་ཆས་གོས་ཀྱིས་བརྒྱན་ཏེ་མགར་བའི་འདུག་སྟངས་ཀྱིས་ཁ་ལྷོར་ཕྱོགས་པས་འཁོད་ལ། མཆོད་རྫས་རྣམས་བསང་ཆུ་དང་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་འོག་མིན་གསང་ཆེན་རོལ་པའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་བྷཉྫ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཁྲག་གི་མཆོད་ཡོན། ཆུ་སེར་གྱི་ཞབས་བསིལ། དབང་པོའི་མེ་ཏོག །ཚིལ་ཆེན་གྱི་དུད་སྤྲིན། ཞུན་ཆེན་གྱི་སྒྲོན་མེ། མཁྲིས་པའི་དྲི་ཆབ། མཱཾ་སའི་ཞལ་ཟས། ཐོད་རྔའི་རོལ་མོ་སོགས་རང་བྱུང་དུར་ཁྲོད་ཀྱི་དམ་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་གྱི་འཁོར་ལོའི་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ནམ་མཁའི་མཐའ་ཀླས་པར་གང་བར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ༔ སོགས་ནས། ཤཔྡ་པཉྩ་ཀཱ་མ་གུ་ཎ་ཨཱཿཧཱུཾ༔ ཞེས་དང་། ཨོཾ་ཨཱཿཧཱུྃ་མཧཱ་སརྦ་པཉྩ་ཨཱ་མྲྀ་ཏ་མཧཱ་རཀྟ་མཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། བསྲེག་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་དམར་གྱི་དུང་ཆེན་སྟོང་ [3b] གསུམ་དང་མཉམ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་བསྲེག་རྫས་རྣམས་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པས་ནམ་མཁའི་ཁམས་གང་བར་བསམ་ཞིང་། རྩ་སྔགས་དང་། ནྲྀ་ཏྲི་ཨ་མུ་ཀཱ་མཱ་ར་ཡ་ཛ་ཛཿཞེས་ལན་གསུམ་གྱིས་བརླབ་བོ། །དེ་ནས་གདོལ་བཤན་རྨེ་ཡུག་ལ་སོགས་པའི་ལག་ནས་བྱུང་བའི་མེ་ཐོགས་ལ། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཛཿཆེ་གེ་མོ་མཱ་ར་ཡ་ཛྭ་ལ་རཾ། ཞེས་རླུང་གཡབ་དང་བཅས་ཏེ་སྦར། ཨོཾ་ཨགྣ་ཡེ་ཆེ་གེ་མོ་ཛྭ་ལ་རཾ། ཞེས་བླུགས་གཟར་གྱིས་མར་ནག་ཁུ་བས་མེ་གསོ། ཐོག་མར་འཇིག་རྟེན་པའི་མེ་ལྷ་མཆོད་པའི་དོན་དུ། མེ་ཐབ་བསང་སྦྱང་། སྟོང་བའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་དྲག་པོའི་ཐབ་ཁུང་མཐིང་ནག་གྲུ་གསུམ་བང་རིམ་གསུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ། ར་སྐྱེས་ཁམ་ནག་ཞིང་གི་ཐོད་པའི་སྒ་དང་མིའི་ལྤགས་པས་གཡོགས་ཤིང་། སྦྲུལ་ནག་གི་གོང་སྨེད་བྱས་པའི་སྟེང་དུ་རཾ་ཡིག་ཡོངས་སུ་གྱུར་པ་ལས། ཟ་བྱེད་མེ་ལྷ་མཐིང་ནག་ཁྲོ་གཏུམ་འཇིགས་སུ་རུང་བ། ཞལ་གཅིག་ཕྱག་བཞིའི་དང་པོས་ཧོམ་གཟར་དང་མེ་ཕུང་། [4a] འོག་མ་གཉིས་ཀྱིས་བགྲང་ཕྲེང་དང་དབྱུག་གུ་བསྣམས་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཤར་ལྷོའི་མཚམས་ནས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང་། སྐྱབས་སྦྱིན་རྒྱས་མཐེ་བོང་རྣ་བའི་དྲུང་དུ་གཡབ་ལ། ཨོཾ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ༔ དགྲ་བགེགས་གདུག་པ་ཚར་གཅོད་ཕྱིར༔ དྲང་སྲོང་ཆེན་པོ་ད་ཚུར་གཤེགས༔ ཆིབས་སུར་སྐྱེས་ཁམ་པ་ཆིབས༔ ཕྱག་ན་མེ་ཡི་འཁོར་ལོ་བསྣམས༔ ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧི་ས་མཱ་ཛཿཞེས་སྤྱན་དྲངས། ཁྲག་གི་མཆོད་ཡོན་དང་ཆུ་སེར་གྱི་ཞབས་བསིལ་སྦྲེང་ལ། ཨོཾ་ཨགྣེ་དེ་བ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ༔ དེ་བཞིན་དུ། བཛྲ་པཱ་དྱཾ་སྦྱར་བས་ཕུལ། བཞུགས་སུ་གསོལ་བ་ནི། འབར་བའི་རྒྱལ་པོ་ཆེན་པོ་ཁྱོད༔ འདོད་པའི་བསམ་པ་བསྒྲུབ་བྱའི་ཕྱིར༔ བདག་གི་གནས་མཆོག་དམ་པ་འདིར༔ འབར་བའི་གདན་ལ་བཞུགས་སུ་ [4b] གསོལ༔ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ བདུད་དང་དགྲ་བགེགས་བརླག་མཛད་ཅིང་༔ ཇི་ལྟར་འདོད་པའི་དོན་སྒྲུབ་པ༔ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ མཆོད་པ་ནི། ཧཱུཾཿསྟོང་གསུམ་ཞིང་ཀུན་ཡོངས་གང་བའི༔ རྨད་བྱུང་འདོད་པའི་ཉེར་སྤྱོད་ལྔ༔ ཤ་ཁྲག་དབང་པོ་ཚིལ་རུས་དང་༔ གཉིས་མེད་མཉམ་སྦྱོར་ཨ་མྲྀ་ཏ༔ བ་ལིང་གཏོར་མ་རཀྟ་སོགས༔ ཟ་བྱེད་མེ་ལྷའི་ཚོགས་ལ་འབུལ༔ དགྲ་བགེགས་སྒྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨགྣེ་ཀྲོ་དྷ་ས་པ་རི་ཝཱ་ར་བཛྲ་པུཥྤེ་པྲ་ཏཱི་ཙྪ་སྭཱ་ཧཱ༔ དེ་བཞིན་དུ་ཁཤཔྡའི་བར་དང་། པཉྩ་ཀཱ་མ་གུ་ཎ། སརྦ་པཉྩ་ཨ་མྲྀ་ཏ། མཧཱ་རཀྟ། མ་ཧཱ་བ་ལིང་ཏ། སོ་སོ་ལ་གོང་གི་སྔགས་དང་། མཇུག་ཏུ་པཱུ་ཛ་ཁཱ་ཧི་སྦྱར་བས་འབུལ། དེ་ནས་རྫས་རྣམས་ལས་ཐོག་མར་དགང་བླུགས་འབུལ་བ་ལ། མེ་ལྷ་ཁྲོས་པའི་ཞལ་རབ་ཏུ་གདངས་པའི་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་དང་དགང་བླུགས་ཀྱི་རྩེར་ཧཱུྃ་ཡིག་མཐིང་ནག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་རྫས་ཀྱི་བདུད་རྩིའི་རྒྱུན་ [5a] དྲངས་ཏེ་གསོལ་བར་བསམ་ཞིང་། ལག་གཉིས་ཁྲོ་བོའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཞེས་གཡོན་པའི་བླུགས་གཟར་བདུན་གྱིས་གཡས་པའི་དགང་གཟར་བཀང་བའི་དགང་བླུགས་ཁ་སྦྱར་པུས་མོའི་ཕྱི་ལས་ནང་དུ་མི་འདའ་བས་གཡོན་དུ་བསྐོར་ཞིང་། ཨོཾ་ཨགྣ་ཡེ་དྰི་བྱ་དྰི་བྱ་བི་ཤུདྡྷེ་མཧཱ་ཤྲཱི་ཧ་བྱ་ཀ་བྱ་ཝ་ཧ་ན་ཡ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སྤྱི་དང་ཁྱད་པར་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་ཆེ་གེ་མོ་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་མཛད་དུ་གསོལ། སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་ལན་གསུམ་དུ་འབུལ། ཡམ་ཤིང་ལ། ཨོཾ་རཱུ་དྲ་བྲྀཀྵ་ཡ་སྭཱ་ཧཱ༔ ཞེས་དང་། མར་ཁུ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཞེས་སོ་སོ་སྤེལ་ཚིག་གོང་ལྟར་ལས། ཐམས་ཅད་མཱ་ར་ཡ་རྦད། ཅེས་བསྒྱུར་ཏེ་འབུལ། རྫས་གཞན་རྣམས་ལ། ཧཱུྃ༔ དམར་ནག་མེ་ཡི་ཀློང་དཀྱིལ་ནས། །ཟ་བྱེད་མེ་ལྷ་འཁོར་བཅས་ལ། །དགྲ་བགེགས་ཕུང་ཁམས་བླ་ཚེ་སྲོག །འདོད་རྒུར་འཆར་བའི་མཆོད་པ་འབུལ། །དྲག་པོའི་གནད་ [5b] འབེབས་གསོད་པའི་དུག །མྱོས་བྱེད་ཚ་བའི་རྫས་རྒོད་འདིས། །དམིགས་བྱ་དགྲ་བགེགས་བརླག་པར་མཛོད། །ཨོཾ་ཨགྣ་ཡེ་དགྲ་བགེགས་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་རྩ་བའི་རྫས་ནས་ཚ་རྫས་ཀྱི་བར་ལན་བདུན་སོགས་ཇི་ལྟར་རིག་པ་ཕུལ་བའི་མཐར། བསྟོད་པ་ནི། ཧྰུྃཿམེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ བདུད་བཞི་འཇོམས་མཛད་ཕྱག་བཞི་པ༔ ལས་ཀུན་སྒྲུབ་མཛད་འོད་པོ་ཆེ༔ སྔོན་ཚེ་དུས་ན་ལྷ་ཡི་མཆེད༔ ད་ལྟ་རྣལ་འབྱོར་སྒྲུབ་པའི་མཆེད༔ གདུག་པ་ཀུན་སྒྲོལ་ཁྱོད་ལ་བསྟོད༔ ཅེས་བསྟོད། ན་མོ་རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། ལོག་འདྲེན་འབྱུང་པོ། དམ་སྲི་སྒབ་འདྲེ། རྒྱ་འདྲེ་འགོང་པོ། མཐའ་བཞིའི་དམག་དཔུང་། བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། ཁྱད་པར་རྣལ་འབྱོར་བ་བདག་ཅག་འཁོར་དང་བཅས་ [6a] པ་ལ་གནོད་ཅིང་བར་དུ་གཅོད་པར་བྱེད་པ་བསྒྲལ་བའི་ཞིང་དུ་གྱུར་པའི་དགྲ་བགེགས་ཆེ་གེ་མོ་གཟུགས་ལིངྒ་ལ་བྲིས་ཤིང་མིང་བྱང་དམར་གྱི་དཀྱུས་སུ་བཀོད་པ་འདི་ཉིད་ལོ་དང་ཟླ་བར་མ་བཞག་ཞག་དང་ཟ་མར་མ་འགྱངས་པར་མྱུར་བ་ཉིད་དུ་སོད་ལ་མིང་ཙམ་བརྡ་ཙམ་ཡང་མ་ལུས་པར་ཐལ་བའི་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་འདོད་དོན་གསོལ། ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་གཙྪ་མུཿས། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་དཔང་པོར་མཛད་པར་བསམ་མོ། །དེ་ནས་འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ཁ་གསོས་ལ་བསང་སྦྱང་། ཧཱུྃ༔ དམ་ཚིག་མེ་ལྷའི་ལྟོ་བའི་དབྱིངས། །རང་བྱུང་ལྷུན་གྲུབ་གཞལ་ཡང་ཁང་། །གྲུ་བཞི་སྒོ་བཞི་སྒོ་ཁྱུད་ཅན། །སོགས་ནས། མ་ཆགས་པདྨ་འབར་བའི་གདན་དུ་གསལ། །ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ལྟེ་བ་རུ། །བཅོམ་ལྡན་ཁྲག་འཐུང་དཔལ་ཆེན་པོ། །རྡོ་རྗེ་གཞོན་ནུ་མཐིང་ནག་འབར། །སོགས་ནས། བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །ཕྱི་རོལ་ཕྱོགས་སྐྱོང་ཉི་ཟླའི་སྟེང། །ཁྲོ་བོ་ཆེན་པོ་ཧཱུཾ་ཀར་སྔོ། །སོགས་བསྐྱེད་སྔགས་ [6b] རྣམས་དོར་ནས། ཟ་བྱེད་གསོད་བྱེད་གཏུམ་རྔམས་ཚོགས་བཅས་གསལ། །བར་དང་། མདུན་དང་གཡས་གཡོན་ཟླ་གམ་སྟེང་། །སྲས་མཆོག་ཁྲོ་བོ་ཉེར་གཅིག་ནི། །སྐུ་སྟོད་ཁྲོ་བོ་འཇིགས་པའི་གཟུགས། །སོགས་ནས། འབར་བའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕོ་བྲང་ཆེན་པོའི་སྒོ་བཞི་རུ། །ཚད་མེད་བཞི་དངོས་སྒོ་མ་བཞི། །སོགས་ནས། སྒོ་སྐྱོང་རྡོ་རྗེའི་དམ་ཚིག་མ། །དཀྱིལ་འཁོར་བར་ཁྱམས་ཕྱོགས་མཚམས་སུ། །སོགས་ནས། མུ་རན་ཁོར་ཡུག་གང་བར་གྱུར། །ཅེས་པའི་བར་གྱིས་དཀྱིལ་འཁོར་ལྷ་ཚོགས་རྣམས་གསལ་གདབ། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་སོགས་དགོངས་གསོལ་དང་སྤྱན་འདྲེན་ནས་བརྩམ་དབང་ཞུ་བ་དང་ཕྱི་མཆོད་དོར་བ་ཙམ་ལས་གཞན་བསྟོད་པ་གྲུབ་ཀྱི་བར་ལས་བྱང་བཞིན་སོང་ནས། སྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ནི། ལྷ་ཚོགས་ཐམས་ཅད་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དྲག་པོའི་བསྲེག་བྱ་ཟ་བའི་ལས་ལ་རྔམས་པའི་ལྗགས་རྡོ་རྗེ་ཞེས་པ་ནས་གཡོན་དུ་བསྐོར་བའི་བར་གཞན་སྔར་བཞིན་ལས། ཁྱད་པར་རྩ་སྔགས་ཀྱིས་དགང་ཞིང་ཨགྣ་ཡེ་དྰི་བྱ་སོགས་ཀྱི་སྤེལ་ཚིག་བཅས་འབུལ། དེ་ནས་དྲག་བསྐུལ་ [7a] གསེར་སྐྱེམས་ནས་བརྩམ་གཏུམ་བརྡུང་གི་བར་སྨད་ལས་བཞིན་བསྒྲལ་ལས་རྫོགས་པར་བཏང་ལ་ལིངྒ་རྣམས་དུམ་བུར་གཏུབ། སླར་ཡང་ཐུགས་དམ་བསྐུལ་བ་སྔོན་དུ་འགྲོ་བས། ཛཿསྲིད་པའི་བཙོན་ཁང་དྲག་པོའི་ཨེ༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་༔ གདུག་པའི་ཡམ་ཤིང་མར་ནག་ཚིལ༔ དམིགས་པའི་གཟུགས་རྟེན་དྲག་པོའི་རྫས༔ གནད་འབེབས་མྱོས་བྱེད་གསོད་པའི་མཚོན༔ ཚ་བའི་ནད་སྐྱེད་རྫས་རྒོད་རྣམས༔ བསྲེག་པས་དགྲ་བསྲེགས་གདུག་པའི་ཚོགས༔ ལུས་ངག་རྡུལ་དུ་བསྲེག་ནས་ཀྱང་༔ རྗེས་ཤུལ་ལྷག་མ་མེད་པར་མཛོད༔ ཅེས་དང་། སྙིང་པོའི་ཤམ་དུ། སརྦ་ཤ་ཏྲུཾ་བིགྷྣཱན་རཱུ་པ་ཙིཏྟ་ཨགྣེ་ཛྭ་ལ་རཾ་ཁཱ་ཧི་ཁཱ་ཧི༔ ཞེས་བཏགས་པས་མེ་སྲོག་འཛིན་པ་ནས་ཚ་བའི་རྫས་ཀྱི་བར་བརྒྱ་རྩ་སོགས་འབུལ་ཞིང་། རྫས་རེ་རེའི་མཇུག་ཏུ་དགང་བླུགས་སྐབས་ལྟར་སྤེལ་ཚིག་སྦྱར། དེ་ལྟར་རྫས་རྣམས་རྫོགས་ནས་དམིགས་བསལ་བགེགས་མི་བསྲུན་པ་སོགས་ལ་ལྕགས་སླང་དུ་མར་ནག་བསྐོལ་བའི་མེ་ལྕེ་སླེབ་པའི་སར་དམིགས་བྱའི་ལིངྒ་བཀྲམ་ལ་དྲག་བསྐུལ་གསེར་སྐྱེམས་འགུགས་འདྲེན་རྣམས་བྱས་ནས་བཞེས་སྒྲ་དྲག་པོ་དང་བཅས་ཛ་གད་རྫས་ལྡན་གྱིས་མེ་སྤར་ཏེ་ཧོམ་མཆོད་བྱ་བ་ཡིན་ནོ། །གང་ལྟར་ཡང་མཐར་ཡུངས་ཀར་ཐབ་ཏུ་འཐོར་ཞིང་། [7b] ན་མོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད། ཁྲག་འཐུང་ཁྲོ་བོ་ཐམས་ཅད་ཀྱི་སྤྱི་དཔལ། བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་སྒྲོལ་བའི་དཔའ་བོ། དཔལ་ཆེན་རྡོ་རྗེ་གཞོན་ནུ་སྤྲུལ་འཁོར་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། སངས་རྒྱས་ཀྱི་བསྟན་པ་དང་སོགས་གོང་བཞིན་འདོད་དོན་གསོལ། སླར་ཡང་དགང་བླུགས་སྔར་ལྟར་ཕུལ་མཐར། ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱ་ཧཱ། ཞེས་སོ་རྩི་དང་། ཨོཾ་བཛྲ་ཝ་སྟྲ་ཡེ་སྭཱ་ཧཱ། ཞེས་གོས་ཟུང་ཕུལ། སྔགས་ཙམ་གྱིས་མཆོད་ཅིང་ཤླཽ་ཀ་གཅིག་གིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་དང་། བཛྲ་མུཿས་ཡེ་ཤེས་པ་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། དེ་ནས་མེ་ལྷའི་གཏང་རག་གི་དོན་དུ་བུད་ཤིང་བསྣན་ལ་བསང་ཆུས་བྲན་ཏེ། སླར་ཡང་འཇིག་རྟེན་པའི་མེ་ལྷ་དཔང་པོར་བཞུགས་པ་བཛྲ་ས་མཱ་ཛཿ་ས། དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པར་བསམ་ལ། སྔར་བཞིན་དགང་བླུགས་དང་བསྲེག་རྫས་ལྷག་མ་རྣམས་ [8a] སྤེལ་ཚིག་མེད་པའི་སྔགས་ཀྱིས་འབུལ་ཞིང་། སོ་རྩི་དང་གོས་ཟུང་ཀྱང་ཕུལ་མཐར་ཉེར་སྤྱོད་ཀྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཅེས་བསྟོད། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་མཧཱ་བ་ལིཾཏ་པཱུ་ཛ་ཁཱ་ཧི། ཞེས་ལན་གསུམ་གྱིས། གཏོར་མ་ཕུལ་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ནོངས་པ་བཤགས་ནས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཞེས་སྙན་མནན་ཏེ། བཛྲ་མུཿས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་འབར་བའི་རྣམ་པར་གྱུར་བར་བསམ་ལ། མེ་ལོངས་སྐབས་ཡོད་ཀྱང་མི་བཞག་པར་དུག་ཁྲག་གི་ཆུས་བསད་པའི་ཐལ་བ་ཟློག་པའི་ཐལ་རྡེབ་དང་འབྲེལ་བར་དགྲ་ཕྱོགས་སུ་རླུང་ལ་བསྐུར་བའམ། སྣོད་ངན་དུ་བླུགས་ལ་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་མནན། ལས་གསོར་མི་རུང་བའི་གཟིར་མནན་བྲོ་ཡིས་རྒྱས་གདབ་པའི་སླད་དུ། དྲག་པོའི་ཕུར་བུ་འདྲིལ། མཆེད་རྣམས་ལག་གཡོན་སྟེང་དང་གཡས་འོག་ཏུ་བྱས་པའི་མཐེའུ་ [8b] ཆུང་རྣམས་ལུ་གུ་རྒྱུད་དུ་སྤྲེལ་ནས་བྲོ་ར་གྲུ་གསུམ་དུ་བསྐོར་བའམ་དེར་མོས་ལ། ཧཱུྃ༔ ལྕགས་སམ་དྲག་པོའི་ཤིང་རྣམས་ལ༔ མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ༔ ངོས་ལ་དྲག་པོའི་ལྷ་བཀོད་དེ༔ བཏབ་པས་དགྲ་བགེགས་བརླག་པར་འགྱུར༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཧཱ་ལས་རྡོ་རྗེ་འཁོར་དང་བཅས༔ ཕྲག་དོག་གྱུར་པའི་སེམས་ཅན་རྣམས༔ བརླག་པར་གྱུར་ལ་དབྱིངས་སུ་རོལ༔ ཧཱུཾ་བཞི་པའི་སྔགས་དང་། བརླག་མཛད་ལྷ་ལ་ཕྱག་འཚལ་ལོ༔ སྡང་བའི་དགྲ་ཡང་རྡུལ་དུ་རློག༔ གནོད་པའི་བགེགས་ཀྱང་རྡུལ་དུ་རློག༔ བར་གཅོད་དམ་སྲི་རྡུལ་དུ་རློག༔ འབྱུང་པོའི་ཚོགས་རྣམས་རྡུལ་དུ་རློག༔ ཧཱ་ཀརྨ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཕཊ༔ ཅེས་བྲོ་བརྡུང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེ་སྡང་རྡོ་རྗེ་ཁྲོས་པའི་མེ་དབལ་གྱི། །ལོག་འདྲེན་དཔུང་དང་བཅས་པའི་སྙིང་བསྲེག་སྟེ། །མ་དག་འཁྲུལ་རྟོག་རྡུལ་བྲལ་ཞི་བའི་དབྱིངས། །འོད་གསལ་བདེ་ཆེན་སྙིང་པོར་ཕྱམ་གདལ་ཤོག །དེ་ལྟར་རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་མངོན་སྤྱོད་སྲེག་པ་ཧོམ་གྱི་ལས་རིམ་གདུག་པ་ཀུན་སྲེག་ཅེས་བྱ་བ་འདིའང་། རྣམ་འདྲེན་གསུང་སྤྲུལ་བཅུ་པའི་དགོངས་པ་རྗེས་སུ་སྒྲུབ་པའི་སླད་དུ། རྩ་བའི་གཞུང་གི་དགོངས་པ་ [9a] བཞིན་གཏེར་ཁ་རིགས་མཐུན་གྱི་ཁ་སྐོང་བཀླག་ཆོག་ཏུ་བསྡེབས་ཏེ། དུས་མཐའི་སྔགས་འཆང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྣམ་འཕྱང་རྒྱལ་ཟླའི་དམར་ཕྱོགས་དགྲ་བོ་འཆི་བའི་སྦྱོར་བ་དང་ལྡན་པའི་དུས་སུ་མྱུར་བར་སྦྱར་བའི་ཡི་གེ་པ་ནི་མོན་གྱི་སྔགས་བན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་གདུག་ཅན་ཉམས་པའི་དཔུང་རྣམས་གཞོབ་ཏུ་བསྲེག་པའི་རྒྱུར་གྱུར་ཅིག། །།ཛ་ཡནྟུ། །།