རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་དྲག་པོའི་ལས་ཀྱི་མཐའ་སྡུད་མནན་པའི་མན་ངག་རྡོ་རྗེའི་རི་དབང་།

From Dudjom Wiki
DJYD-KABUM-06-CHA-021
Wylie title rdo rje phur pa yang gsang srog gi spu gri'i drag po'i las kyi mtha' sdud mnan pa'i man ngag rdo rje'i ri dbang DJYD-KABUM-06-CHA-021.pdf
Location bdud 'joms rin po che bka' 'bum
Volume 6, Text 21, Pages 659-671 (Folios 1a1 to 7a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rdo rje phur pa yang gsang srog gi spu gri'i drag po'i las kyi mtha' sdud mnan pa'i man ngag rdo rje'i ri dbang. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 6: 659-671. Kalimpong: Dupjung Lama, 1979-1985.
Side notes Recto: mnan pa   Verso: pad gling phur pa
More details More details
Tertön པདྨ་གླིང་པ་ (pad+ma gling pa)
Genre Activity Practices - las tshogs  ·  Pith Instructions - man ngag
Cycle དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲི་ (dpal rdo rje phur bu yang gsang srog gi spu gri)
Deity rdo rje phur pa
Colophon

ཅེས་རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་ལས་མཐའ་དགྲ་བགེགས་མནན་པའི་མན་ངག་རྡོ་རྗེའི་རི་དབང་ཞེས་བྱ་བ་འདི་ཡང་། རྣམ་འདྲེན་གསུང་སྤྲུལ་བཅུ་པའི་དགོངས་པ་རྗེས་སུ་སྒྲུབ་པའི་སླད་དུ། རིགས་མཐུན་གྱི་གཞུང་དང་མན་ངག་ལ་བརྟེན་ནས། རྒྱལ་ཁམས་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྣམ་འཕྱང་རྒྱལ་ཟླའི་དམར་ཕྱོགས་ཀྱི་རྫོགས་པ་གཉིས་པར་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་གདུག་ཅན་ཉམས་པའི་དཔུང་རྣམས་ལྡང་མེད་བསྐལ་པར་གནོན་པའི་རྒྱུར་གྱུར་ཅིག། །། ཛ་ཡནྟུ།།

ces rdo rje phur pa yang gsang srog gi spu gri'i las mtha' dgra bgegs mnan pa'i man ngag rdo rje'i ri dbang zhes bya ba 'di yang /___rnam 'dren gsung sprul bcu pa'i dgongs pa rjes su sgrub pa'i slad du/___rigs mthun gyi gzhung dang man ngag la brten nas/___rgyal khams ba 'jigs bral ye shes rdo rjes rnam 'phyang rgyal zla'i dmar phyogs kyi rdzogs pa gnyis par sbyar ba'i yi ge pa ni sngags ban chos grags rgya mtshos bgyis pa'o/___/'dis kyang gdug can nyams pa'i dpung rnams ldang med bskal par gnon pa'i rgyur gyur cig/___//dza yan+tu//

[edit]
༄༅། །རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་དྲག་པོའི་ལས་ཀྱི་མཐའ་སྡུད་མནན་པའི་མན་ངག་རྡོ་རྗེའི་རི་དབང་ཞེས་བྱ་བ་བཞུགས་སོ། །


༄༅། །ཤྲཱི་བི་ཛ་ཡནྟུ། རྒྱལ་ཀུན་མཐུ་སྟོབས་ཕྲིན་ལས་འདུས་པའི་དཔལ། །བདུད་འདུལ་ལྷག་པའི་ལྷ་མཆོག་དེར་བཏུད་ནས། །མངོན་སྤྱོད་ལས་ཀྱི་མཐའ་སྡུད་མནན་པའི་གཟེར། །འཁྲུལ་མེད་གནད་ཀྱི་མན་ངག་འདིར་གསལ་བྱ། །དེ་ཡང་བསྙེན་སྒྲུབ་ཐེམ་ཞིང་དམ་ཚིག་དང་ལྡན་པའི་སྔགས་པས་སྲུང་བའི་མཐའ་སྡུད་དགྲ་བགེགས་གདུག་པ་ཅན་མནན་པའི་ལས་རིམ་ལ་འཇུག་པར་འདོད་པས། སྦྱོར་བ་ཤིན་ཏུ་རྩུབ་པའི་དུས་གནད་ངེས་པ་ཅན་གྱི་སྐབས་སུ་བབས་པ་ན། དུར་ཁྲོད་སོགས་དྲག་པོའི་ལས་ལ་ཤིས་པའི་གནས་སུ་གདུག་པའི་ས་སྣ་གསུམ་ལས་སྟེགས་བུ་མདའ་གང་གྲུ་བཞིར་བརྩིགས་པའི་དབུས་སུ། [2a] བྲུབ་ཁུང་གྲུ་གསུམ་ཁ་ཁྱེར་གསུམ་ལྡན་དུག་ཁྲག་དང་རོ་སོལ་གྱིས་བྱུགས་པའི་ནང་དུ། དམིགས་བྱའི་ལིངྒ་མན་ངག་བཞིན་བྲིས་ཏེ་དྲི་བྲལ་དུ་བྱས་པ་བཅུག་པའི་མཐའ་མར་རྩང་དམར་སྲིན་མོ་འགྲོས་སུ་བཙུགས་པས་བསྐོར། དེ་སྟེང་གཏོར་ཆེན་དྲག་རྒྱན་རྔམས་བརྗིད་ཅན་འཕང་བའི་སྐབས་ལྟར་འདུ་བྱས་པ་བཀོད་ལ་དྲག་པོའི་མཆོད་པས་བསྐོར། དྲག་ཤིང་གི་ཨེ་ཁྲོམ་ལ་བརྟེན་པའི་ཕུང་རེ་སོགས་ཀྱི་གུར་ཕུབ་ལ་ཉི་ཟླའི་ཟེར་དང་མར་མེའི་མདངས་མི་ཕོག་ཅིང་བདུད་རྩིའི་ཟེག་མ་མི་འཐོར་བར་བྱ། ཕུགས་ལོགས་སུ་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ་བླ་མ་ཡི་དམ་སྲུང་མ་སྤྱི་སྒོས་ཀྱི་གཏོར་མ་སྨན་རཀ་ཕྱི་ནང་གི་ཉེར་སྤྱོད་རྣམས་བཤམ། གཞན་ཡང་དབྱེ་རྫས། ཐུན་རྫས། མནན་ [2b] ཐོད། ཕུང་རེ། བྱད་ཐག །རོ་གཡམ་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ལ། དངོས་གཞི་ལས་བྱང་གི་བརྒྱུད་འདེབས་ནས་བརྩམ་འཛབ་བཟླས་ཀྱི་བར་བདག་མདུན་གཉིས་ཀ་གྱེར་ཚིག་གིས་མཉམ་དུ་བསྒྲུབ་ལ་ཁྱད་པར་བཟླས་པའི་སྐབས་སུ་ལས་སྔགས་སྤུ་གྲི་དྲག་ཏུ་བཟླ། དེ་ནས་ཐོག་མར་འགུགས་པའི་ལས་ལ། སྨད་ལས་བཞིན་ཐུགས་དམ་བསྐུལ་བ། གསེར་སྐྱེམས། གཟུ་དཔང་། བྲུབ་ཁུང་དམིགས་བྱ་བསྐྱེད་པ་རྣམས་སྔོན་དུ་འགྲོ་བས། བདག་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་གཏུམ་དྲག་འཇིགས་པའི་ཉམས་ཅན་བསམ་གྱིས་མི་ཁྱབ་པ་བུ་ཡུག་འཚུབས་པ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས་དམ་ཉམས་པའི་གནོད་བྱེད་འཁོར་བཅས་ལྕགས་ཀྱུས་བཟུང་། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མྱོས་པར་བྱས་ཏེ་རང་དབང་མེད་པར་ལས་ཀྱི་རླུང་དམར་གྱི་རྟ་ལ་བསྐྱོན་ཏེ་བྲུབ་ཁུང་གི་ལིངྒ་ལ་ཐིམ་པར་བསམ་ཞིང་། འགུགས་གཞུག་དྲག་པོ་ལན་ཅི་མང་དང་ཕོ་ཉ་བསྐུལ་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཛཿཧཱུྃ་བཾ་ཧོཿ དགྲ་བགེགས་ཀྱི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག༔ ཡེད་ཡེད༔ [3a] ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག་ལིང་ཤག་ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཞེས་བླ་འགུགས་ཀྱི་སྔགས་སྟོང་ངམ་བརྒྱ་རྩ་ལས་མི་ཉུང་བས་བཀུག་ལ་འགུགས་འཆིང་སྡོམ་མྱོས་ཀྱི་ལས་བྱ། ཐུན་མཚམས་སུ་ཐུན་གཏོར་ལ་རཀྟ་བྲན་ཅིང་འགུགས་བསྟིམས་བདུད་རྩིར་སྤེལ་བ་རྩ་སྔགས་ལ་གཏོར་སྔགས་བཏགས་པས་ཕུལ་ནས། ཧཱུྃ། བདུད་འདུལ་འཇིགས་བྱེད་ཁྲོ་རྒྱལ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིང་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་བཞེས་ལ་བདག་ཅག་གི ། ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ལོ་ཟླ་ཞག་དུས་ཟ་མའི་སྲི་ངན་སོགས། །ཐམས་ཅད་ཞི་ཞིང་བཟློག་ལ་མཐུ་ནུས་ཤིག །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་གཏོར་ཆེན་ལ་སྟོབ། །དེ་ལྟར་ཐུན་དྲུག་གམ་བཞིར་བཅད་དེ་ཁུག་རྟགས་མ་བྱུང་གི་བར་རམ་ཞག་གྲངས་ཇི་ཙམ་བྱེད་པ་ཆ་གཉིས་སུ་བགོས་པའི་ཆ་གཅིག་ལ་འབད་དོ། །དེ་ནས་བར་དུ་གཟིར་བའི་ལས་ [3b] ལ། བདག་གི་ཤངས་སྒྲོམ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲུལ་པའི་ཁྲོ་ཚོགས་ནམ་མཁའ་གང་བར་སྤྲོས། ཁོའི་ལྷ་སྲུང་ཐམས་ཅད་བྱ་སྤུ་རླུང་གིས་ཁྱེར་བ་ལྟར་བསྐྲད་པར་བསམ་ཞིང་། ཁྱད་པར་གྱི་རྫས་དུད་སྒྲོ་གཉིས་ཀྱིས་བྱབས་པ་སོགས་དང་བཅས་ལྷ་དབྱེ་བྱས་མཐར། བདག་མདུན་གྱི་ཐུགས་ཀའི་ཧཱུཾ་ལས་ཧཱུཾ་འཕྲོས་པ་དམིགས་བྱའི་སྙིང་གི་སྒོར་བཞུགས། ཁོག་པར་སླེབས་པས་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པ་རྣོ་དབལ་གཅོད་པའི་ངར་དང་ལྡན་པ་རླུང་སྤུ་གྲི་རེག་གཅོད་ལྟར་འཁོར་བས་ཤ་རུས་ནང་ཁྲོལ་ཐམས་ཅད་དམར་ཐར་ར་བཏང་བ་ལས་བྱེད་ཕོ་ཉ་རྣམས་ཀྱིས་དུར་ཁྲོད་ཀྱི་རོ་ལ་བྱ་རྒོད་རུབ་པ་ལྟར་ཧབ་དིར་གྱིས་ཟ་བར་བསམ་ཞིང་། ལས་སྔགས་སྤུ་གྲིའི་མཐར། ཨོཾ་བཛྲ་ཡཀྴ་ཏྲིག་ནན༔ ཨེ་ཧུར་ཐུམ་ཛ༔ གཟིར་ནན༔ ཀཱ་ཝཱ་ཙི་རྦད་རྦད༔ ཅེས་ཏིང་འཛིན་ངར་དང་ལྡན་པས་བཟླ་ཞིང་ཐུན་རྫས་ལ་ཁ་རླངས་མ་ཤོར་བར་ཕུལ་འདེབས། ཐུན་རྫས་རྣམས་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ནད་མཚོན་དུག་གི་ཐོག་སེར་དྲག་པོ་དམིགས་བྱའི་སྙིང་གར་གཟིར་ཞིང་བསྡིག་པས་གཟུགས་བྱེ་མའི་མཁར་ཆུས་བཤིག་པ་ལྟར་བཅོམ་ནས་མཐར་རྣམ་ཤེས་ཀྱི་ངོ་བོ་ནྲྀ་འམ་ཏྲི་ [4a] དུད་ཁ་མར་མེ་འཆི་ཁའི་འོད་ལྟ་བུ་དེ་ཡང་ནག་སྐེམ་གྱིས་བསད་པར་བསམ། ཧྰུྃཿཁྲག་འཐུང་ཁྲོས་པ་དྲག་པོའི་མཚོན༔ གཏུམ་དྲག་ཕོ་ཉ་འབར་བའི་ཐུན༔ རྣོ་མྱུར་ཤུགས་དྲག་རྡོ་རྗེའི་མེ༔ མི་བཟད་མཚོན་ཆའི་འཁྲུལ་འཁོར་ནི༔ གནམ་ས་འཁྲུགས་པའི་ཐོག་སེར་བཞིན༔ དགྲ་བགེགས་གཟུགས་ཕུང་རྟེན་ལ་ཡ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་ཡཀྴ་ཏྲིག་ནན་ཨེ་ཧུར་ཐུཾ་ཛཿགཟིར་ནན་ཀཱ་ཝཱ་ཙི་རྦད་རྦད༔ ཅེས་ལིངྒ་ལ་ཐུན་བརྡེག །ཐུན་མཚམས་སུ་གོང་བཞིན་ཐུན་གཏོར་ཕུལ་ལ་ཕྲིན་ལས་བཅོལ། དེ་ལྟར་བསད་རྟགས་མངོན་དུ་མ་གྱུར་གྱི་བར་རམ་འགུགས་པའི་ཕྱེད་ཆ་ཙམ་དུ་འབད་དོ། །དེ་ནས་ཐ་མ་མནན་པའི་ལས་ལ། སླར་ཡང་བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་གཏུམ་དྲག་ཉམས་བརྒྱར་འབར་བས་གནོད་བྱེད་ཀྱི་ལུས་ངག་ཡིད་གསུམ་མནན་པའི་ལས་མཛད་པར་གྱུར། མདུན་གྱི་ལིངྒ་དམིགས་བྱ་དངོས་སུ་གསལ་བའི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་སྣ་ཚོགས་རྡོ་རྗེས་མཚན་པ་ལྕི་ཞིང་འཐས་པ་རེ་རེས་ [4b] མནན་ཅིང་ཡན་ལག་དང་ཚིག་བཞི་ཐམས་ཅད་རྡོ་རྗེ་རྒྱ་གྲམ་རེས་གཟིར་བས་ཉམ་ཐག་ཅིང་གཡོ་འགུལ་ཙམ་ཡང་མི་ནུས་པར་བསམ་ཞིང་། ལས་སྔགས་སྤུ་གྲི་དང་། ཨོཾ་ཀརྨ་རཀྴ་ཀྲོ་དྷ་སརྦ་དུཥྚཾ་ཏྲིག་ནན་གནོད་བྱེད་ཆེ་གེ་མོ་ཧཾ་ཤཾ་གིང་ཀ་ར་ཏྲིག་ནན་སྟྭཾ་བྷ་ཡ་རྦད་ནན་ཧཱུཾ་ལཾ་ཀཱ་ཝཱ་ཙི་མཱ་ར་ཡ་ནན༔ ཅེས་དྲག་ཏུ་བཟླས་ལ་མཐར་ཐུན་གོང་ལྟར་བརྡེག །ཐུན་གཏོར་སྐབས། ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིག །ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས། །ནམ་ཡང་ལྡང་མེད་མནན་པའི་ཕྲིན་ལས་མཛོད། །མདོར་ན་བདག་གི་སོགས་སུ་བསྒྱུར་ལ་འབུལ། དེ་ལྟར་མནན་རྟགས་མཐོང་གི་བར་རམ་བསད་པའི་ཕྱེད་ཆ་ཙམ་དུ་འབད་ནས། མནན་པ་དངོས་ལ། དགྲ་བགེགས་དེ་རྣམས་དབང་པོ་ཉམས་ཤིང་དབུགས་དང་བྲལ་ནས་འགུལ་ཙམ་ཡང་མི་ནུས་པར་བྱད་ཐག་སྣ་ལྔས་གྲུ་གུ་ལྟར་བསྡམས། སྙིང་ནང་དུ་འཁོར་ལོ་རྩིབས་དགུ་གནམ་ལྕགས་ལས་གྲུབ་པ་རྣོ་ངར་དང་ལྡན་པ་གཡོན་བསྐོར་དུ་དྲག་ཏུ་འཁོར་བས་སྙིང་སོགས་ནང་ཁྲོལ་རྣམས་བཅད། ཁོ་ལ་ཟུག་གཟེར་དང་ན་ཚ་སྡུག་བསྔལ་མི་སྐྱེ་བར་བདེ་བའི་ངང་དུ་བརྒྱལ་བར་བསམ་ཞིང་། དྲག་སྔགས་བཟླ་བཞིན་པར་ལིངྒ་བྲུབ་ཁུང་ནས་ཕྱུངས་ཏེ་ལྟེབས་ [5a] ལུགས་གསུམ་པོ་གང་རུང་བྱས་པ་ཤི་སྐྲ་དང་བྱད་ཐག་གིས་བཅིང་། མནན་ཐོད་སོ་སོར་རང་གཤེད་ཀྱི་གནད་དང་ལྡན་པར་གཞུག་ཅིང་ཐུན་རྫས་ཀྱིས་སེང་མེད་པར་བཀང་སྟེ་ལ་ཆས་བཀག །ཕུང་རེའམ་ཡུག་སའི་ཤ་གོས་ཀྱིས་དྲིལ་ལ་བྱད་ཐག་གིས་བཅིངས་པར་རྩང་རྒྱ་གྲམ་དུ་གཟེར། བདག་མདུན་རྣམས་དང་རང་བཞིན་གྱི་དབྱིངས་ན་བཞུགས་པའི་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་དང་ཕྱག་མཚན་སོགས་ལས་འོད་ཟེར་དམར་ནག་མེ་རླུང་འཚུབས་ཤིང་སྲ་མཁྲེགས་མཚོན་ཆའི་རང་བཞིན་ཐོད་པ་ལ་བསྟིམས་པས། ཐོད་པ་ཤིན་ཏུ་སྲ་ཞིང་བརྟན་པ་དགྲ་བགེགས་བསྐལ་པའི་བར་དུ་མི་ལྡང་བའི་བཙོན་ཁང་སྲུབས་སེང་མེད་པར་བསམ་ཞིང་། དྲིལ་ཆས་ཀྱང་བསྐལ་པའི་མུན་པ་དང་། རྩང་རྣམས་གཤིན་རྗེའི་ལས་བྱེད་ཤན་པ་ཕོ་མོས་བསྐོར་ནས་ལྡང་མེད་དུ་ཐུབ་པར་བསྲུང་བར་ནན་ཏན་དུ་གསལ་གདབ་ལ། རིག་སྔགས་ཀྱི་བཅིང་རྒྱ་དང་མནན་སྔགས་རྟེན་འབྲེལ་ནག་པོའི་མན་ངག་བཞིན་རབ་ཏུ་གནས། དེ་ནས་ཟློག་གཞུང་ལྟར་སྒོ་དབྱེ། བསྐུལ་དང་ཆད་མདོ་བསྒྲག་ནས། མནན་རྫས་དང་གོང་གནོན་གྱི་གཏོར་མ་སོགས་ཁྱེར་ཏེ་གང་དུ་མནན་པའི་ས་མིག་ཏུ་མནན་དོང་ཚུལ་བཞིན་བྲུས་པའི་སར་སླེབས་པ་དང་གསེར་སྐྱེམས་ཕུལ་ཞིང་གཟུ་དཔང་བྱས་ལ། [5b] བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །རྔམ་བརྗིད་མེ་ལྟར་འབར་བའི་ཕྱག་མཚན་ནི། །ཕུར་བུ་བསྣུན་པས་ས་གཞི་གཤགས་ཤིང་གས། །ཕྱི་ཡི་རྒྱ་མཚོ་ཆེན་པོ་སྔོ་མེར་གསལ། །དེ་དབུས་དུག་རླངས་ན་བུན་ནད་ཀྱི་ཀློང་། །ས་འོག་སྲིད་པའི་བདག་པོ་ཀླུ་བདུད་ནག །འཛིན་ཤེས་གཏོང་མི་ཤེས་པ་མགོ་དགུ་པ། །སྦྲུལ་ཞགས་ནད་རྐྱལ་འཛིན་པ་ཞལ་གདངས་ཤིང་། །མཆེ་གཙིགས་རྔམས་པའི་ང་རོ་འབྲུག་ལྟར་ཁོལ། །ཀླུ་གཉན་ས་བདག་བྱེ་བའི་འཁོར་དང་བཅས། །སྐད་ཅིག་དམ་ཚིག་དབང་གིས་ལྷགས་པར་གྱུར། །ནྰ་ག་རཀྴ་བཛྲ་ས་མ་ཡ། ཤ་དུམ་རཀྟས་བྲན་པའི་དམར་གཏོར་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ། ཧཱུྃ༔ ཀླུ་བདུད་ནག་པོ་འཁོར་བཅས་ལ༔ དགྲ་བོའི་ཤ་ཁྲག་གཏོར་མ་འདི༔ འབུལ་གྱིས་དགྱེས་པར་རོལ་ནས་ཀྱང་༔ དམ་ཉམས་ལས་ངན་འཁོར་བཅས་རྣམས༔ སྡོམ་འཛིན་མནན་པའི་ཕྲིན་ལས་མཛོད༔ ཅེས་གཏོར་མ་ཕུལ། སླར་ཡང་འགུགས་འདྲེན་བླ་འགུགས་ལྷ་དབྱེ་རྣམས་ཡིད་ཆེས་པར་བྱས་ནས་མནན་ཆས་ཐོགས་ལ། ཧཱུྃ༔ ས་འོག་རིམ་པ་དགུ་ཡི་འོག །སྒོ་མེད་ལས་ཀྱི་བཙོན་ཁང་ནས། ། [6a] གདུག་བྱེད་ཀླུ་བདུད་མགོ་དགུ་པ། །བསྡོམས་འཛིན་ཕོ་ཉའི་འཁོར་དང་བཅས། །དེ་རིང་དྲག་པོའི་ཕྲིན་ལས་མཛོད། །ཡིད་ལ་བརྣག་པའི་དགྲ་བགེགས་འདིས། །དཀོན་མཆོག་གསུམ་གྱི་བསྟན་པ་བཤིག །སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་འཕྲོག །འགལ་རྐྱེན་ཉེས་ཚོགས་སྤྲིན་ལྟར་གཏིབས། །མཐུན་རྐྱེན་ལེགས་ཚོགས་རླུང་ལྟར་གཏོར། །དེ་ཕྱིར་སྐྱབས་འོས་ཉམས་ཆུང་མིན། །བྱང་ཆུབ་སེམས་ནི་མ་སྐྱེ་བར། །ཟུངས་ཤིག་ཆིངས་ཤིག་ཤོར་ར་རེ། །མཐུ་སྟོབས་ནུས་པའི་རྩལ་བསྐྱེད་ལ། །མིང་ཙམ་བརྡའ་ཙམ་མ་ལུས་པར། །ཐར་མེད་མནན་པའི་ཕྲིན་ལས་མཛོད། །ཅེས་བརྗོད་ལ་དོང་ནང་དུ་བསྐྱུར་བས་ཀླུ་བདུད་ཀྱི་ཁ་ནང་དུ་འཁྱུར་རེ་སོང་བར་བསམ་ལ་དམོད་མོ་ཐལ་རྡེབ་བྱ། ཁོང་ཆུད་ས་བདག་ཀླུ་གཉན་ཀུན་དགའ་ཞིང་། །ཕྲུ་གུ་ཐམས་ཅད་རྩེར་སྒྲ་དིར་དིར་སྒྲོག །མནན་པའི་ལས་བྱེད་དམ་ཉམས་དགྲ་བོ་རྣམས། །བསྐལ་པ་མ་སྟོང་བར་དུ་མི་ཐར་བར། །ཆུ་སྲིན་ཁ་བསྡམས་ཉི་ཟླ་གཟས་ཟིན་བཞིན། །མུན་ནག་དུག་གི་རང་གནས་རྒྱ་མཚོའི་གཏིང་། །རིམ་བདུན་ས་འོག་གཤིན་ [6b] རྗེའི་གྲོང་ཁྱེར་སོང་། །ཞེས་རོ་གཡམ་ལ་སྣ་ཚོགས་རྡོ་རྗེ་དང་སྟོང་ཁམས་བྲིས་པས་ཁ་བཀབ་ལ། མཁའ་དབྱིངས་རླུང་མེ་ཆུ་སའི་དཀྱིལ་འཁོར་སྟེང་། །སུཾ་ལས་རིན་ཆེན་རི་རབ་སྲ་ཞིང་བརྟན། །རབ་འབར་སྣ་ཚོགས་རྡོ་རྗེ་དང་བཅས་པས། །རྟག་ཏུ་ཐར་མེད་གཟིར་མནན་རྒྱས་གདབ་བོ། །ཨེ་ཡཾ་རཾ་ཁཾ་སུཾ་ནྲྀ་ཏྲི་མཱ་ར་ཡ་སྟྭཾ་བྷ་ཡ་ནན། ཅེས་འབྱུང་བ་སོ་སོའི་རྒྱས་བཏབ། ས་རྡོ་ལག་ཚགས་དམ་པོས་མི་མངོན་པར་བཀབ་ལ་བྲོ་བརྡུང་བྱ། དེ་ནས་གཏོར་ཆེན་ནང་དུག་མཚོན་ཆའི་ཕུང་པོར་བསྒྱུར་ལ། ཧཱུཾ། ང་ནི་རྡོ་རྗེ་གཞོན་ནུ་ཆེ། །ཞེས་སོགས་ཀྱིས་དགྲ་ཕྱོགས་སམ་ཐེབས་ཕྱོགས་སུ་འཕང་། སྒོ་དྲུང་དུ་བཤལ་ཆུས་བརྟན་མ་བསྐྱང་། ནང་དུ་ལོག་ནས་ཚེ་འགུགས་དང་དངོས་གྲུབ་བླང་བ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་ལྟར་བྱའོ། །དུག་ལྔས་རབ་མནན་ལས་ངན་གདུག་ཅན་ཚོགས། །ནམ་ཡང་ལྡང་མེད་གཟིར་མནན་ཆོ་གའི་ཁྲིགས། །བརྗོད་པ་འདིས་ཀྱང་བསྟན་དང་བསྟན་འཛིན་སྡེ། །བར་ཆད་གཡུལ་ལས་རྒྱལ་བའི་གཞིར་གྱུར་ཅིག །ཅེས་རྡོ་རྗེ་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་ལས་མཐའ་དགྲ་བགེགས་མནན་པའི་མན་ངག་རྡོ་རྗེའི་རི་དབང་ཞེས་བྱ་བ་འདི་ཡང་། རྣམ་འདྲེན་གསུང་སྤྲུལ་བཅུ་པའི་དགོངས་པ་རྗེས་སུ་སྒྲུབ་པའི་སླད་དུ། རིགས་མཐུན་གྱི་གཞུང་དང་མན་ངག་ལ་ [7a] བརྟེན་ནས། རྒྱལ་ཁམས་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྣམ་འཕྱང་རྒྱལ་ཟླའི་དམར་ཕྱོགས་ཀྱི་རྫོགས་པ་གཉིས་པར་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་གདུག་ཅན་ཉམས་པའི་དཔུང་རྣམས་ལྡང་མེད་བསྐལ་པར་གནོན་པའི་རྒྱུར་གྱུར་ཅིག། །།ཛ་ཡནྟུ།། །།