དམ་ཆོས་དགོངས་པ་ཡོངས་འདུས་ལས། བླ་མའི་དབང་ཆོག་ནོར་བུ་པདྨའི་ལྗོན་ཤིང་ཕྱག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་དྲི་མེད་བདུད་རྩིའི་རྫིང་བུ།

From Dudjom Wiki
DJYD-KABUM-07-JA-016
Wylie title dam chos dgongs pa yongs 'dus las bla ma'i dbang chog nor bu pad+ma'i ljon shing phyag len mtshams sbyor gyis brgyan pa dri med bdud rtsi'i rdzing bu DJYD-KABUM-07-JA-016.pdf
Location bdud 'joms rin po che bka' 'bum
Volume 7, Text 16, Pages 449-537 (Folios 1a1 to 45a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dam chos dgongs pa yongs 'dus las bla ma'i dbang chog nor bu pad+ma'i ljon shing phyag len mtshams sbyor gyis brgyan pa dri med bdud rtsi'i rdzing bu. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 7: 449-537. Kalimpong: Dupjung Lama, 1979-1985.
Side notes Recto: dbang chog   Verso: bdud 'dul dgongs 'dus
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre Empowerment Ritual - dbang chog - dbang skur  ·  Procedural Outline for Rituals - mtshams sbyor
Cycle བཀའ་རྫོགས་པ་ཆེན་པོའི་དམ་ཆོས་དགོངས་པ་ཡོངས་འདུས་ (bka' rdzogs pa chen po'i dam chos dgongs pa yongs 'dus)
Colophon

།དེ་ལྟར་ཡང་གསང་བླ་མའི་དབང་ཆོག་ནོར་བུ་པདྨའི་ལྗོན་ཤིང་ཕྱག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་དྲི་མེད་བདུད་རྩིའི་རྫིང་བུ་ཞེས་བྱ་བ་འདི་ནི། ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་གར་དབང་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་ཞལ་སྔ་ནས་ཆོས་སྐོར་ཡོངས་རྫོགས་ཀྱི་སྨིན་གྲོལ་བདུད་རྩིའི་དགའ་སྟོན་སྐལ་པ་བཟང་པོའི་དཔྱིད་དུ་སྩལ་བའི་ཚེ། གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་མཚོན་པའི་རྟེན་དང་བཅས་ཏེ་གསུང་གི་སྣང་བས་ཡིད་ཀྱི་པདྨོ་ཁ་ཕྱེས་པ་ལ་བརྟེན་ནས། བདེ་བ་ཆེན་པོ་པདྨ་སཾ་བྷ་ཝས་འབྲོག་བན་ལོ་ཙཱའི་སྐྱེས་པ་རབས་ཀྱི་ཕྲེང་བའི་གྲལ་དུ་བྱིན་གྱིས་བརླབས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེར་འབོད་པའི་སྔགས་ཀྱི་བནྡྷེ་སྙོམས་ལས་པས། རང་ལོ་སུམ་ཅུ་ཐམ་པའི་ཐོག་ཏུ་སོན་པ་དཔལ་གདོང་གི་ལོ་ཆུ་སྟོད་ཟླ་བའི་ཡར་ངོའི་དགའ་བ་དང་པོ་ལ་ཆོས་སྡིངས་རིན་ཆེན་སྤུངས་ཀྱི་ཡང་དབེན་འོད་གསལ་ཐེག་མཆོག་གླིང་གི་ཆོས་གྲྭར་སྦྱར་བའི་ཡི་གེ་པ་ནི་ལམ་འདི་ལ་མི་ཕྱེད་པའི་དད་གུས་ཀྱིས་གཡར་དང་ལྷུར་ལེན་པ་འཇིགས་མེད་རང་གྲོལ་གྱིས་བགྱིས་པའོ། །འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་ནུབ་པ་མེད་པར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

de ltar yang gsang bla ma'i dbang chog nor bu pad+ma'i ljon shing phyag len mtshams sbyor gyis brgyan pa dri med bdud rtsi'i rdzing bu zhes bya ba 'di ni/___khyab bdag bla ma rdo rje sems dpa'i ngo bor bzhugs pa gar dbang sangs rgyas rdo rje 'dus pa rtsal gyi zhal snga nas chos skor yongs rdzogs kyi smin grol bdud rtsi'i dga' ston skal pa bzang po'i dpyid du stsal ba'i tshe/___gsang gsum mi zad rgyan gyi 'khor lo mtshon pa'i rten dang bcas te gsung gi snang bas yid kyi pad+mo kha phyes pa la brten nas/___bde ba chen po pad+ma saM b+ha was 'brog ban lo tsA'i skyes pa rabs kyi phreng ba'i gral du byin gyis brlabs pa 'jigs bral ye shes rdo rjer 'bod pa'i sngags kyi ban+d+he snyoms las pas/___rang lo sum cu tham pa'i thog tu son pa dpal gdong gi lo chu stod zla ba'i yar ngo'i dga' ba dang po la chos sdings rin chen spungs kyi yang dben 'od gsal theg mchog gling gi chos grwar sbyar ba'i yi ge pa ni lam 'di la mi phyed pa'i dad gus kyis g.yar dang lhur len pa 'jigs med rang grol gyis bgyis pa'o/___/'dis kyang zab lam gyi phrin las nub pa med par gong nas gong du 'phel zhing rgyas pa'i rgyur gyur cig___/sarba dA mang+ga laM//

[edit]
༄༅། །དམ་ཆོས་དགོངས་པ་ཡོངས་འདུས་ལས། བླ་མའི་དབང་ཆོག་ནོར་བུ་པདྨའི་ལྗོན་ཤིང་ཕྱག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་དྲི་མེད་བདུད་རྩིའི་རྫིང་བུ་ཞེས་བྱ་བ་བཞུགས་སོ། །


༄༅། །བླ་མའི་དབང་ཆོག་ནོར་བུ་པདྨའི་ལྗོན་ཤིང་ཕྱག་ལེན་མཚམས་སྦྱོར་གྱིས་བརྒྱུ་པ་དྲི་མེད་བདུད་རྩིའི་རྫིང་བུ་ཞེས་བྱ་བ། ཨོཾ་སྭསྟི་སིདྡྷཾ། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ནི། །ཞིང་འདིར་རྡོ་རྗེའི་སྐུ་བརྙེས་རིག་འཛིན་ཚུལ། །དཀྱིལ་འཁོར་རབ་འབྱམས་སྤྲོ་དང་བསྡུ་བའི་གར། །པདྨ་ཐོད་ཕྲེང་རྩལ་དེར་ཕྱག་བགྱིའོ། །ཟབ་གཏེར་རྒྱ་མཚོའི་ཡང་ཞུན་ཟླ་མེད་པ། །དགོངས་པ་ཡོངས་འདུས་བླ་མའི་དཀྱིལ་འཁོར་དུ། །སྐལ་ལྡན་འཇུག་སྒོ་སྨིན་བྱེད་ཆོ་གའི་ཁྲིགས། །རྣམ་གསལ་དྲི་མེད་བདུད་རྩིའི་རྫིང་བུ་སྤྲོ། ། [2a] དེ་ཡང་དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་ཡང་གསང་བླ་མ་རྩ་གསུམ་འདུས་པའི་དཀྱིལ་འཁོར་དུ་རྩ་བའི་དབང་ཆེན་བསྐུར་བའི་ཚུལ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་གསལ་དག་བཀླག་ཆོག་ཆུ་འབབས་སུ་འགོད་པ་ལ་གསུམ་སྟེ། སྔོན་འགྲོའི་རིམ་པས་དབང་གི་གཞི་བཟུང་བ། དངོས་གཞིའི་ལས་ཀྱིས་དབང་བསྐུར་གཞུང་བསྲང་བ། རྗེས་ཀྱི་བྱ་བས་དབང་ཐོབ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ལ་གཉིས། སའི་ཆོ་ག་དང་། ལྷག་པར་གནས་པའོ། །དང་པོ་ནི། སློབ་དཔོན་རྟོགས་དགོངས་ལྡན་ཅིང་བསྙེན་སྒྲུབ་མཐར་ཕྱིན་པ་དང་། སློབ་མ་དད་བརྩོན་དམ་ཚིག་ལ་གནས་པ་སོགས་སྣོད་བཅུད་ཀྱི་རྟེན་འབྲེལ་ཚོགས་པ་ན། ཁྱད་པར་གྱི་དུས་ཆེན་ཡར་ངོའི་ཚེས་བཅུ་ལྟ་ [2b] བུའི་དུས་བཟང་པོར་གུ་རུས་བྱིན་གྱིས་བརླབས་པའི་གནས་སོགས་དབེན་ལ་ཉམས་དགའ་བར། སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་བཀྲམ་པའི་མདུན་དུ་བདག་བསྐྱེད་ཀྱི་མཆོད་པ་སྨན་རཀ་གཏོར་གསུམ་ཉེར་སྤྱོད་བཅས་བཤམས། དེའི་མདུན་དུ་དཀྱིལ་འཁོར་གྱི་གཞི་སྟེགས་གཙང་མའི་དབུས་སུ་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པའི་ཁར་ས་ལྷའི་གཏོར་མ་དཀར་ཟླུམ་ཐེབ་རིལ་གྱིས་མཚན་པ་དང་། དེ་མདུན་ཞིང་སྐྱོང་གཞི་བདག་སྤྱིའི་དཀར་གཏོང་དང་གསེར་སྐྱེམས། མཐར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་དུ་བཤམ། གཞན་ཡང་འོག་གི་སྐབས་སོ་སོར་ཉེ་བར་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ལ། ལས་བྱང་རྒྱུན་གྱི་རྣལ་འབྱོར་གསང་སྒྲུབ་ཕྲིན་ལས་ལམ་ཁྱེར་ལྟ་བུའི་བདག་བསྐྱེད་བཟླས་པ་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་དང་༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་ནས་ཤཔྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ ལན་ [3a] གསུམ་རྒྱ་དང་བཅས་པས་བརླབ། ལག་གཡས་རྡོ་རྗེ་དང་བཅས་ས་ལ་བརྡེག་པའི་ཚུལ་བྱ་ཞིང་། ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿ ས་དེ་བརྡོལ་བ་ལས་སའི་ལྷ་མོ་བརྟན་མ་སྐུ་མདོག་གསེར་གྱི་མདོག་ཅན་རཏྣའི་རྒྱན་གྱིས་སྤྲས་པ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་གཏེར་བུམ་བསྣམས་པ། ལྟེ་བ་ཡན་ཆད་ས་སྟེང་དུ་ཐོན་པ་དམ་ཡེ་དབྱེར་མེད་དུ་སྣང་བ་ལ། འཁོར་ས་བདག་གི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པར་བསམ་ལ། ཧཱུྃ་ཧྲཱིཿ ཇི་ལྟར་སྔོན་གྱི་དཔང་མཛད་ལྟར༔ མཁའ་ཁྱབ་སེམས་ཅན་དོན་གྱི་ཕྱིར༔ བདག་ནི་རྣལ་འབྱོར་རྡོ་རྗེ་འཛིན༔ བྱང་ཆུབ་སེམས་ནི་ངེས་བསྒྲུབ་པས༔ མཆོད་འབུལ་འདི་བཞེས་ས་འདི་ཞུ༔ བཅུ་གཉིས་ལོ་ཡི་རྟ་ལ་ཞོན༔ ཀོ་ལོང་བསྡམས་པའི་ལྷ་དགུ་དང་༔ འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན༔ ས་གླུད་མཆོད་གཏོར་འདི་བཞེས་ལ༔ རིན་ཆེན་ས་འདི་བདག་ལ་སྩོལ༔ འབྱུང་བ་ས་ཡི་བདག་པོ་རྣམས༔ གནས་རྟེན་གཞན་དུ་སྤོས་མཛོད་ལ༔ ས་འདིར་བཀྲ་ཤིས་མཛད་དུ་གསོལ༔ སརྦ་བྷུ་ཏ་པུ་ཛ་གྲྀཧྣ་ཁཱ་ཧི༔ ལན་གསུམ། ཤཱིནྟཾ་ཀུ་རུ་ཡེ་སྭཱཧཱ༔ ཞེས་དང་། [3b] སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས༔ ཉོན་མོངས་པའི་བདུད་བཏུལ་ནས་སངས་རྒྱས་ཏེ༔ བཀའ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་༔ ས་གཞི་རིན་ཆེན་གྱི་སྟེང་དུ་མཛད་ཅིང་༔ ས་ཡི་ལྷ་མོ་ཁྱོད་ཀྱིས་བྱིན་པར་མཛད་པ་ཡིན་པས༔ དེ་བཞིན་བདག་རྡོ་རྗེ་འཛིན་པས་ཀྱང་རྒྱུ་ཚོགས་གཉིས་རྫོགས་ནས་སྒྲིབ་གཉིས་བྱང་བར་བྱ་བའི་ཕྱིར་དང་༔ སློབ་མ་རྣམས་བྱང་ཆུབ་ཀྱི་ལམ་ལ་འགོད་པར་བྱ་བའི་ཕྱིར༔ རྩ་གསུམ་དགོངས་པ་ཡོངས་འདུས་ཀྱི་ཕོ་བྲང་གནས་འདིར་འདེབས་པར་འཚལ་བས༔ ས་འདིའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱིས་ས་གླུང་མཆོད་པ་འདི་བཞེས་ལ༔ གནས་འདི་བརྟན་ཅིང་བཀྲ་ཤིས་བྱིན་ཆགས་ནས་ཆེ་བཙན་བདེ་སྐྱིད་ཕུན་སུམ་ཚོགས་པར་མཛོད་ཅིག༔ ཅེས་བདེན་པ་བརྡར་བས། ལྷ་མོས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་བསམ་ལ། མཆོད་གཏོར་ཕྱི་རོལ་དུ་ཕུལ། སླར་ཡང་ཁྱད་པར་ཅན་གྱི་ཞིང་སྐྱོང་གཞི་བདག་རྣམས་ལ་དཀར་གཏོར་གསེར་སྐྱེམས་སྤྱི་འགྲོ་ལྟར་ཕུལ་ལ་ཕྲིན་ལས་བཅོལ། འདིར་ས་སྦྱོང་བ། བཟུང་བ། སྲུང་བ་སོགས་མ་བཤད་ཅིང་སྒྲུབ་གནས་རྙིང་པ་ལ་ནི་དགོས་པའང་མ་ཡིན་ལ། སྦྱར་བར་སྤྲོ་ན་སྒྲུབ་ [4a] ཁོག་ལས་འབྱུང་བ་བཞིན་བྱའོ། །གཉིས་པ་སྟ་གོན་ལ་བཞི། ལྷ། བུམ་པ། སྦྱིན་སྲེག །སློབ་མ་ལྷག་པར་གནས་པའོ། །དང་པོ་ལྷ་སྟ་གོན་ནི། དཀྱིལ་འཁོར་གྱི་གཞིར་མཎྜལ་ལ་སྙིང་པོ་བརྗོད་བཞིན་པས་དྲིས་ཐིག་ལེས་མཚན་པར་འབྲུ་དཀར་གྱི་ཚོམ་བུ་ལྷ་གྲངས་དང་མཉམ་པ་གཙོ་འཁོར་ཕྱེད་པར་འགོད། སྨན་རཀ་གཏོར་མ་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ་ལ། ལས་བྱང་གི་མཆོད་པ་བྱིན་རླབས་དང་ལྷ་བསྐྱེད་ནས་བསྟོད་པའི་བར་དུ་བཏང་སྟེ་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་གང་འགྲུབ་དང་། སྤྲོ་ན་ཚོགས་ཀྱི་མཆོད་པའང་བྱའོ། །གཉིས་པ་བུམ་པ་སྟ་གོན་ནི། མཎྜལ་གྱི་དབུས་སུ་མཉྫིའི་ཁར་རྣམ་བུམ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་བཅས་པ་དང་། ཉེ་ལོགས་གང་བདེར་ལས་བུམ་ཀྱང་དེ་མཚུངས་བཀོད་ལ། གུ་གུལ་བདུག་ཅིང་དྲག་སྔགས་ཡུངས་ཐུན་གྱིས་བགེགས་བསྐྲད་དེ་བསང་སྦྱང་། ། མི་དམིགས་སྟོང་པའི་ངང་ཉིད་ལས། །བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་། །པདྨ་རིན་ཆེན་འབར་བ་སྤེལ། །འཇའ་ཚོན་བྲེས་པ་ལྟ་བུའི་ནང་། །བླ་མ་རྩ་གསུམ་ལྷ་ཚོགས་གསལ། །རང་གི་ཐུགས་ཀའི་འོད་ཟེར་ནི། །གཟུངས་ཐག་ལ་འཁྲིལ་བུམ་ནས་སོང་། །ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། །མཉམ་སྦྱོར་བྱང་སེམས་བདུད་རྩིའི་རྒྱུན། ། [4b] བབས་པས་བུམ་པ་གང་བར་གྱུར། ཅེས་མོས་ལ་གཟུངས་ཐག་ནས་འཇུས་ཏེ་རྩ་སྔགས་ཐོད་ཕྲེང་རྩལ་གྱི་ཤམ་བུར། ཀཱ་ཡ་ཝཱ་ཀ་ཙིཏྟ་པ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྒྱ་རྩ་བརྒྱད་ལས་མི་ཉུང་བར་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་མཆོད་ཡོན་དུ་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོས་འོད་དུ་ཞུ་ནས་བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར་པར་བསམ། ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་དབང་ཆེན་རྟ་མཆོག་ཧེ་རུ་ཀ་དམར་སྨུག་པདྨའི་དབྱུག་ཏོ་དང་ཐོད་ཁྲག་འཛིན་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་ཏུ་བབས་པས་བུམ་པ་གང་བརབསམ་ལ། ཨོཾ་ཧྲཱིཿཔདྨནྟ་ཀྲྀཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ཧཱུཾ་ཕཊ༔ ཅེས་བརྒྱ་རྩ་བཟླས་མཐར། དཔལ་རྟ་མགྲིན་རྒྱལ་པོས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་ཆད་ཐམས་ཅད་སྲུང་བ་དང་ཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་ཕྲིན་ལས་གསོལ་ལོ། །གསུམ་པ་སྦྱིན་སྲེག་སྟ་གོན་ནི། །ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་རྃ་གྱིས་མཚན་པ་བྲིས་པའི་ཁར་ལས་དང་མཐུན་པའི་ཤིང་གིས་ཟླུམ་པོར་བརྩིག །ཡམ་ཤིང་། མར་ཁུ། ཏིལ། ཡུངས་དཀར་སོགས་ [5a] བསྲེག་རྫས་ཅི་འབྱོར་པ་འདུ་བྱས་ལ། ཨོཾ་ཨགྷེ་ཛྭ་ལ་རྃ༔ ཞེས་མེ་སྤར། སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་ཟླུམ་པོར་འཇིག་རྟེན་པའི་མེ་ལྷའི་ངོ་བོ་མེ་དཀར་གསལ་དུ་འབར་བའི་ཀློང་དུ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དམ་ཚིག་ཡེ་ཤེས་དབྱེར་མེད་པའི་སྐུར་སྐད་ཅིག་གིས་གསལ་བར་གྱུར་པར་མོས། ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་གྱིས་བསྲེག་རྫས་རྣམས་བརླབ། བསྲེག་རྫས་བདུད་རྩིའི་རང་བཞིན་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ཏེ་གསོལ་བས་མཉེས་པར་བསམ་ཞིང་། དགངས་བླུགས་ཀྱིས་མར་ཁུ་འབུལ་བ་དང་བཅས་སྙིང་པོའི་ཤམ་དུ། བདག་ཅག་དཔོན་སློབ་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་ས་ལམ་ཀྱི་བར་ཆད་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བདུན་ནམ་ཉེར་གཅིག་འབུལ། ཡམ་ཤིང་དང་ཏིལ་ཡུངས་སོགས་ཀྱང་སྔགས་དེ་ཀས་ཕུལ་མཐར། ལྷ་རྣམས་ལས་འོད་ཟེར་དཀར་པོ་བདུད་རྩིའི་རང་བཞིན་ཅན་འཕྲོས། བདག་དང་སློབ་མའི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱས། རྩ་གསུམ་ལྷ་ཚོགས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ་མོ། །བཞི་པ་སློབ་མ་སྟ་གོན་ལ་བཅུ་ལས་ [5b] དང་པོ་ཀུན་སློང་བཅོས་པ་ནི། དཀྱིལ་འཁོར་ལ་ཡོལ་བ་བཏང་། དྲིའི་ཆུ། སོ་ཤིང་དང་འགྲིམ་དཀྱིལ། ཁྱོར་ཆུ། དཔུང་སྐུད། ཀུ་ཤ་རྣམས་ཉེ་བར་བདོག །ཟུང་དུ་མ་གྱུར་པའི་སློབ་མ་རྣམས་ལ་སྒོ་དྲུང་དུ་ལས་བུམ་གྱི་ཆུས་ཁྲུས་བྱ། ཕྱག་བཅས་མདུན་དུ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་དང་། དངོས་གཞིའི་སྐབས་བཞིན་སེམས་བསྐྱེད་གསལ་བཏབ་ལ། དེའང་འདི་ལྟར་རང་རེ་རྣམས་ཚེ་རབས་ཐོག་མ་མེད་པ་ནས་བློ་འཁྲུལ་རྟོག་གི་གཞན་དབང་ལ་བརྟེན་ནས་མུ་མཐའ་མེད་པའི་འཁོར་བའི་རྒྱ་མཚོ་ཆེན་པོར་ཡང་ནས་ཡང་དུ་འཁྱམས་ཤིང་སྡུག་བསྔལ་ཤ་སྟག་ཉམས་སུ་མྱོང་བ་ལས། ད་རེས་སྔོན་བསགས་དགེ་བ་རླབས་པོ་ཆེ་རྣམ་པར་སྨིན་པའི་མཐུ་ལས་དལ་འབྱོར་ཚང་བའི་མི་ལུས་ཡང་དག་པ་ཐོབ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། དེའི་ཡང་སྙིང་རྡོ་རྗེ་ཐེག་པའི་ཟབ་ཆོས་དང་འཕྲད། དེ་སྟོན་བྱེད་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་རྗེས་སུ་བཟུང་བ་སོགས་ལོ་ལེགས་པའི་སྟོན་ཐོག་ལྟར་ཕུན་སུམ་ཚོགས་པའི་སྐལ་པ་དང་ལྡན་པའི་སྐབས་འདིར། མནོག་ཆུང་ཚེ་འདིའི་བྱ་བས་མི་ཚེ་སྟོང་ཟད་དུ་མི་བཏང་བར་དོན་ཆུང་རྨི་ལམ་ལྟ་བུའི་བྱ་བཞག་ལིང་གི་ [6a] བོར་ནས། འདི་དང་གཏན་གྱི་ཕན་བདེའི་འབྱུང་གནས་མཚུངས་ཟླ་མ་མཆིས་པ་དམ་པའི་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་པ་ལ་འབད་འཚལ། ཆོས་ཀྱི་རྣམ་གྲངས་གདུལ་བྱའི་ཁམས་དབང་གི་རྗེས་སུ་འགྲོ་བ་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། ཐམས་ཅད་ཀྱི་ཡང་རྩེ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའི་ཐབས་རྣམས་དབང་པོ་མཆོག་དམན་བར་མ་གསུམ་ཀ་ལ་འཇུག་པ་བདེ་བ་དང་ལམ་བདེ་བ་ཁོ་ནས་རང་བྱུང་ཆོས་སྐུའི་འབྲས་བུ་བཙན་ཐབས་ལག་གཏོད་དུ་སྩལ་བར་བྱེད་པས་ན། རྒྱུད་ལུང་མན་ངག་ཐམས་ཅད་ནས་ཀྱང་ཆེ་ཐང་དུ་བསྔགས་པར་མཛད་པ་ཡིན། དེ་ལ་བླ་སྒྲུབ་ཇི་སྙེད་པ་རྣམས་ཀྱི་རབ་དང་ཕུལ་དུ་གྱུར་པ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་གཅིག་ཏུ་བསྡུས་པའི་ངོ་བོ་གུ་རུ་རིན་པོ་ཆེ་པདྨ་ཀ་རས་སྔོན་དུས་སྐལ་ལྡན་རྗེ་འབངས་སོ་སོའི་ངོ་སྐལ་དང་། མ་འོངས་པའི་གདུལ་བྱ་རྣམས་ལ་བརྩེ་བས་དགོངས་ཏེ་ཉིད་ཀྱི་སྒྲུབ་ཐབས་མཐའ་ཡས་པར་སྩལ་ཞིང་ཟབ་མོའི་གཏེར་དུ་སྦས་པ་རྣམས་ཀྱི་ནང་ནས། འདིར་ [6b] འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་ཆོས་སྐལ་དུ་སྩལ་བ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་འདུས་སུ་གྲགས་པ། ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་གསང་བའི་ཆོས་སྡེ་ཡོངས་ཀྱི་ཡ་གྱལ་བླ་མ་རྩ་བ་གསུམ་གྱི་ཐུགས་སྒྲུབ་ཡང་གསང་བླ་མེད་ཀྱི་སྒོ་ནས་སྨིན་བྱེད་ཟབ་མོ་བསྒྲུབ་པར་བགྱི་བ་ལ། སྔོན་དུ་འགྲོ་བ་སྟ་གོན་གྱི་རིམ་པ་དང་། དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ད་ལམ་སློབ་མ་ལྷག་པར་གནས་པའི་ཆོ་ག་སྒྲུབ་པ་སྐབས་སུ་བབས་པ་ཡིན་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གཉིས་པ་གསོལ་གདབ་དང་གནང་བ་སྦྱིན་པ་ནི། ཕྱག་སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོཿ བླ་མ་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ༔ རིགས་འདུས་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཐུགས་རྗེ་བརྩེ་བས་རྗེས་ཟུངས་ལ༔ བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ༔ [7a] དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དེ་ཡི་དམ་ཚིག་རིམ་པ་དང་༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་མཆོག་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ རྩ་བ་གསུམ་གྱི་ས་ཐོབ་ཕྱིར༔ མགོན་པོས་བདག་གཞུག་གནང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སྣོད་རུང་དུ་གཟིགས་ཏེ་སྔགས་ཀྱི་ཆེ་བ་བརྗོད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་སྟེ། ཀྱེ་ཧོཿ ཁྱེད་ཅག་ལས་དང་སྐལ་བར་ལྡན་པ་སྟེ༔ གྲངས་མེད་འདས་དང་ད་ལྟ་ཡི༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱང་༔ བླ་མེད་ཆོ་ག་འདི་མཁྱེན་པས༔ མངོན་རྫོགས་འབྲས་བུ་ཐོབ་པ་ཡིན༔ བདུད་སྡེ་ཤིན་ཏུ་མི་བཟད་པའི༔ དཔུང་ཚོགས་མ་ལུས་འདི་ཡི་བཅོམ༔ ཁྱེད་རྣམས་བླ་མེད་མཆོག་ཐོབ་ཕྱིར༔ འདི་ཡི་རྗེས་སུ་ཀུན་ཞུགས་མཛོད༔ ཅེས་བརྗོད། གསུམ་པ་རྒྱུད་སྦྱོང་ཞིང་སྡོམ་པ་བཟུང་བ་ནི། དེ་ལ་ཐོག་མར་ [7b] རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་རྩ་གསུམ་ཀུན་འདུས་བླ་མ་རྗེ་བཙུན་པདྨ་འོད་འབར་ཐོད་ཕྲེང་རྩལ་ལ་རིག་འཛིན་སློབ་དཔོན་ཡི་དམ་རྒྱལ་བ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་དེང་ནས་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ་སྐྱབས་སུ་འགྲོ་བ་དང་། བླ་ན་ཡོད་པ་དང་མེད་པའི་མཆོད་སྤྲིན་རྒྱ་མཚོས་མངོན་པར་མཆོད་པ་དང་། ཟབ་ལམ་གྱི་དངོས་གྲུབ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་ཚོགས་མཐའ་དག་བཤགས་པ་དང་། རང་གཞན་སྐྱེ་འཕགས་ཀུན་གྱི་དགེ་བ་རྨ་མེད་པ་ལ་རྗེས་སུ་ཡི་རང་བ་དང་། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྣམས་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་ [8a] རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག༔ ལན་གསུམ། དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་དབང་འཛིན་པ་དམ་ཚིག་དང་སྡོམ་པ་ལ་རག་ལས་པ་ཡིན་པས་སྨིན་བྱེད་ཀྱི་རྟེན་རྒྱུད་སྡོམ་ལྡན་དུ་སྒྲུབ་པའི་ཕྱིར་སྤྱི་དང་ཁྱད་པར་གྱི་སྡོམ་པ་རྣམས་བཟུང་བར་བྱ་སྟེ། ཐོག་མར་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་སྟེ་སོ་སོར་ཐར་པའི་སྡོམ་པ་ཚུལ་བཞིན་དུ་བཟུང་བའི་བློས་འདིའི་རྗེས་ཟློས། བླ་མ་རྩ་གསུམ་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་སྐྱེ་འགྲོལ༔ གནོད་འཚེ་སྤང་ཞིང་དགེ་ཚོགས་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་སོགས༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་གིས་རྒྱུན་དུ་གནས་ཤིང་བསྲུང་༔ ལན་གསུམ། [8b] གཞན་ཕན་གཞིར་བཅས་བསྒྲུབ་པ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་འཇུག་པའི་བསླབ་བྱ་ལ་སློབ་པར་མོས་པས་འདིའི་རྗེས་ཟློས། བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས༔ འདི་བཟུང་བྱང་ཆུབ་མཆིས་ཀྱི་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མ་བུ་ཡི་འདུ་ཤེས་ཀྱིས༔ མ་བསྒྲལ་བསྒྲལ་དང་མ་གྲོལ་སྒྲོལ༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སྔོན་བྱོན་བདེ་གཤེགས་རྒྱལ་བ་རྣམས༔ སྒོ་གསུམ་སྡོམ་ལ་རབ་གནས་ལྟར༔ འདི་བཟུང་འཁོར་བ་མ་སྟོང་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང་༔ མ་གྲོལ་བ་རྣམ་སྒྲོལ་བ་དང་༔ དབུགས་མ་ཕྱུང་རྣམ་དབུགས་དབྱུང་ཞིང་༔ སེམས་ཅན་མྱ་ངན་འདས་ལ་འགོད༔ ལན་གསུམ། ཐབས་ཤེས་ཟུང་འཇུག་རྡོ་རྗེ་ཐེག་པའི་དམ་ཚིག་རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པ་རྣམས་ཚུལ་བཞིན་བླང་ནས་བསྲུང་བའི་འདུན་པས་འདིའི་རྗེས་ཟློས་མཛོད། འདི་བཟུང་བྱང་ [9a] ཆུབ་མཆིས་ཀྱི་བར༔ དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་༔ ཡང་དག་ཉིད་དུ་བཟུང་བར་བགྱི༔ སློབ་དཔོན་ཀྱང་ནི་བཟུང་བར་བྱ༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་སྡོམ་པ་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ པདྨའི་རིགས་ཀྱི་སྡོམ་པ་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་སྡོམ་པ་ཡིན༔ དེ་ནི་རིགས་ལྔའི་དམ་ཚིག་སྟེ༔ དེ་རྣམས་བདག་གིས་བརྟན་པོར་བཟུང་༔ ལན་གསུམ། འདའ་དཀའ་རྡོ་རྗེའི་དམ་ཚིག་གཉན་པོའི་བསྲུང་མཚམས་བསྒྲག་ཅིང་དེ་ལས་མི་འདའ་བར་བསྒོ་བ་འདི་ལ་སྙན་གཏོད་འཚལ། བླ་མ་དཀོན་མཆོག་གསུམ་ལ་གུས་པ་དང་༔ སེམས་ཅན་ཀུན་ལ་མ་ལྟར་བརྩེ་བ་དང་༔ བླ་མེད་རྩ་བ་ཡན་ལག་དམ་ཚིག་རྣམསཿ ལུས་དང་སྲོག་ལ་བབས་པར་གྱུར་ན་ཡང་༔ ཅུང་ཟད་ཙམ་ཡང་ [9b] དམ་ལས་འདའ་མི་བྱ༔ ཞེས་པ་ཙམ་མམ་སྤྲོ་ན་དམ་ཚིག་གི་རྣམ་བཞག་རྒྱས་པར་བཤད་དོ། །བཞི་པ་སྡིག་སྒྲིབ་སྦྱོང་བ་ནི། དེ་ནས་སྡིག་སྒྲིབ་སྦྱོང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། རང་རང་གི་སྤྱི་བོར་པད་དཀར་ཟླ་བའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་ཅན་ཞབས་སྐྱིལ་ཀྲུང་དུ་བཞུགས་པ་རང་འོད་ཀྱི་ཤེས་རབ་མ་དང་མཉམ་པར་སྦྱོར་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུཾ་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། མོས་གུས་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པ་སྦྱོར་མཚམས་ནས་བྱུང་། རང་གི་ཚངས་བུག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་བས་སྡིག་ལྟུང་བག་ཆགས་དང་བཅས་པ་ལྷག་མེད་དུ་སྦྱང་བར་མོས་པས་ཡི་གེ་བརྒྱ་པ་ལྷན་ཅིག་ཏུ་གསུང་བར་ཞུ། ཞེས་ཡིག་བརྒྱ་བདུན་ནམ་ཉེར་གཅིག་ཙམ་དང་ཡང་སྙིང་བརྒྱ་རྩ་བཟླས་མཐར། ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། ཞེས་སོགས་རྒྱུད་ཀྱི་བཤགས་ཚིག་བརྗོད། མཐར་རྡོ་རྗེ་སེམས་ [10a] དཔའ་འོད་དུ་ཞུ་ནས་རང་རང་ལ་ཐིམ་པར་མོས་མཛོད། ལྔ་པ་སྒོ་གསུམ་བྱིན་གྱིས་བརླབ་པ་ནི། དེ་ནས་སྒོ་གསུམ་བྱིན་གྱིས་རློབ་པའི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ལ་ཕོག་པས་ལུས་འོད་ཀྱི་གོང་བུར་ཞུ་བ་ལས་དཀྱིལ་འཁོར་གྱི་གཙོ་བོ་པདྨ་འོད་འབར་ཐོད་ཕྲེང་རྩལ་གྱི་སྐུར་གྱུར་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གསལ་བར་གྱུར། འབྲུ་གསུམ་བརྗོད་ལ་གནས་གསུམ་དུ་དྲིའི་ཆུས་ཐིག་ལེ་བཀོད། བདུད་རྩི་ལྕེ་ལ་བཞག་སྟེ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་དང་བཅས་པའི་མེ་ཏོག་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྗོད། དྲུག་པ་སོ་ཤིང་སྦྱིན་པ་ནི། འོ་མ་ཅན་ནམ་འབྲས་བུ་ཅན་གྱི་སོ་ཤིང་སོར་བཅུ་གཉིས་པ་གས་ཆག་མེད་པའི་རྩེ་མོ་སོར་གཉིས་ཟླུམ་པོ་ལ་མེ་ཏོག་དམར་པོས་བརྒྱན་ཅིང་སྨད་དབལ་ལྡན་དྲིའི་ཆུས་བརླན་པ་དང་། མཎྜལ་པད་འདབ་བཞི་པར་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པ་བཅས་འདུ་བྱས་ལ། ལས་ཆུས་བསང་། མཚན་ཉིད་དང་ལྡན་པའི་སོ་ [10b] ཤིང་སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་ལྡན་དུ་གྱུར་པར་བསམ། དེ་ནས་དངོས་གྲུབ་ཀྱི་པྲ་བརྟག་པར་བྱ་བའི་སླད་དུ། སོ་ཤིང་འདི་ཉིད་ལག་པ་ཐལ་མོ་སྦྱར་བ་མཐེ་བོང་ཕྱིར་བརྐྱང་པའི་བར་དུ་བཟུང་སྟེ། རྩེ་མོས་སོའི་དྲི་མ་བྲུད་པས་སྡིག་སྒྲིབ་ཐམས་ཅད་ཕྱིར་སྐྱུགས་པར་མོས་ཤིང་། ཡང་གསང་བླ་མེད་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་བཟང་ངན་གྱིས་རྟགས་བསྟན་དུ་གསོལ་སྙམ་པའི་འདུན་པ་རྩེ་གཅིག་པས་ཚིག་འདིའི་རྗེས་ཟློས་དང་བཅས་མཎྜལ་གྱི་དབུས་སུ་རྩེ་མོ་གྱེན་དུ་བསྟན་ཏེ་དྲང་པོར་འདོར་མཛོད། ཀྱེ་ཧོཿ ཡང་གསང་བླ་མེད་དཀྱིལ་འཁོར་དུ༔ དངོས་གྲུབ་རྣམ་གཉིས་ཐོབ་བྱའི་ཕྱིར༔ བརྡ་ཡི་སོ་ཤིང་འདི་དོར་བས༔ བརྟེན་པ་ལས་ཀྱི་ལྷ་ལ་ཕོག་པར་ཤོག༔ ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཧ་ས་ཧ༔ ཞེས་འདོར་དུ་གཞུག ། དེ་ལྟར་དོར་བས་མཎྜལ་གྱི་དབུས་སུ་བབས་ན་མཆོག་གི་དངོས་གྲུབ་ཐོབ། ཤར་དུ་ཞི་བ། ལྷོ་རུ་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོ། མཚམས་སུ་ལས་ཕྲན་ཚེགས་འགྲུབ། མ་ཚུད་ན་ལན་གསུམ་བསྐྱར་ལ་དོར། གསུམ་ཀ་ལ་མ་ཚུད་ན་རེ་ཞིག་སྐལ་པ་ཆད་པར་ [11a] གསུངས་སོ། །བདུན་པ་ཁྱོར་ཆུ་སྦྱིན་པ་ནི། ལས་བུམ་མམ་དུང་ཞལ་གྱི་ཆུ་བྃ་མང་དུ་བཟླས་པས་བརླབ་ལ། དྲིའི་ཆུ་ཁྱོར་བར་ལན་གསུམ་བྱིན་པ་འཐུང་ལ་ལྷག་མ་རྒྱབ་ཏུ་དོར་ཅིག །ཨོཾ་ཧྲཱིཿབི་ཤུདྡྷེ་སྭཱ་ཧཱ༔ ཞེས་ཁྱོར་ཆུ་ལན་གསུམ་དུ་བླུད་དོ། །བརྒྱད་པ་དཔུང་སྐུད་གདགས་པ་ནི། སྲུང་སྐུད་ཁ་དོག་ལྔ་ལྡན་ལུས་ཚད་དང་མཉམ་པ་སུམ་བལྟབ་ཏུ་བསྒྲིལ་བར་མདུད་པ་གསུམ་བཏབ་ལ་སྙིང་པོའི་མཐར། བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བཟླས་པས་བརླབས་པ་ཉིད་སྐྱེས་པའི་དཔུང་པ་ཡོན་དང་བུད་མེད་ཀྱི་གཡས་སུ་བཅིངས་ལ། ཡེ་ཤེས་ལྔ་དང་རྡོ་རྗེ་གསུམ་མཚོན་པའི་སྲུང་བའི་སྐུད་པ་དཔུང་པར་བཅིངས་པས་སྒོ་གསུམ་གྱི་བར་ཆད་ཐམས་ཅད་སྲུང་བར་མོས་ཤིག །ཧཱུཾ་ཧྲཱིཿ ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ འཇུག་པའི་བར་ཆད་བགེགས་བསྲུང་ཕྱིར༔ མི་ཤིག་རྡོ་རྗེའི་རྒྱ་ཅན་གྱིས༔ སྐལ་ལྡན་བུ་ལ་རྒྱས་གདབ་བོ༔ རྩ་སྔགས་ཤམ་དུ་ བཛྲ་རཀྵ་རཀྵ་སྭཱཧཱ༔ ཞེས་བཟླ་བཞིན་དུ་བཅིངས་པའི་མདུད་སྟེང་དུ་དྲིའི་ཆུས་རེག་ཅིང་རྡོ་རྗེས་རྒྱ་གྲམ་དུ་རྒྱས་གདབ། དགུ་པ་ཀུ་ཤ་སྦྱིན་པ་ནི། ཀུ་ཤདྷཱིཿདང་ཧཱུཾ་ལས་སྐྱེས་ཤིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །ཨེ་མ༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་གྱི༔ [11b] དགེ་དང་མི་དགེའི་ལས་གྱུར་གང་༔ པྲ་རྟགས་སྟོན་ཕྱིར་སྔས་སྟན་སྦྱིན༔ བཟང་ངན་མཚན་མ་ཅི་བྱུང་ཡང་༔ ནངས་པར་ང་ལ་མ་གསང་སྨྲོས༔ ཨོཾ་བཛྲ་ཏིཀྵྞ་དྷཱིཿ སིདྡྷི་ཧཱུྃ༔ ཞེས་བརྗོད་ལ་ཀུ་ཤའི་ཕོན་པོ་གཉིས་ལག་གཡས་གཡོན་དུ་གཏད། དོ་ནུབ་སེང་གེའི་ཉལ་སྟབས་ཀྱིས་མགོ་དཀྱིལ་འཁོར་བ་ལ་ཕྱོགས་པས་ཉོལ་ལ་གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་དགེ་དང་མི་དགེ་བའི་ལེགས་ཉེས་ཀྱི་རྟགས་ངེས་པར་བསྟན་དུ་གསོལ་སྙམ་པའི་ངང་ནས་གཉིད་དུ་འགྲོ་བར་གྱིས་ལ་རྨི་ལམ་གྱི་མཚན་མ་ཇི་ལྟར་བྱུང་བ་ནངས་པར་ངེད་ལ་གསལ་བར་སྨྲ་དགོས་སོ། །བཅུ་པ་ཆོས་བཤད་པ་ནི། ཟབ་མོའི་སྒོར་ཞུགས་ནས་ཕྱིར་མི་ལྡོག་པའི་སླད་དུ་བདེན་པའི་ཆོས་བཤད་པས་སྤྲོ་བ་བསྐྱེད་པ་འདི་ལ་གསན་འཚལ། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ རྩ་གསུམ་དཀྱིལ་འཁོར་འཇུག་པ་ནི༔ ཨུ་དུམྺ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ན་ནི་རེས་འགའ་ཙམ༔ འབྱུང་འགྱུར་ཡང་ན་མི་འབྱུང་ངོ་༔ བསྐལ་པ་བྱེ་བ་བསམ་ཡས་སུ༔ སྔོན་དུ་སྡིག་པ་བྱས་པ་གང་༔ དཀྱིལ་འཁོར་བཟང་པོ་མཐོང་མ་ཐག༔ དེ་རྣམས་འཛད་པར་འགྱུར་ཡིན་ན༔ ཚུལ་འདིར་ཞུགས་ན་ [12a] སྨོས་ཅི་དགོས༔ གང་གིས་སྤྱོད་པ་མཆོག་འདི་ལ༔ བློ་གྲོས་མི་གཡོ་རབ་གནས་ན༔ གོ་འཕང་བླ་ན་མེད་པ་འགྲུབ༔ དེ་ཕྱིར་ཁྱེད་རྣམས་སྐལ་བཟང་ཅན༔ རྩ་བ་གསུམ་གྱི་རིགས་མཆོག་སྟེ༔ མ་ནོར་ཚུལ་བཞིན་འཇུག་པར་གྱིས༔ ཞེས་གདམས། དེས་སྟ་གོན་གྱི་རིམ་པ་གྲུབ་ཅིང་དངོས་གཞི་སླད་ནས་འབྱུང་བ་ལགས་པས་དགེ་བ་རྫོགས་བྱང་དུ་བསྔོ་བར་ཞུ། ཞེས་དགེ་བ་བསྔོས་ཏེ་སློབ་མ་རྣམས་རང་གནས་སུ་བཏང་། སློབ་དཔོན་གྱིས་སྟ་གོན་གྱི་ལྷ་ལ་སྙན་གསན་དབབ་པའི་སླད་དུ་སྤོས་དང་བཅས་ཏེ། ཀྱེ༔ དགོངས་ཤིག་གུ་རུ་རྩ་གསུམ་ལྷ་ཡི་ཚོགས༔ མ་ལུས་བདག་ལགས་ལ་གསན་ཅིང་དགོངས་སུ་གསོལ༔ རྩ་གསུམ་ལྷ་ཚོགས་ཁྱེད་རྣམས་མཆོད་པ་དང་༔ སྐལ་ལྡན་སློབ་བུ་རྗེས་སུ་གཞུག་པའི་ཕྱིར༔ བདག་ཅག་རིག་འཛིན་རྡོ་རྗེ་འཛིན་པ་ཡིས༔ ནངས་པར་རྩ་གསུམ་དཀྱིལ་འཁོར་ལེགས་པར་འབྲི༔ ཐུགས་རྗེས་བརྩེར་དགོངས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་བས་གནང་བ་སྩལ་བར་མོས་ལ། ཨོཾ་བཛྲ་ཨུཏྟིཥྛ། ཞེས་པས། སྟ་གོན་གྱི་ལྷ་རྣམས་བར་སྣང་འོད་ཀྱི་དྲྭ་བར་བཞུགས་པར་མོས། ཡི་གེ་བརྒྱ་པ་བཟླ་ཞིང་ཚོམ་བུ་དང་མཆོད་གཏོར་རྣམས་བསྡུ། [12b] བདག་བསྐྱེད་བསྡུ་ལྡང་སོགས་མཐར་དབྱུང་། ཕྱིར་ནངས་སློབ་མ་རྣམས་ཀྱིས་རྨི་ལམ་དགེ་བའི་མཚན་མ་མཐོང་ན་ཞེན་པ་མེད་པའི་སྒོ་ནས་གཟེངས་བསྟོད། ཅི་ཡང་མ་མཐོང་ན་འབྲིང་། ངན་ན་ཞི་བའམ་དྲག་པོའི་སྲེག་བླུགས་སོགས་བཟློག་པའི་ཐབས་བྱ་ཞིང་། དེ་ཙམ་མི་ནུས་ན་སྒྱུ་མ་ལྟ་བུར་ཤེས་པས་བདེན་མེད་ཀྱི་རྒྱས་བཏབ་པས་བཟློག་པར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། དབང་རྟེན་དཀྱིལ་འཁོར་བཤམས་པ། དབང་དོན་སྒྲུབ་ཅིང་མཆོད་པ། དབང་བསྐུར་དངོས་ལ་འཇུག་པའོ། །དང་པོ་ནི། སྟེགས་བུའི་དབུས་སུ་གཞུང་གསལ་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་ལེགས་པར་བཀྲམ་པའམ། མ་འབྱོར་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་དུ། མཉྫིའི་ཁར་སྔར་སྟ་གོན་བྱས་པའི་རྣམ་རྒྱལ་བུམ་པ་ཉིད་བཞུགས་སུ་གསོལ། ལྷ་ཙཀ་རྣམས་དེའི་ཁ་རྒྱན་གསེབ་བམ་མི་བདེན་མདུན་དུ་འགོད། མདུན་དུ་བསྙེན་སྒྲུབ་དུས་ལྟར་ཚད་ལྡན་དུ་བཞེངས་པའི་སྐུ་འབག་གམ་བྱིན་རླབས་ཅན་གྱི་གུ་རུའི་སྐུ་ཚབ། འཁོར་ལོ། བླ་མའི་གཏོར་མ་རིན་ཆེན་འབར་བ་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། གཡས་སུ་དབུ་རྒྱན་པྲོག་ཞུ་དར་དཔྱང་ཅན་དང་། གཞུང་པོད་དར་དམར་གྱི་ན་བཟས་དྲིལ་བ། གདན་ཁྲི་འཕན་གདུགས་རྒྱལ་མཚན་སོགས་མངའ་དབུལ་གྱི་ཆས། རྐང་འོག་གི་འཁོར་ལོ། དུང་། དགང་བླུགས། རྒྱབ་ཏུ་མཆོག་དབང་མཎྜལ་གྱི་དབུས་སུ་མཉྫིའི་ཁར་ཐོད་པ་མཚན་ལྡན་དུ་ཆང་བཟང་པོ་བྱང་སེམས་དཀར་དམར་ [13a] ཨ་མྲྀ་ར་མངར་གསུམ་དང་སྦྱར་བས་བཀང་ལ་ཁ་དར་དམར་བརྒྱད་ལྟེབ་ཀྱིས་བཀབ། དེ་སྟེང་མེ་ལོང་སིནྡྷུ་རས་བྱུགས་པ་ལ་ཆོས་འབྱུང་བསྣོལ་མའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿམ། འདབ་མར་མདུན་ནས་གཡས་བསྐོར་དུ། ར་ཧ། ཙ་རི། ཧྲིཿནི། ཡ་ས་རྣམས་དང་། ཆོས་འབྱུང་ཕྱི་རོལ་དུ་མུ་ཁྱུད་གསུམ་བསྐོར་བ་ལ་ནང་ནས་རིམ་པ་བཞིན་ཨ་ལི། ཀ་ལི། ཡེ་དྷརྨ་རྣམས་བྲིས་པ་བཞག་ཅིང་། དེའི་ལྟེ་བར་རང་བྱུང་གི་ཤེལ་རྡོ་ཟུར་དྲུག་པ་འགོད། དེ་དང་ཉེ་བར་རིག་མའི་གཟུགས་བརྙན། རྡོ་དྲིལ། པདྨ། གཡོན་དུ་ཐོད་པ་ཛ་གད་ཨ་མྲྀ་ཏས་བཀང་བ་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་གྱིས་ཁ་བཀབ་པ་དང་། མེ་ལོང་དྭངས་པ། སྔགས་ཕྲེང་། རྒྱ་གྲམ། ཕུར་པ་རྣམས་འགོད། དེ་མཐར་ཤར་དུ་ཆུ་གཉིས་ཉེར་སྤྱོད་ལྔ། ལྷོར་འདོད་ཡོན་ལྔ་དང་ཚོགས་མཆོད། ནུབ་ཏུ་སྨན་གཏོར་རཀྟ། བྱང་དུ་ལས་བུམ་དང་ཆོས་སྐྱོང་གཏེར་སྲུང་སྤྱི་སྒོས་ཀྱི་གཏོར་མ་སོགས་འགོད་པར་བཤད་ཀྱང་དབང་རྐྱང་ཙམ་ལ་དེ་རྣམས་སྤྱི་མཐུན་ལྟར་བྱས་པ་མི་འགལ། འཛོམ་ན་དཀྱིལ་འཁོར་གྱི་སྟེང་དུ་དར་དམར་པོའི་ལྡིང་གུར་དང་། ཕྱོགས་མཚམས་སུ་འཕན་དང་རྒྱལ་མཚན་སོགས་རྒྱན་གྱི་བཀོད་པས་མཛེས་པར་བརྒྱན། གཞན་ཡང་བདུད་རྩི་ཨ་མྲྀ་ཏ་དང་སྦྱར་བའི་དམ་ཆུ། མིག་དར། མེ་ཏོག །འགྲིམ་དཀྱིལ། གསེར་ཐུར། འབེབས་རྫས། མཎྜལ་གྱི་ཆས། ཚོགས་དང་ [13b] གཏོར་མའི་བྱེ་བྲག་སོགས་འོག་ཏུ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་དབང་དོན་སྒྲུབ་མཆོད་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཕྲིན་ལས་ཀྱི་གཞུང་བསྲང་ལ་བདག་མདུན་དབྱེར་མེད་དུ་བསྐྱེད། སྦྱན་འདྲེན་སྐབས་སྔར་ནམ་མཁར་བཏེགས་པའི་སྟ་གོན་གྱི་ལྷ་དཀྱིལ་འཁོར་ལ་བསྟིམས་ནས་ཕྱག་མཆོད་བསྟོད་པའི་བར་དུ་སོང་སྟེ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རྩ་སྔགས་དང་ ཕཊ་ཛཿ ཞེས་མདུན་དཀྱིལ་གྱི་གོ་སར་ཛཔྲ་ཁང་ཕྱེས་ནས་སྤྲོ་བསྡུའི་དམིགས་པ་གསལ་བཏབ་ལ་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་ཅི་འགྲུབ་མཐར། སྟ་གོན་སྐབས་ལྟར་བུམ་པའི་བསྐྱེད་བཟླས་དང་། གསང་དབང་ཐོད་པ་ལ་དམིགས་ཏེ། བྷནྡྷ་རང་བྱུང་གི་གཞལ་ཡས་ཁང་དུ་དབང་ཆེན་རྟ་མགྲིན་ཡབ་ཡུམ། དེའི་སྤྱི་བོར་བླ་མ་ཐོད་ཕྲེང་རྩལ་ཡབ་ཡུམ་རྣམས་གསལ་བ་ལ་བཟླས་པའི་རྐྱེན་གྱིས་ཐུགས་རྒྱུད་བསྐུལ། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པས་ཐོད་པ་གང་བར་གྱུར། ཅེས་དམིགས་ལ་སྒྲུབ་སྔགས་ཤམ་བུར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཧྱ་སིདྡྷི་ཨ་བྷི་ཥིཉྩ་ཨཱཿ ཞེས་བཏགས་པ་ཅི་འགྲུབ་བཟླ། གཏོར་མ་བླ་མའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བཏབ་ལ་ལས་བྱང་དངོས་གྲུབ་ལེན་ཆོག་སྐབས་སུ་འབྱུང་བའི་སྔགས་ཅི་འགྲུབ་བཟླས་ [14a] མཐར་ཁ་སྐོང་མཆོད་བསྟོད་ཕུལ་ལ་བུམ་ལྷ་འོད་ཞུ་བྱ། དམ་ཅན་སྤྱི་དང་གཏེར་སྲུང་ཚེ་རིང་མའི་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་བཏང་ནས་ལས་བུམ་བསྒྲུབ། ལས་བྱང་གཤམ་གྱི་དངོས་གྲུབ་ལེན་ཆོག་བརྗོད་ལ་ཏིང་ངེ་འཛིན་གྱི་དབང་བླང་ཞིང་སྤྲོ་ན་སྒྲུབ་རྫས་རྣམས་སྤྱི་བོར་གཏུགས་པ་དང་བུམ་ཆུ་བདུད་རྩི་མྱང་། སློབ་མ་གཞུག་པར་གནང་བ་ནོད་དེ་དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གསུམ་པ་དབང་བསྐུར་དངོས་ལ་གཉིས། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་བའོ། །དང་པོ་ལ་གཉིས། ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའོ། །སྔ་མ་ལའང་བདུན་ལས། དང་པོ་ཁྲུས་བྱ་ཞིང་བགེགས་བསལ་བ་ནི། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་སྒོ་དྲུང་དུ་བོས་ལ། ཇི་ལྟར་བལྟམས་པ་སོགས་བརྗོད་ཅིང་ལས་བུམ་གྱིས་ཁྲུས་བྱ། ཕྱག་བཅས་གྲལ་ལ་འཁོད་པ་དང་བགེགས་ཀྱི་གཏོར་མ་ལས་སྔགས་དང་ལས་ཆུས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧོཿ ས་བརླབས། སརྦ་བྷུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ [14b] བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་པ་ལིནྟེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ཏེ། ཧཱུྃ་ཧྲཱིཿ བླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཞེས་སོགས་ལས་བྱང་ལྟར་བཀའ་བསྒོས་ལ་དྲག་སྔགས་ཡུངས་ཐུན་ཚམ་རྔམས་དང་བཅས་པས་བགེགས་བསྐྲད། ཧཱུྃ་ཧྲཱིཿ ང་ནི་ཡེ་ནས་ངང་གི་ཁྲོ༔ ཞེས་སོགས་དང་། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྲོ་ཚོགས་མཚོན་ཆའི་ར་གུར་ཡེ་ཤེས་ཀྱི་མེ་དཔུང་འབར་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། ཅེས་སྲུང་འཁོར་གསལ་བཏབ། གཉིས་པ་མཎྜལ་འབུལ་ཞིང་ཆས་སུ་འཇུག་པ་ནི། མེ་ཏོག་བཀྲམ་བསྡུ་བྱས་ལ། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐུ་བཞིའི་དབང་ཕྱུག་ཁྱབ་བདག་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གུ་རུའི་ཐུགས་སྒྲུབ་ཀུན་གྱི་རྒྱལ་པོ་ཡང་གསང་བླ་ན་མེད་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཟབ་མོ་གསན་ལ་ལམ་རིམ་པ་གཉིས་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་གསལ་བཏབ་ནས་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། བདག་ཅག་གི་སྟོན་པ་ཡང་དག་ [15a] པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཚད་མེད་པ་མངའ་བ་དེ་ཉིད་ཀྱིས། གདུལ་བྱ་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པར་མཛད་པ་ཐམས་ཅད་ཀྱི་མཆོག་གམ་ཕུལ་དུ་གྱུར་པ་ནི་གསང་ཆེན་འོད་གསལ་རྡོ་རྗེ་ཐེག་པ་ཚེ་གཅིག་གིས་ཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ་འདི་ཉིད་ཡིན་ལ། འདི་ལའང་དབང་པོ་རིམ་གྱིས་པ་སྦྱོར་བའི་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱི་འཇུག་སྒོར་ཡི་དམ་ལྷའི་དཀྱིལ་འཁོར་དུ་དབང་བསྐུར་ནས་རིམ་གཉིས་སྟོན་སུ་ལེན་པ་དང་། དབང་རྣམས་གཅིག་ཅར་བ་སྔོན་སྦྱངས་ལས་འགྲོ་སད་པ་རྣམས་ཀྱི་འཇུག་སྒོར་བླ་མ་ཐུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་རིམ་གཉིས་ཉམས་སུ་ལེན་པ་གཉིས་སུ་གསུངས་པ་ལས། མཆོག་ཏུ་གྱུར་པ་ནི་ཕྱི་མ་ཉིད་ཡིན་ཏེ། དགོངས་པ་འདུས་པའི་རྒྱུད་ལས། བསྐལ་པ་སྟོང་གི་སངས་རྒྱས་པས། །བླ་མ་གཉན་པ་ཤེས་པར་བྱ། །ཅི་ཕྱིར་ཞེ་ན་བསྐལ་པ་ཡི། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །བླ་མ་དག་ལ་བརྟེན་ནས་འབྱུང་། ཞེས་དང་། རྒྱུད་ [15b] གཞན་ལས་ཀྱང་། དཀྱིལ་འཁོར་མ་ལུས་ཐམས་ཅད་ཀྱང་། །བླ་མའི་དཀྱིལ་འཁོར་ཉིད་དུ་འདུས། །བླ་མ་མཆོག་གིས་བྱིན་བརླབས་ན། །རྒྱལ་བ་ཀུན་གྱིས་བྱིན་བརླབས་ཏེ། །དཀྱིལ་འཁོར་ཀུན་གྱིས་དབང་བསྐུར་འགྱུར། ཞེས་སོགས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེན་པོར་གྲུབ་པའི་ལུང་མཐའ་ཡས་པར་འབྱུང་བ་བཞིན། དེ་ཉིད་སྒྲུབ་པའི་ཚུལ་ཡང་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་གྱུར་པ་སངས་རྒྱས་ཀུན་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་རང་གི་སྒྲུབ་ཐབས་རང་ཉིད་ཀྱིས་མཛད་དེ་དོན་མ་འཁྲུལ། སྒྲ་མ་ནོར། ཚིག་མ་བཅོས་པའི་རྡོ་རྗེའི་གསུང་རྨད་དུ་བྱུང་བ་རྣམས་ཏེ། དེའང་རིག་པ་ཀ་དག་གི་གྲོལ་གཞིར་སད་ནས་འཁོར་འདས་ཐམས་ཅད་ཀྱི་ཁྱབ་བདག་ཏུ་མངོན་པར་བྱང་ཆུབ་པ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཞེས་བྱ་བ་སངས་རྒྱས་ཀུན་ལས་ལྷག་པར་སངས་རྒྱས་པ་དེ་ཉིད་ཀྱིས། གློ་བུར་འཁྲུལ་རྟོག་གི་གཞན་དབང་དུ་གྱུར་པའི་འགྲོ་བ་རྣམས་ལ་བརྩེ་བའི་ཐུགས་རྗེ་སྐྱེས་ཏེ་སྤྱན་རས་གཟིགས་རིགས་ལྔ་གངས་ཆེན་མཚོའི་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་ཆེན་པོ་མངོན་པར་བཀོད་དེ། དག་པ་དང་མ་དག་པའི་འཇིག་རྟེན་མཐའ་ཡས་ [16a] པར་འགྲོ་འདུལ་སྤྲུལ་པའི་སྐུའི་བཀོད་པ་དེ་སྙེད་དུ་བསྟན་ནས་རྟག་ཅིང་ཁྱབ་པའི་ཕྲིན་ལས་འཁོར་བ་ཇི་སྲིད་དུ་མཛད་པ་ལས། མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཉིད་འདུལ་བའི་ཕྱིར་དུ་བདེ་བ་ཅན་གྱི་ཞིང་ཁམས་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ལས་སྤྲུལ་པའི་ཚུལ་གྱིས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གླིང་བཞི་བྱེ་བ་ཕྲག་བརྒྱར་གཅིག་ཅར་དུ་བསྟན། ཁྱད་པར་འཛམ་གླིང་འདི་ཉིད་ཀྱི་ཨོ་རྒྱན་རྒྱ་གར་བོད་ཡུལ་འགྲོ་ལྡིང་གཙོ་བོར་གྱུར་པའི་ཡུལ་ཁམས་དང་གླིང་ཕྲན་རྣམས་སུ་དངོས་དང་བརྒྱུད་ནས་འདུལ་བ་བཞིའི་ཆོ་འཕྲུལ་རྒྱུན་ཆད་མེད་པས་སངས་རྒྱས་ཀྱི་ཕྲིན་ལས་རྒྱ་ཆེན་པོ་མཛད་ཅིང་། རྡོ་རྗེའི་སྐུས་བསྐལ་པ་ཇི་སྲིད་བར་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་བཞུགས་ཏེ་ཟབ་གསང་གི་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར། ལྷག་པར་བོད་ཡུལ་མུན་པའི་གླིང་དུ་འཇམ་མགོན་ཁྲི་ལྡེས་དམ་པ་ཆོས་ཀྱི་སྒྲོན་མེ་སྦོར་བའི་སྡོང་དང་གྲོགས་སུ་ཕྱག་ཕེབས་ཏེ་རྒྱལ་བའི་བསྟན་པ་ཉིན་མོར་མཛད་པའི་སྐབས་སུ། ལས་ཅན་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ [16b] ཆོས་སྒོ་ཟབ་ཅིང་རྒྱ་ཆེ་བ་མཐའ་ཡས་པར་སྩལ་ཞིང་། ཕལ་ཆེར་མ་འོངས་པའི་སྐྱེ་འགྲོ་ཉམ་ཐག་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་གྲོལ་བ་བཞི་ལྡན་གྱི་གཏེར་ཁ་བས་མ་ལས་འདས་པས་བོད་ཡུལ་མཐའ་དབུས་ཀུན་ཏུ་གཏམས་པར་མཛད་དེ། གནས་དུས་ཀྱི་རྟེན་འབྲེལ་དུས་ལ་བབས་པའི་ཚེ་གཞན་དོན་ལ་དབང་བའི་ལས་ཅན་གྱི་སྐྱེས་བུ་འབྱུང་བར་ལུང་བསྟན་པ་བཞིན་སྤྲུལ་པའི་རིག་འཛིན་རིམ་པར་བྱོན་པས་སྤྱན་དྲངས་ཏེ་འབྲེལ་ཚད་ཀུན་བཟང་པདྨ་ཀཱ་རའི་གདུལ་བྱར་སྨིན་པར་མཛད་པ་སོགས། མདོར་ན་ཁ་བ་ཅན་གྱི་ལྗོངས་འདིར་བསྟན་དང་འགྲོ་བའི་ཕན་བདེའི་རྒྱུ་འབྲས་གང་ན་ཅི་མཆིས་ཐམས་ཅད་སློབ་དཔོན་སངས་རྒྱས་གཉིས་པ་འདི་ཁོ་ནའི་ཐུགས་རྗེའི་ཆ་ཤས་ལས་བྱུང་བ་ཡིན་པས་མཛད་པའི་ཕྲིན་ལས་ལ་ཕྱོགས་དང་རིས་སུ་མ་ཆད་ཅིང་བརྩེ་བའི་བཀའ་དྲིན་ལ་ཚད་དང་མུ་མེད་པ་ལས། སྐབས་སུ་བབས་པའི་འཆད་བྱ་འདི་ཉིད་ཀྱི་དབང་དུ་བྱས་ན། གུ་རུ་རིན་པོ་ཆེ་ཉིད་བསམ་ཡས་ཨཱ་རྱ་པཱ་ལོའི་གླིང་དུ་བཞུགས་པའི་སྐབས་མངའ་བདག་ཚངས་པ་ལྷའི་མེ་ཏོག་དང་། བྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ། འབྲོག་བན་ཁྱེའུ་ཆུང་ལོ་ [17a] ཙཱ་སོགས་སྐལ་ལྡན་གྱི་འདུས་པ་ཐུན་མོང་མ་ཡིན་པ་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་འདུས་རྩ་གསུམ་ཡང་གསང་བླ་ན་མེད་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་རྗེ་འབངས་རྣམས་སྨིན་གྲོལ་དུ་མཛད། ནམ་ཞིག་གདོང་དམར་བོད་ཀྱི་ཡུལ་འདིར་སྐུ་དངོས་ཀྱིས་གདུལ་བར་བྱ་བ་རྫོགས་ནས་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་གཤེགས་པར་ཉེ་བ་ན། དཔལ་གྱི་ཡང་རྫོང་ཤེལ་གྱི་བྲག་ཕུག་ཏུ་ལས་ཅན་གྱི་གཟུངས་མ་མཚོ་རྒྱལ་དང་འབྲོག་བན་ལོ་ཙཱ་བ་གཉིས་ལ་འབྲལ་ཁའི་ཞལ་ཆེམ་གྱི་ཚུལ་དུ་ཐུགས་ཀྱི་གསང་བའི་མཛོད་ཆེན་པོ་བརྟོལ་ནས་བསྐྱེད་རྫོགས་གདམས་སྐོར་ཡོངས་སུ་རྫོགས་པ་བུམ་པ་གང་བྱོས་སུ་སྩལ་ཏེ། ཇི་སྐད་དུ། ཡང་ཟབ་གསང་བའི་ལྡེའུ་མིག་ལས། ཨེ་མ་ཧོཿ བདག་འདྲ་མཚོ་སྐྱེས་རྡོ་རྗེ་ནི། སྤྲེའུའི་ལོ་ལ་ཨོ་རྒྱན་རྒྱ་མཚོའི་གླིང་༔ ངོ་མཚར་གེ་སར་པདྨའི་སྡོང་པོ་ལ༔ སྣང་བ་མཐའ་ཡས་ཐུགས་ལས་ཧྲཱིཿཆད་ནས༔ འགྲོ་བའི་དོན་དུ་སྤྲུལ་པའི་སྐུ༔ རྒྱལ་པོའི་སྲས་ལ་མངའ་གསོལ་ནས༔ རྒྱ་གར་ཡུལ་གྱི་ཕྱོགས་བཞི་མཚམས་བརྒྱད་ལ༔ ལོ་ [17b] ཡང་སུམ་སྟོང་ཉེ་བར་བཞུགས༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བཙུགས༔ ལྟ་བ་ལོག་པའི་མུ་སྟེགས་བཏུལ༔ ཤས་ཆེར་ནང་པའི་བསྟན་ལ་བཙུད༔ བོད་ཁམས་རྒྱལ་བས་ཞབས་མ་བཅག༔ དེ་ཕྱིར་ང་ཉིད་བོད་དུ་འོང་༔ དེང་སང་བསྟན་པ་བོད་འདིར་དར༔ གུ་རུ་པདྨ་འབྱུང་གནས་ང་༔ མི་སྡོད་རྔ་ཡབ་སྲིན་ཡུལ་འགྲོ༔ སླར་ཡང་ཐུགས་རྗེའི་སྟོབས་ཤུགས་ཀྱིས༔ བོད་ཁམས་རྒྱུན་ཆད་མེད་པར་སྐྱོང་༔ ས་སྟེང་གསང་སྔགས་ཆོས་ཀྱིས་བཀང་ནས་ཡོད༔ མོས་གུས་མ་ཆུང་རྗེ་འབངས་ཀུན༔ ཁྱད་པར་འབྲོག་བན་མཚོ་རྒྱལ་གཉིས༔ ང་ཡི་གསུང་ཆོས་གཏེར་དུ་སྦོས༔ དུས་ངན་སྙིགས་མའི་སེམས་ཅན་ལ༔ འགྲོ་དོན་རྒྱ་ཆེན་འབྱུང་བར་འགྱུར༔ ཞེས་དང་། གཏོང་ཐུན་ལས། གསང་ཆེན་ངེས་པའི་བཀའ་མཆོག་འདི༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡིས་བཏབ༔ པདྨ་འོད་འབར་བདག་ཉིད་ཀྱིས༔ ཐུགས་ཀྱི་སྒྲུབ་པ་མང་སྦས་ཀྱང་༔ ཐུགས་ཀྱི་གསང་གཏེར་སྦས་པ་འདི་ལས་མེད༔ ད་ལྟའི་མངའ་བདག་མཚོ་རྒྱལ་འབྲོག་བན་དང་༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ སྙིང་གི་བཀའ་རྒྱས་བཏབ་ནས་སྦས༔ ཞེས་ [18a] གསུངས་པ་ལྟར། གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་གྱིས་ཤོག་སེར་ལ་མཁའ་འགྲོའི་བརྡ་ཡིག་ཏུ་བཀོད་དེ། གུ་རུ་ཉིད་ཀྱིས་འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་ལ་ཐ་ཚིག་སྨོན་ལམ་གྱི་གཏད་རྒྱ་དང་བཅས་ཟབ་མོའི་གཏེར་དུ་གཏམས་ནས་གཏེར་སྲུང་དམ་ཅན་རྒྱ་མཚོའི་གཉེར་དུ་བཅོལ་བར་མཛད་པ་ཉིད། ཕྱིས་འདོན་པའི་རྟེན་འབྲེལ་དུས་ལ་བབས་པ་ན། རྡོ་རྗེ་གླིང་པའི་གཏེར་ལུང་ལས། སློབ་དཔོན་ཧཱུཾ་ཆེན་ཀཱ་ར་ཉིད༔ ཁམས་ཀྱི་ཕྱོགས་ནས་བདུད་འདུལ་རྡོ་རྗེ་འབྱུང་༔ མངོན་སྤྱོད་དྲག་པོས་ཞིང་བཅུའི་གདུག་པ་འདུལ༔ ཅེས་དང་། གྲུ་གུ་ཡང་དབང་ལུང་བྱང་ལས། དུས་ངན་ཐ་མ་བསྟན་པ་མར་འགྲིབ་དུས༔ བོད་ཁམས་བདེ་བ་མཐའ་མིའི་དཔུང་གིས་བཅོམ༔ རི་ལྕོགས་རེ་ལ་སྔར་མེད་བཙན་རྫོང་བརྩིག༔ དེ་ཚེ་སངས་རྒྱས་ནུས་ལྡན་རྡོ་རྗེ་ནི༔ ཤར་གྱི་ཕྱོགས་ནས་བདུད་འདུལ་རྡོ་རྗེ་ཞེས༔ བོད་ཡུལ་བདེ་བའི་བྱ་བཞག་སྣ་ཚོགས་སྒྲུབ༔ ཅེས་སོགས་གཏེར་ཁ་གསར་རྙིང་དུ་མ་ནས་ལུང་བསྟན་བསྔགས་པའི་རྒྱལ་རྔ་མགྲིན་གཅིག་ཏུ་བརྡུང་བ། འབྲོག་བན་ཉིད་ཀྱི་སྐྱེ་མཐའ། སྙན་ [18b] བརྒྱུད་བཅུ་གསུམ་གྱི་མཛོད་ཁང་། གནས་གཏེར་བརྒྱ་རྩའི་ལྡེའུ་མིག །མྱང་གྲོལ་སྟོང་རྩའི་བཀའ་བབས་འཛིན་པ་ས་བཅུའི་དབང་ཕྱུག་ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེ་རྩལ་གྱིས། དབང་ཆེན་སྤྲེལ་ལོ་སྤྲེའུ་ཟླ་བའི་ཡར་ངོའི་ཚེས་བཅུའི་ཉིན། གནས་མཆོག་པདྨ་སྦས་པའི་ཚལ་གྱི་སྙིང་པོ་འདོད་ཆུ་བདེ་ཆེན་གསང་བ་ཕུག་གི་མཁལ་ཁུང་གཡས་པ་ནས་ཁྱད་པར་འཕགས་པའི་དམ་རྫས་རྣམས་དང་ལྷན་ཅིག་མ་འགགས་རྫུ་འཕྲུལ་གྱི་བཀོད་པ་ཆེན་པོས་སྤྱན་དྲངས་ཏེ། སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ས་ལ་བཀོད་པར་མཛད་པ་ཡིན་ལ། དེ་ལྟ་བུའི་ཟབ་མོའི་གདམས་པ་དེ་ལའང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དབང་གི་རིམ་པ་དང་། སྨིན་ཟིན་གྲོལ་བར་བྱེད་པ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་སྨིན་བྱེད་རྩ་བའི་དབང་བསྐུར་ཆེན་མོ་ཉིད་བསྒྲུབ་པར་བགྱི་བ་སྐབས་སུ་བབས་པ་ཡིན། དེ་ལ་སྟ་གོན་དུ་གནས་པ་ཡན་ཆད་སྔོན་དུ་སོང་ནས། དངོས་གཞིའི་ཆོ་ག་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། བདག་ཉིད་སློབ་ [19a] དཔོན་གྱིས་བགྱི་བར་འོས་པ་གཞུང་ལས་ཇི་སྐད་བཤད་པའི་རིམ་པ་རྣམས་བླ་མ་དམ་པའི་ཕྱག་བཞེས་བཞིན་ཚང་ལ་མ་འཁྲུལ་བར་སོང་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དང་། ཞུགས་ནས་དབང་བསྐུར་བའི་ཆོ་ག་གཉིས་ལས་འདིར་འཇུག་པའི་སྐབས་ཡིན། དེ་ལའང་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་གཉིས་ལས། ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་རིམ་པར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་ལོ་རྒྱུས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག ། དེ་ལྟར་མཎྜལ་ཕུལ་ནས། ཁྱེད་རང་རྣམས་སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་ཏེ་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་སྤྱན་དར་དམར་པོ་རེས་གདོང་བཅིང་བའི་མོས་པ་མཛོད། ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མ་ཎ་ཡ་ཧཱུྃ༔ ཞེས་མིག་དར་བཅིང་། [19b] དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་རྟེན་ཨུ་དུམྺ་རའི་མེ་ཏོག་གི་ཕྲེང་བ་གསར་པ་རེ་ཕྱག་ཏུ་གཏད་པར་མོས་ཤིག །ཨ་ཁཾ་བི་ར་ཧཱུཾ༔ ཞེས་མེ་ཏོག་གཏད། གསུམ་པ་གསོལ་བ་གདབ་ཅིང་གནང་བ་སྦྱིན་པ་ནི། སློབ་དཔོན་ཉིད་དཀྱིལ་འཁོར་གྱི་གཙོ་བོ་པདྨ་ཐོད་ཕྲེང་རྩལ་དངོས་ཡིན་སྙམ་པའི་འདུ་ཤེས་ཀྱི་དད་གུས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ བླ་མ་རྡོ་རྗེ་འཛིན་པ་ཡིས༔ བདག་ཅག་འཁོར་བའི་བཙོན་རར་ཚུད༔ བྱིང་བ་སྐྱབས་མེད་བདག་འདྲ་ལ༔ ཐུགས་རྗེས་དགོངས་ལ་དབང་བསྐུར་ཞུ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་རིགས་དང་སྐལ་པ་དྲི་བའི་སྒོ་ནས་ལན་སྦྱིན་པ་འདི་ལ་གསན་འཚལ། འོ༔ བུ་ཁྱོད་སུ་ཡིན་ཅི་ཞིག་བྱ༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་ལྡན་ལས་འཕྲོ་ཅན༔ བརྒྱ་ལམ་ན་ནི་རེས་འགའ་ཙམ༔ རྩ་གསུམ་དམ་ཚིག་བསྲུང་ནུས་སམ༔ འགྲོ་དོན་རྒྱ་ཆེན་བྱེད་ནུས་སམ༔ ཞེས་དྲིས་པ་ལ་ [20a] གསང་བའི་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་སླར་ཡང་ནན་ཏན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདག་ནི་རིགས་ཀྱི་བུ་གཅིག་པོ༔ སྔོན་སྦྱངས་ལས་འཕྲོ་ཅན་ཡིན་ནོ༔ རྩ་བའི་དམ་ཚིག་དབང་གིས་བསྲུང་༔ ཐུགས་རྗེས་དགོངས་ལ་དབང་བསྐུར་ཞུ༔ ལན་གསུམ། འོ༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་སྟེ་སྨིན་པར་བྱ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ སྒྲུབ་ཁང་འདི་ཡི་ཕྱི་རོལ་དུ༔ དམ་ཚིག་མེད་ལ་སྨྲ་མི་རུང་༔ དེ་ཕྱིར་སྙིང་ནས་སྲུངས་ཤིག་རིགས་ཀྱི་བུ༔ བཞི་པ་རྒྱུད་སྦྱོང་བ་ནི། དེ་ལ་ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་འདུན་པ་འདི་བཞིན་དུ་མཛོད། མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་མཁའ་ཁྱབ་ཀྱི་འཁོར་ལོར་བཞུགས་པ་ཐམས་ཅད་ཡིད་བཞིན་ནོར་བུ་བླ་མའི་དཀྱིལ་འཁོར་ཆེན་པོར་རྫོགས་ཤིང་། དེ་ཡང་རྡོ་རྗེ་སློབ་དཔོན་གྱི་གསང་བ་གསུམ་དང་ཐ་མི་དད་པར་ཤེས་པ་ལ་སྐྱབས་ཀྱི་མཆོག་ཏུ་བཟུང་ནས། བདག་གཞན་མཐའ་ཡས་པའི་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་ [20b] པའི་བློས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ ཞེས་སོགས་ལས་བྱང་ལྟར་ལན་གསུམ། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རིགས་ཀུན་འདུས་པ་བླ་མའི་དཀྱིལ་འཁོར་དུ་ཞུགས་ཤིང་ལམ་རིམ་པ་གཉིས་ལ་སློབ་ནས་གང་འདུལ་ཕྲིན་ལས་རྣམ་བཞིས་འཁོར་བ་དོང་ནས་སྤྲུགས་པའི་འགྲོ་དོན་ལ་བརྩོན་པར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ སོགས་ལན་གསུམ། སྐྱབས་ཡུལ་བླ་མའི་དཀྱིལ་འཁོར་གྱི་སྤྱན་སྔར། རྒྱུད་ཡོངས་སུ་དག་ཅིང་ཚོགས་གཉིས་བདེ་བླག་ཏུ་རྫོགས་པར་བྱེད་པ་ཡན་ལག་བཅུ་པ་ཚིག་གི་རྗེས་སུ་དོན་དྲན་པས་འདིའི་རྗེས་ཟློས་མཛོད། ཧཱུཾ་ཧྲཱིཿ གུ་རུ་ཡི་དམ་དྷཱ་ཀི་གཤེགས༔ སོགས་ལན་གསུམ། ལྔ་པ་སྡོམ་པ་བཟུང་བ་ནི། གསང་སྔགས་ཀྱི་གཞི་དབང་ལ་བརྟེན་ཀྱང་དབང་གི་སྲོག་དམ་ཚིག་དང་སྡོམ་པ་ལ་རགས་ལས་པས་ན་ཕྱི་ནང་གསང་བ་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་དང་སྡོམ་པའི་གནས་མཐའ་དག་སྔོན་གྱི་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྲུང་བ་དེ་བཞིན་དུ་བདག་གིས་ཀྱང་ [21a] ལེགས་པར་བླང་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་༔ རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་༔ སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུང་བ་ལྟར༔ དེང་ནས་བདག་བྱང་ལམ་ཆེན་དེར་ཞུགས་ཏེ༔ འགྲོ་ལ་ཕན་ཕྱིར་དེ་དག་བཟུང་བར་བགྱི༔ ལན་གསུམ། དྲུག་པ་གསང་སྔགས་ནང་གི་སེམས་བསྐྱེད་པ་ནི། དེ་ནས་གསང་སྔགས་ནང་གི་སེམས་བསྐྱེད་པའི་སླད་དུ་ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ནས་འབྲས་ཙམ་གྱི་ལྟེ་བར་དྭངས་མ་ལྔ་ལྡན་གྱི་ཐིག་ལེར་ཧྲཱིཿདམར་པོ་སྤུས་བྲིས་པ་ལྟ་བུ་ཞིག་གི་གཟུགས་སུ་གནས་པར་བསྒོམས་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི༔ ལན་གསུམ། སེམས་བསྐྱེད་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཀོད་དེ། ཏིཥྛ་བཛྲ༔ [21b] ཞེས་བརྟན་པར་བྱ། བདུན་པ་སྒོ་བཞི་ནས་འཇུག་ཅིང་ཕྱག་བྱ་བ་ནི། སློབ་དཔོན་གྱིས་དབྱེ་བའི་རྒྱ་དང་བཅས་ཏེ། ཛཿཧཱུཾ་བཾ་ཧོཿ པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་པས། དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེ་བར་གྱུར། ཞེས་ཡོལ་པ་བསལ། ཁྱེད་རང་རྣམས་གཙོ་བོའི་ཐུགས་ཀ་ནས་ཕྱེ་བའི་ལས་ཀྱི་རྡོ་རྗེས་རྡོ་རྗེའི་ལམ་ལས་དཀྱིལ་འཁོར་གྱི་ནང་དུ་དྲངས་པའི་མོས་པ་མཛོད། སློབ་དཔོན་གྱི་རྡོ་རྗེ་ལ་འཇུར་བཅུག་སྟེ། ཧཱུཾ་ཛཿ ཞེས་དྲངས་པས་ཚད་མེད་པ་བཞིའི་འཇུག་པས་དཀྱིལ་འཁོར་གྱི་སྒོ་བཞི་ནས་ཞུགས་ཏེ་ལྷ་ཚོགས་རྣམས་ལ་ཕྱག་བྱ་བའི་མོས་པས་གནས་གསུམ་དུ་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་སྟེ་ཧཱུྃ༔ ཨོཾ་ན་མ༔ མི་ཧཱུྃ༔ ཨོཾ་ན་མོ་ན་མཿཧཱུྃ༔ ལན་བཞི། དེ་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ནང་གི་ཁྱམས་ལ་འཁོད་པའི་མོས་པ་མཛོད། ཅེས་བརྗོད་དོ། །གཉིས་པ་ནང་འཇུག་ལ་ལྔ་ལས། དང་པོ་དམ་ལ་བཞག་པ་ནི། དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་སོང་། དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ལ། དེ་ཡང་གསང་སྔགས་ཀྱི་དབང་བསྐུར་བ་ཟབ་མོ་ཐོབ་ནས་རྩ་བ་དང་ཡན་ལག་གིས་ [22a] བསྡུས་པའི་དམ་ཚིག་མཐའ་དག་ཚུལ་བཞིན་དུ་བསྲུང་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དཀའ་བ་མེད་པར་འགྲུབ་པར་འགྱུར་བ་ཡིན་ཅེས་ཕན་ཡོན་གཙོ་བོར་བཤད་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་མགོར་བཞག་ལ། རིགས་འདུས་རྩ་གསུམ་དཀྱིལ་འཁོར་དུ༔ གཞུག་ཅིང་ཡེ་ཤེས་བསྐྱེད་བྱ་སྟེ༔ དེ་ཡིས་དངོས་གྲུབ་མཆོག་ཐོབ་འགྱུར༔ བླ་མེད་གསང་བའི་མན་ངག་རྣམས༔ སྣོད་མིན་རྣམས་ལ་མ་སྨྲ་ཞིག༔ ཅེས་དང་། སྣོད་མ་ཡིན་པ་ལ་གསང་བ་བསྒྲགས་པ་སོགས་དམ་ལས་འགལ་ན་མི་བཟད་པའི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ཅེས་ཉེས་དམིགས་གཙོ་བོར་བཤད་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཞག་ལ། རྩ་གསུམ་རིགས་འདུས་ལྷ་ཚོགས་རྣམས༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་པ་ན༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགསཿ ཞེས་དང་། རྡོ་རྗེ་དམ་ཚིག་གི་ཆུ་ནན་འདི་ཉིད་ལྕེ་ལ་བཞག་ཀྱང་སྙིང་གི་དཀྱིལ་དུ་བབས་ཏེ་གནས་པས། དམ་ཚིག་བསྲུང་ན་མགོན་སྐྱབས་བྱེད་པའི་ལྷ་ཡེ་ཤེས་སེམས་ [22b] དཔར་གྱུར་ནས་རྟག་ཏུ་བྱིན་གྱིས་རློབ་ཅིང་འདི་ཕྱིའི་ཕན་བདེ་མ་ལུས་པ་སྟེར་བར་འགྱུར་ལ། གལ་ཏེ་དམ་ལས་འདས་ན་བཛྲ་ཡཀྴ་ཀྲོ་དྷ་ཞེས་བྱ་བ་ལྕགས་སྡིག་མགོ་དགུ་པར་གྱུར་ནས་སྙིང་ཁྲག་གཞི་བ་པས་མཐོང་ཆོས་སུའང་ཚེ་ཐུང་ཞིང་ནད་མང་བ་དང་ཕྱི་མར་རྡོ་རྗེའི་དམྱལ་བའི་མེས་རབ་ཏུ་བསྲེག་པར་འགྱུར་བ་ཡིན་ཅེས་ཁེ་ཉེན་གཉིས་ཀ་བསྟན་པའི་སྒོ་ནས་དམ་ལ་བཞག་པ་ནི། དམ་ཆུ་བདུད་རྩི་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་དམྱལ་བར་ལྟུང་༔ བསྲུང་ན་ཚེ་གཅིག་སངས་རྒྱས་འགྲུབ༔ དེ་ཕྱིར་སྙིང་ལ་ཆོངས་ཤིག་རིགས་ཀྱི་བུ༔ ཨོཾ་བཛྲ་ཀྴ་ཨུ་ད་ཀ་ན་ར་ཀ་ཋ་ཋ༔ ཞེས་དང་། རྡོ་རྗེའི་སློབ་དཔོན་ནི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེན་པོར་ངེས་པའི་ཕྱིར་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ལས་འགལ་བར་གྱུར་ན་མ་ལུས་པའི་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ལ་སྤང་བར་འགྱུར་ཞིང་མི་བཟད་པའི་ཉམས་པ་ཆེན་པོར་འགྱུར་བ་ཡིན་ཅེས་སློབ་དཔོན་བཀའ་གཉན་པར་བསྟན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་གདེངས་ཤིང་སྤྱི་བོར་བཞག་ལ། ཧཱུྃ༔ དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི༔ རྡོ་ [23a] རྗེ་སློབ་དཔོན་ང་ཡིན་གྱི༔ ང་ཡིས་ཇི་ལྟར་བསྒོ་བ་བཞིན༔ ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ༔ ང་ཡི་བཀའ་ལས་འདས་གྱུར་ན༔ རྡོ་རྗེའི་དམྱལ་བར་བཙོ་བསྲེག་ལས༔ འཐོན་ཅིང་ཐར་པའི་དུས་མེད་པས༔ དེ་བས་དམ་ལས་མ་འདའ་རིགས་ཀྱི་བུ༔ ཨོཾ་བཛྲ་ས་མ་ཡ་རཀྵ་རཀྵ༔ ཞེས་བསྒྲག་ལ། དེང་ཕྱིན་ཆད་བླ་མ་རྡོ་རྗེ་འཛིན་པས་ཇི་ལྟར་བསྒོས་པ་བཞིན་གསང་བའི་དམ་ཚིག་གི་ཚུལ་ལས་ནམ་ཡང་མི་འདའ་བར་བགྱིའོ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། བཛྲ་ས་མ་ཡ་ཨི་དནྟེ་ར་ཀན༔ ཞེས་བྲོ་བོར་དུ་གཞུག་གོ །གཉིས་པ་ཡེ་ཤེས་པ་དབབ་པ་ནི། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རིག་པ་ཡེ་ཤེས་ཆེན་པོ་ཡིས༔ གང་བར་བྱིན་གྱིས་བརླབ་ཏུ་གསོལ༔ ཡོངས་སུ་རྒྱས་པར་མཛད་དུ་གསོལ༔ ཡོངས་སུ་སྨིན་པར་མཛད་དུ་གསོལ༔ ལན་གསུམ། ད་ནི་དབང་གི་གཞིའམ་རྩ་བར་གྱུར་པ་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་སྲོང་། ངག་གནད་རླུང་ཁ་སྦྱོར་དུ་འཆིངས། སེམས་ [23b] ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་མཛད་འཚལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་ལས་ཆུ་བུར་བརྡོལ་བ་བཞིན་དུ་ཁྱེད་རང་རྣམས་སྐད་ཅིག་གིས་རིགས་འདུས་རྗེ་བཙུན་པདྨ་འོད་འབར་ཐོད་ཕྲེང་རྩལ་གྱི་སྐུར་གྱུར་པ་ནི། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་གཞོན་ནུ་ལོ་བརྒྱད་པའི་ན་ཚོད་ཅན། མཛེས་འཛུམ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཕྱག་གཡས་སྡིག་མཛུབ་དང་བཅས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འཕྱར་ཐབས་སུ་འཛིན་ཅིང་། གཡོན་མཉམ་གཞག་གི་ཕྱག་རྒྱས་བདུད་རྩིའི་ཀ་པཱ་ལ་དང་འཆི་མེད་ཚེའི་བུམ་པ་བསྣམས་པ། སྐུ་ལ་རྡོ་རྗེའི་གསང་གོས་དཀར་པོ། སྔགས་ཀྱི་ཕོད་ཀ་མཐིང་ནག །ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན། ཟ་འོག་གི་བེར་ཆེན་དབང་གི་མདོག་ཅན་རྣམས་བརྩེགས་མར་གསོལ་ཞིང་། དབུ་ལ་འདབ་ལྡན་རིགས་ལྔའི་པད་ཞུས་མཛེས་པ། མཆན་ཁུང་གཡོན་ན་ཡུམ་མནྡྷ་ར་ [24a] བ་སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་ཀའི་རྣམ་པར་འཆང་ཞིང་། པང་དུ་བདེ་ཆེན་མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། ཞབས་རྒྱལ་པོ་རོལ་པའི་སྟོབས་ཀྱིས་སྣ་ཚོགས་པདྨ་ཉི་ཟླའི་གདན་ལ་བཞུགས་པ། སྣང་སྲིད་འཇའ་ཟེར་ཐིག་ལེ་དྭངས་མར་འཁྲིགས་པའི་ཀློང་ན་ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་གསལ་བའི་སྙིང་གར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་དང་། དཔྲལ་བར་འཁོར་ལོའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨའི་དབུས་སུ་ཨཱཿདམར་པོ། ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧཱུཾ་སྔོན་པོ་རྣམས་ཀྱིས་མཚན་པར་གསལ་ཐོབ། རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་ཉིད་དཀྱིལ་འཁོར་མངའ་བདག་རྗེ་བཙུན་པདྨ་འོད་འབར་ཐོད་ཕྲེང་རྩལ་དངོས་ཡིན་སྙམ་པའི་མོས་གུས་ཀྱི་གདུང་བ་དྲག་ཏུ་བསྐྱེད་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀ་ནས་རྡོ་རྗེའི་ཡེ་ཤེས་འགུགས་པའི་འོད་ཟེར་ལྕགས་ཀྱུའི་རྡུལ་ཕྲན་གྲངས་མེད་པ་ [24b] འཕྲོས། ཕྱོགས་བཅུའི་རྩ་གསུམ་རྒྱལ་བའི་ཞིང་རབ་འབྱམས་རྣམས་དང་། ཁྱད་པར་ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་སྒྱུ་འཕྲུལ་རོལ་མོའི་བཀོད་པ་བསམ་གྱིས་མི་ཁྱབ་པར་སྣང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕོག །ཐུགས་དམ་གྱི་རྒྱུད་རང་དབང་མེད་པར་བསྐུལ་ཏེ་ཡེ་ཤེས་པའི་ལྷ་ཚོགས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས། ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་རྒྱུན་བབས་པས་ལུས་ཐམས་ཅད་བདེ་མེར་གྱིས་གང་བར་གྱུར་པའི་མོས་པ་གྱིས་ཤིག །ཅེས་དམིགས་པ་སྤྲད་ལ་འབེབས་པའི་སྦྱར་སྤོས་བསྲེག །ཐོད་རྔ་སོགས་རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ་སྔོན་བསྐལ་མའི་སྤྱན་འདྲེན་མཐར་ཐོད་ཕྲེང་རྩལ་ལས་སྔགས་བཅས་པ་དང་། གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨ་བེ་ཤ་ཡ་སྟྭཾ་བྷ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧྲཱིཿཧཱུཾ་ཧ་ཨཱཿཛྷིེཾ༔ ཞེས་དྲག་ཏུ་བཟླས་པས་དབབ། བྱིན་ཕེབས་པ་ན། དེ་ལྟར་ཡེ་ཤེས་དབབ་པའི་བྱིན་རླབས་ཀྱི་རྒྱུན་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་ [25a] བར་དུ་སྒོ་གསུམ་ལ་རོ་གཅིག་ཏུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ༔ ཞེས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག །གསུམ་པ་མེ་ཏོག་དོར་བ་ནི། དེ་ནས་རིགས་བརྟག་པར་བྱ་བའི་ཕྱིར་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་དང་ཚེ་རབས་སྔོན་ནས་ལས་འབྲེལ་ཡོད་པའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་ཚིག་འདིའི་རྗེས་ཟློས་དང་བཅས་དཀྱིལ་འཁོར་དུ་འདོར་བར་ཞུ། ཨེ་མ༔ ཡང་གསང་བླ་མེད་དཀྱིལ་འཁོར་དུ༔ རིན་ཆེན་མེ་ཏོག་འདི་དོར་བས༔ སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་ཕོག་པར་ཤོག༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་དཀྱིལ་འཁོར་ལ་དངོས་སུ་དོར་བའམ་ཕྱག་རྒྱའི་དཀྱིལ་འཁོར་དུ་འདོར་གཞུག །དབུས་སུ་བབས་ན། བདེ་གཤེགས་རིགས་འདུས་རྩལ། ཤར་ལ་སོགས་པར། རྡོ་རྗེ་མི་བསྐྱོད་རྩལ། རིན་ཆེན་ཡོན་ཏན་རྩལ། པདྨ་བདེ་ཆེན་རྩལ། ལས་རབ་བདེ་བ་རྩལ། ཞེས་སོགས་རིགས་དང་མཐུན་པར་གསང་བའི་མིང་སོ་སོར་བཏགས་པའམ། སྤྱི་ཙམ་དུ། དེ་ལྟར་ཁྱེད་རང་རྣམས་ཀྱི་མེ་ཏོག་དབུས་དང་ཕྱོགས་མཚམས་གང་དུ་ཕོག་ཀྱང་ཐམས་ཅད་གཙོ་བོ་ཐོད་ཕྲེང་རྩལ་གྱི་ཐུགས་ [25b] ཀ་ཁོ་ནར་བབས་པ་ཡིན་ཏེ། འཁོར་གྱི་ཚོམ་བུར་སྣང་བ་ཐམས་ཅད་ཀྱང་གཙོ་བོའི་ཡེ་ཤེས་ཀྱི་རང་མདངས་གང་འདུལ་གྱི་རོལ་པར་འཆར་བ་ཡིན་པའི་ཕྱིར། །ཁྱེད་ཅག་རྣམས་ཀྱི་ལྷག་པའི་ལྷ་སྐལ་དུ་རྩ་གསུམ་ཀུན་འདུས་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ཉིད་བསྙེན་ཅིང་སྒྲུབ་པར་གྱིས་ཤིག །ལྷ་དང་མི་འབྲལ་ཞིང་རང་རྒྱུད་བྱིན་གྱིས་རློབ་པའི་བརྡར་མེ་ཏོག་དེ་ཉིད་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་མཛོད། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཧཱུཾ༔ ཞེས་ཅོད་པན་ཀྱིས་དབང་བསྐུར། བཞི་པ་མིག་དབྱེ་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །གསེར་ཐུར་ཐོགས་ལ། ཧོཿ ཇི་ལྟར་མིག་མཁན་མིག་འབྱེད་ལྟར༔ བུ་ཁྱོད་མ་རིག་ལིང་ཏོག་ནི༔ རིག་པའི་ངང་དུ་ད་དབྱེ་བས༔ དཀྱིལ་འཁོར་ལྷ་ལ་ལེགས་པར་ལྟོས༔ ཨོཾ་བཛྲ་པྲ་བེ་ཤ་ཡ་ཧཱུཾ་ཕཊ༔ ཅེས་མིག་དར་བསལ༔ ལྔ་པ་མཐོང་བ་བསྟན་པ་ནི། རྡོ་རྗེའི་ཕྱག་ཤིང་གིས་མཚོན་ཏེ། དེ་ལྟར་གློ་བུར་གྱི་སྒྲིབ་པ་བསལ་ནས་རྣམ་དག་ [26a] ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། ཧོཿ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ཁྱོད་ཀྱི་ལྷ་ནི་འདི་ཡིན་ནོ༔ དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག༔ གྲངས་མེད་སྡིག་པ་བྱས་པ་ཀུན༔ དེ་དག་ཟད་པར་གདོན་མི་ཟ༔ སྡིག་ལ་སོགས་པ་སྨོས་ཅི་དགོས༔ སྐད་ཅིག་ཚེ་འདི་ཉིད་ལ་ནི༔ བདེ་ཆེན་མངོན་པར་དགའ་བ་རུ༔ རྡོ་རྗེ་སྙིང་པོ་ཞེས་བྱར་འགྱུར༔ ཞེས་བལྟ་བར་བསྐུལ་ཞིང་ལུང་བསྟན་ནས། དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཞུགས་པ་དང་། མདུན་གྱི་རས་བྲིས་སམ་ཚོམ་བུ་རང་སྣང་དབྱེར་མེད་བླ་མ་རྩ་བ་གསུམ་གྱི་དཀྱིལ་འཁོར་མངོན་སུམ་དུ་གསལ་བར་བཞུགས་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། མི་རྟོག་པའི་ཡེ་ཤེས་ལ་གཞན་གྱིས་མི་ཤིགས་ཤིང་མི་ཚུགས་པའི་བརྡར་དེའི་ནང་དུ་རྡོ་རྗེའི་ར་བ། རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། [26b] འཁོར་བར་གནས་ནས་འགྲོ་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨའི་ཕྲེང་བ། བདེ་བ་ཆེན་པོའི་ཡེ་ཤེས་ལ་སྤྲོས་པའི་ཟུག་རྔུ་མེད་པའི་བརྡར་ཕྱི་ཟླུམ་པོར་འཁོར་བ། རྟེན་འབྲེལ་བཅུ་གཉིས་རྣམ་པར་དག་པའི་བརྡར་འོག་གཞི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་བརྡར་གཞལ་ཡས་ཁང་གྲུ་བཞི་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་དཀྱིལ་འཁོར་གྱི་ཆོས་རྣམས་ཀྱིས་མཛེས་པར་སྤྲས་པའི་ནང་དུ། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་བརྒྱད་དུ་དག་པའི་བརྡར་པད་འདབ་བརྒྱད། ཉོན་མོངས་པ་དྲུག་ཕར་ཕྱིན་དྲུག་ཏུ་དག་པའི་བརྡར་པད་འདབ་དྲུག །དུག་ལྔ་ཡེ་ཤེས་ལྔར་དག་པའི་བརྡར་པདྨ་འདབ་བཞི་ལྟེ་བ་དང་བཅས་པ། གཙོ་འཁོར་ཐམས་ཅད་ཀྱི་གནས་སུ་ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨ། ཤེས་རབ་རང་བཞིན་མེད་པའི་བརྡར་ཉི་མ། ཐབས་འགག་པ་མེད་པའི་བརྡར་ཟླ་བའི་གདན་ཏེ། དེ་དག་ནི་རྟེན་གཞལ་ཡས་ཁང་གི་དོན་རྟགས་སོ། །བརྟེན་པ་ལྷའི་དོན་རྟགས་ནི། དཀྱིལ་འཁོར་གྱི་དབུས་སུ་ཡེ་ [27a] ཤེས་ལྔའི་རང་བཞིན་རིགས་ཐམས་ཅད་ཀྱི་བདག་པོ་རྗེ་བཙུན་པདྨ་འོད་འབར་ཐོད་ཕྲེང་རྩལ་དང་ཐོད་ཕྲེང་རིགས་ལྔ། ཀུན་གཞི་གནས་སུ་གྱུར་པ་དབང་ཆེན་ཧེ་རུ་ཀ །དེ་དག་ཀྱང་སྣང་སྟོང་ཟུང་དུ་འཇུག་པའི་བརྡར་ཡབ་ཡུམ་རྣམ་པར་གསལ་བ། ཕར་ཕྱིན་དྲུག་གི་ངོ་བོ་འགྲོ་འདུལ་གུ་རུ་དྲུག །ཡེ་ཤེས་བརྒྱད་ཀྱི་རང་བཞིན་སྤྲུལ་པའི་མཚན་བརྒྱད། ཚད་མེད་པ་བཞིའི་ཡེ་ཤེས་ཀྱི་རང་བཞིན་གིང་ཆེན་མཁའ་འགྲོ་ཡབ་ཡུམ། ཕྱིའི་ཁོར་ཡུག་ལ་འཁོར་བའི་ཆོས་ཐམས་ཅད་ཀྱང་བདག་ཉིད་ཆེན་པོར་རང་སྣང་བའི་བརྡར་ལྷ་དང་རིག་འཛིན་མཁའ་འགྲོ་ཆོས་སྐྱོང་བཀའ་ཉན་ཕོ་ཉའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །དེ་ལྟ་བུའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས་ཀྱང་རང་སེམས་ལས་གུད་ན་ཡོད་པ་མ་ཡིན་ཏེ། དོན་དམ་པར་རང་ལ་གདོད་ནས་བཞུགས་པའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཉིད་ད་རེས་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་ཏེ་མངོན་སུམ་དུ་མཇལ་བར་གྱུར་སྙམ་དུ་མོས་པ་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་མཛོད། [27b] ཞེས་པ་ཙམ་མམ། སྤྲོ་ན་དེའི་རྗེས་འབྲེལ་དུ་མེ་ཏོག་ཕོག་པའི་ལྷ་ངོ་བསྟན་པ་ནི། དབུས་སུ་བབས་ན། དེའི་ནང་ནས་ཀྱང་ཁྱེད་རང་གི་མེ་ཏོག་དབུས་སུ་བབས་པ་ཡིན་པས་ཡི་དམ་གྱི་ལྷ་སྐལ་གཙོ་བོ་རིགས་ཀུན་འདུས་པ་པདྨ་འོད་འབར་ཐོད་ཕྲེང་རྩལ་འདི་ཉིད་ཡིན་ནོ། །དེ་བཞིན་དུ་ཤར་ལ་སོགས་པ་རིགས་འགྲེ། གང་ལྟར་ཡང་དཀྱིལ་འཁོར་བསྟན་ཅིང་ངོ་སྤྲད་ནས། དེ་དག་གིས་ནི་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ། དེ་ལྟར་ཞུགས་པའི་ཕན་ཡོན་ཀྱང་། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་མངོན་དུ་མཐོང་བ་ཡི། །བསོད་ནམས་རྟག་པ་གང་ཡིན་པ། །ཕྱིས་བྱས་པའང་དེ་བཞིན་ནོ། །ཞེས་གསུངས་པས་སྔོན་འོག་མིན་དུ་མཐར་ལམ་པ་ཞུགས་པ་དང་སྐལ་པ་མཉམ་པ་ཡིན་ནོ། །གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་ལ་བཞི། སྤྱི་བསྡོམས་རྩ་བའི་དབང་། ཁྱད་པར་བུམ་པའི་དབང་། ཐུན་མིན་མཆོག་གི་དབང་། མཐའ་རྟེན་ཕྲིན་ལས་ཀྱི་དབང་ངོ་། །དང་པོ་རྩ་བའི་དབང་རྣམ་པ་ལྔ་བསྐུར་བ་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་ལ། སྤྱིར་དབང་གི་ངོ་བོ་ནི། ཐོབ་བྱའི་ནུས་པ་ཁྱད་ [28a] པར་ཅན་རྒྱུད་ལ་འཇོག་པའི་ལས་ཀྱི་བདག་ཉིད་ཅན་ཡིན་ལ། ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བ་ཞེས་བྱ་སྟེ། དངོས་སུ་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པ་དང་། བརྒྱུད་ནས་སྐལ་བ་འཇོག་པ་ལ་འཇུག་སྟེ། ཧེ་རུ་ཀ་འདུས་པའི་རྒྱུད་ལས། རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། ཞེས་གསུངས། དབྱེ་ན་སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། དེ་མ་ཐག་པ་བཞི་པ་སྟེ། ཞེས་པས་དབང་བཞིར་འགྱུར་ཞིང་། དེའི་རྒྱུ་མཚན་དབང་བཞི་བསྐུར་བའི་ནུས་པས། སྦྱང་བྱ་ལུས་ངག་ཡིད་གསུམ་ཆ་མཉམ་དང་བཅས་པའི་དྲི་མ་བཞི་ཡོད་པ། དེ་སྦྱོང་བྱེད་ཀྱི་ལམ་བསྐྱེད་པའི་རིམ་པ་དང་། གཏུམ་མོ་དང་། ཕོ་ཉའི་ལམ་དང་། དེ་ཁོ་ན་ཉིད་རྫོགས་པ་ཆེན་པོ་དང་བཞིས་སྦྱངས་པས། སྦྱངས་འབྲས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་སྐུ་བཞི་མངོན་དུ་བྱེད་པས་ན་དབང་བཞིར་ངེས་པའི་ཕྱིར། འདིར་ནི་དགོས་པ་དེ་ལྡན་གྱི་དབང་བཞི་དང་མཐའ་རྟེན་གཞན་དོན་ཕྲིན་ལས་ཀྱི་རྗེས་སུ་གནང་བ་བཅས་ [28b] རིམ་པར་འབྱུང་བ་ལས། ཐོག་མར་བུམ་པའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ༔ བླ་མ་ཀུན་བཟང་ཆེ་བའི་མཆོག༔ བདག་ཅག་རིགས་ཀྱི་རྡོ་རྗེ་ཐོབ་བྱའི་ཕྱིར༔ རྩ་གསུམ་ཀུན་འདུས་བླ་མ་ཡི༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་སྒོར་རྡོ་རྗེ་རིན་པོ་ཆེ་སེང་གེའི་ཁྲི་ལ་པདྨ་དང་ཟླ་བའི་སྟེང་དུ་གུ་རུ་པདྨ་འོད་འབར་ཐོད་ཕྲེང་རྩལ་ཡུམ་དང་བཅས་པའི་རྣམ་པས་འཁོད་པར་མོས་ཤིག །འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་ཡང་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲོད་དེ་རིམ་པ་བཞིན་དབང་བཞིའི་བདག་ཉིད་ཅན་དུ་བསྐུར་བ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་པས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མ་མཆིས་པས་འདི་ལྟར་དབང་རྣམས་རིམ་པ་བཞིན་བསྐུར་བ་ལས་སྤང་བྱའི་དྲི་མ་རྣམས་དག་ཅིང་ཐོབ་བྱའི་ཡོན་ཏན་ཐམས་ཅད་ཐོབ་པར་གྱུར་སྙམ་པའི་མོས་པ་མཛོད། བུམ་པ་ཐོགས་ལ། ཧཱུྃ་ཧྲཱིཿ [29a] བུམ་པ་སྤྲོས་བྲལ་ལྷ་ཡི་གཞལ་ཡས་ཁང་༔ རྩ་གསུམ་ལྷ་ཚོགས་བུམ་པའི་ངོ་བོར་གསལ༔ དབང་བཞི་ཐོབ་ནས་སྒྲིབ་བཞི་དག་པའི་དོན༔ སྐལ་ལྡན་བུ་མཆོག་ཁྱེད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ༔ ཞེས་དབང་བསྐུར་ཞིང་སྔགས་ལན་གསུམ་བརྗོད། དེ་ལྟར་བུམ་པ་སྤྱི་བོར་བཞག་ནས་ཁྲུས་བྱས་པ་བུམ་དབང་། བུམ་ཆུ་བླུད་པ་གསང་དབང་། དབྱིངས་རིག་ཟུང་འབྲེལ་གྱི་ཚིག་དོན་ངོ་སྤྲད་པ་ནི། སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚོན་པའི་བུམ་པ་ཟླུམ་པོ་སྐྱེ་མེད་རྟོགས་པ་དོན་དམ་མཚོན་བྱེད་ཆུས་བཀང་སྟེ་དབང་བསྐུར་བས་དུག་གསུམ་བག་ཆགས་དང་བཅས་པ་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ལུས་ལྷར་སྨིན་པར་བྱེད་པ་སྐུ་བུམ་པ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །ཐོད་པ་ཐོགས་ལ། ཧཱུཾ་ཧྲཱིཿ བྷནྡྷ་ཆོས་ཉིད་ཟླུམ་པོའི་ཕོ་བྲང་དུ༔ རྗེ་བཙུན་པདྨ་ཡབ་ཡུམ་བཞུགས༔ གཉིས་མེད་བྱང་ཆུབ་སེམས་རྒྱུན་གྱིས༔ སྐལ་ལྡན་ [29b] རིགས་ཀྱི་བུ་ལ་དབང་བསྐུར་རོ། ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཝཱཀ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཿ ཞེས་བསྐུར་ཞིང་། དེ་ལྟར་ཐོད་པ་མགྲིན་པར་བཞག་པ་བུམ་དབང་། བདུད་རྩི་བླུད་པ་གསང་དབང་། དུག་ལྔ་ཡེ་ཤེས་ལྔར་སྦྱོར་བའི་ཚིག་དོན་ངོ་སྤྲད་པ་ནི། སེམས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ་གཞི་ཉོན་མོངས་ལྔ་ངོ་བོ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔར་རང་རིག་པ་སྐུ་ལྔའི་བདག་ཉིད་འཆི་མེད་ཀྱི་གོ་འཕང་བརྙེས་པ་མཚོན་བྱེད་བདུད་རྩིས་བཀང་སྟེ་དབང་བསྐུར་བས་མཚན་འཛིན་གྱི་རྣམ་རྟོག་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ངག་སྔགས་སུ་སྨིན་པར་བྱེད་པ་གསུང་གསང་བ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །མེ་ལོང་ཐོགས་ལ། ཧཱུྃ་ཧྲཱིཿ ཆོས་དབྱིངས་རྣམ་དག་ཕོ་བྲང་དུ༔ རྗེ་བཙུན་པདྨ་ཡབ་ཡུམ་བཞུགས༔ ཐུགས་རྗེ་ཡེ་ཤེས་དབང་བསྐུར་བས༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ་ཧཱུཾ༔ ཞེས་བསྐུར་ལ་སྙིང་གར་སིནྡྷུ་རས་ཐིག་ལེ་ [30a] བཀོད། དེ་ལྟར་མེ་ལོང་སྙིང་གར་བཞག་པ་བུམ་དབང་། ཐིག་ལེ་བྱས་པ་གསང་དབང་། རིག་པ་གསལ་ལ་མ་འགགས་པར་ངོ་སྤྲད་པ་ནི། སེམས་ཉིད་ཆོས་སྐུ་དྲི་མེད་མཚོན་བྱེད་མེ་ལོང་གཡའ་དག་ཟླུམ་པོ་ལ་ཀུན་རྫོབ་སྒྱུ་མ་ལྟ་བུ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཟུགས་བརྙན་ཅིར་ཡང་ཤར་བ་མཚོན་བྱེད་ཚོམ་བུས་བརྒྱན་པས་དབང་བསྐུར་བས་གསལ་བ་ལ་སྟོང་པས་རྒྱས་ཐེབས་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ཡིད་ཐུགས་སུ་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །གཏོར་མ་ཐོགས་ལ། ཧཱུྃ་ཧྲཱིཿ གཏོར་སྣོད་བྷནྡྷ་ཆོས་དབྱིངས་གཞལ་ཡས་ཁང་༔ གཏོར་མ་སྤྲོས་བྲལ་ཟླུམ་པོའི་ཕོ་བྲང་དུ༔ དུས་གསུམ་དོན་མཛད་རྩ་གསུམ་ལྷ་ཚོགས་བཞུགས༔ དག་ཅིང་གསལ་ལ་སྒྲིབ་བྲལ་སྣང་སྟོང་འཆར༔ དད་ལྡན་རྣམས་ལ་བྱིན་རླབས་མངོན་སུམ་འབྱུང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་སརྦ་ཨ་བྷི་ཥིཉྩ་ [30b] ཧྲཱིཿཧྲཱིཿཧྲཱིཿ ཞེས་གནས་གསུམ་དུ་བཞག་ཅིང་གཏོར་ཟན་སྦྱིན། དེ་ལྟར་གཏོར་མ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་གཏད་ནས་གཏོར་ཟན་མྱང་བ་གསང་དབང་། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ནི། སེམས་ཉིད་ཆོས་ཀྱི་དབྱིངས་རིས་སུ་མ་ཆད་པ་མཚོན་པའི་གཏོར་སྣོད་བྷནྡྷ་ཟླུམ་པོའི་ནང་དུ། གང་ཤར་ཐམས་ཅད་བདེ་བ་ཆེན་པོར་རང་རིག་པ་འདོད་ཡོན་སྣ་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་རྣམ་པར་དག་པ་མཚོན་པའི་གཏོར་ཆེན་རྩ་བ་གསུམ་གྱི་རྣམ་པས་དབང་བསྐུར་བས་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་ཡོངས་སུ་རྫོགས་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། སྤངས་རྟོགས་ཡོངས་རྫོགས་སུ་བྱེད་པ་ཡོན་ཏན་གཏོར་མ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །སྐུ་འབག་ཐོགས་ལ། ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཆེ༔ འགྲོ་བ་འདྲེན་མཛད་འོད་འབར་ཐོད་ཕྲེང་རྩལ༔ ཨོ་རྒྱན་ཡུལ་བྱོན་འགྲོ་ཀུན་ལམ་སྣ་འདྲེན༔ རྒྱ་གར་ཡུལ་བྱོན་ཐོས་བསམ་སྒྲོན་མེ་སྦར༔ བོད་ཁམས་ཡུལ་བྱོན་གདུག་པ་མ་ལུས་བཏུལ༔ [31a] སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་དམ་དགོངས་པ་དད་ལྡན་རྣམས་ལ་འབེབས༔ སྨིན་གྲོལ་དབང་དང་གདམས་པ་མ་ལུས་པ༔ སྐལ་ལྡན་བུ་མཆོག་རྣམས་ལ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱིཿ ཞེས་གནས་གསུམ་དུ་བཞག ། དེ་ལྟར་སྐུ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲད་པ་ནི། རང་རིག་གི་ངོ་བོ་སྒྲིབ་གཉིས་ཀྱི་འཆིང་བས་ཡེ་ནས་གོས་མ་མྱོང་བ་མཚོན་བྱ་དོན་གྱི་གུ་རུ་པདྨ་ཐོད་ཕྲེང་རྩལ་དང་རོ་གཅིག་ཏུ་བཞུགས་ཀྱང་། རྣམ་འགྱུར་གློ་བུར་བའི་དྲི་མ་སྦྱང་བའི་ཕྱིར་མཚོན་བྱེད་བརྡ་ཡི་བླ་མས་བདག་དང་སློབ་མའི་རྒྱུད་བྱིན་གྱིས་བརླབས་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། འགྲོ་འདུལ་ལས་རབ་འབྱམས་འགྲུབ་པ་ཕྲིན་ལས་སྐུ་འབག་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །དེ་ལྟར་རྩ་བའི་དབང་རྣམ་པ་ལྔ་ལ་བཞི་བཞིར་ཕྱེ་བས་ན་རྣམ་པ་ཉི་ཤུས་བྱང་ཆུབ་པ་ [31b] ཞེས་བྱ་བ་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པར་འགྱུར་བ་ཡིན་ནོ། །གཉིས་པ་བུམ་དབང་རྗེས་འབྲེལ་དང་བཅས་པ་ནི། སླར་ཡང་རྣམ་རྒྱལ་བུམ་པའི་ཆུ་རྒྱུན་གྱིས་རྒྱལ་ཐབས་སྤྱི་བླུགས་སུ་དབང་བསྐུར་བས་ཕྱི་ནང་གསང་བའི་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ་པའི་མོས་པ་མཛོད། རྣམ་བུམ་གྱིས་དབང་བསྐུར་ཞིང་ཁྲུས་བྱར་གཞུག་ལ། ཧཱུཾ་ཧྲཱིཿ ཆོས་དབྱིངས་བུམ་པ་སྐྱེ་མེད་གཞལ་ཡས་སུ༔ འགག་མེད་རོལ་པའི་རྩ་གསུམ་ལྷ་ཚོགས་བཞུགས༔ ཟུང་འཇུག་བདུད་རྩི་ལྔ་ཡི་དབང་བསྐུར་བས༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། ཡེ་ཤེས་ལྔའི་རྟགས་ཀྱི་ཕྱག་རྒྱས་དབང་བསྐུར་བས་སྒྲིབ་པ་ལྔ་དག་ནས་སྐུ་ལྔའི་གོ་འཕང་མངོན་དུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པར་མོས་ཤིག །ལག་ཏུ་རྡོ་རྗེ་གཏད་ཅིང་། ཧཱུཾ་ཧྲཱིཿ ཉོན་མོངས་ཞེ་སྡང་རང་གྲོལ་བའི༔ མེ་ལོང་ཡེ་ཤེས་དབང་བསྐུར་བས༔ རྡོ་རྗེ་ཐོད་ཕྲེང་ཐུགས་ཀྱི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་གཏད་ཅིང་། [32a] ཧཱུྃ་ཧྲཱིཿ ཉོན་མོངས་འདོད་ཆགས་རྣམ་དག་པའི༔ ཀུན་རྟོག་ཡེ་ཤེས་དབང་བསྐུར་བས༔ པདྨ་ཐོད་ཕྲེང་གསུང་གི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་པདྨ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཧྲཱིཿ འཁོར་ལོ་གཏད་ཅིང་། ཧཱུྃ་ཧྲཱིཿ ཉོན་མོངས་གཏི་མུག་རྣམ་དག་པའི༔ ཆོས་དབྱིངས་ཡེ་ཤེས་དབང་བསྐུར་བས༔ བུདྡྷ་ཐོད་ཕྲེང་སྐུ་ཡི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བུདྡྷ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཨོཾ༔ དབུ་རྒྱན་པྲོག་ཞུ་བཀོན་ཅིང་། ཧཱུྃ་ཧྲཱིཿ ཉོན་མོངས་ང་རྒྱལ་རྣམ་དག་པའི༔ མཉམ་ཉིད་ཡེ་ཤེས་དབང་བསྐུར་བས༔ རཏྣ་ཐོད་ཕྲེང་ཡོན་ཏན་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་རཏྣ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཏྲཱཾ༔ རྒྱ་གྲམ་གཏད་ཅིང་། ཧཱུྃ་ཧྲཱིཿ ཉོན་མོངས་ཕྲག་དོག་རྣམ་དག་པའི༔ བྱ་གྲུབ་ཡེ་ཤེས་དབང་བསྐུར་བས༔ ཀརྨ་ཐོད་ཕྲེང་ཕྲིན་ལས་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཀརྨ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཨཱཿ ཞེས་བསྐུར། དེ་ལྟར་བུམ་པའི་དབང་བསྐུར་བས་ཁྱོད་རང་རྣམས་ཀྱི་ལུས་ [32b] གདོས་བཅས་ཀྱི་འཛིན་པ་རྣམ་པར་དག་ནས་རྟ་ཕག་ཡབ་ཡུམ་གྱི་སྐུར་གྱུར་པའི་དབུ་གཙུག་རུ་གུ་རུ་འོད་འབར་ཐོད་ཕྲེང་རྩལ་ཡབ་ཡུམ་རིག་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་དུ་མར་སྣང་ཡང་རོ་གཅིག་པའི་རང་བཞིན་དུ་ལམ་གྱིས་གསལ་བར་མོས་ཤིག །དེ་ཉིད་བརྟན་པར་བྱ་བའི་སླད་དུ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ལྷ་སོ་སོའི་བྱིན་རླབས་དང་ཡོན་ཏན་རྒྱུད་ལ་ཐོབ་པར་མོས་ཤིག །གཙོ་བོའི་སྐུ་ཙཀ་གནས་གསུམ་དུ་གཏུགས་ཤིང་། ཧཱུྃ་ཧྲཱིཿ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ འགག་མེད་རྩལ་སྣང་ལོངས་སྐུའི་ཕྱག་རྒྱར་གསལ༔ རྒྱལ་བའི་སྤྱི་མེས་ཀུན་བཟང་ཡབ་ཡུམ་སྐུ༔ རྣམ་འཕྲུལ་གསལ་དག་འོད་འབར་ཐོད་ཕྲེང་རྩལ༔ སྐུ་གསུམ་ལྷུན་གྲུབ་ཁྱབ་གདལ་བདེ་བ་ཆེ༔ འཕྲོ་རྒོད་འཛིན་རྟོག་རང་སར་དག་པའི་ཕྱིར༔ སྐལ་ལྡན་བུམ་ཆོག་རྣམས་ལ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་འོད་འབར་ཐོད་ཕྲེང་རྩལ་ཛྙཱ་ན་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་ཕྲེང་སྡེ་ལྔའི་སྐུ་ཙཀ་ [33a] རིམ་པར་ཐོགས་ལ། ཧཱུྃ་ཧྲཱིཿ ཆོས་དབྱིངས་བདེ་ཆེན་ངང་ལས་མ་གཡོས་ཀྱང་༔ སྐྱོ་དུབ་མི་མངའ་འགྲོ་བའི་དོན་མཛད་པ༔ རྡོ་རྗེ་ཐོད་ཕྲེང་རྩལ་གྱི་དབང་བསྐུར་བས༔ ནད་གདོན་སྡིག་སྒྲིབ་མ་ལུས་ཞི་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས༴ སྐྱོ་དུབ༴ རཏྣ་ཐོད་ཕྲེང་རྩལ༴ ཚེ་དཔལ་བསོད་ནམས་དབང་ཐང་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་རཏྣ་ཐོད་ཕྲེང་རྩལ༴ ཧཱུྃ་ཧྲཱིཿ ཆོས་དབྱིངས༴ སྐྱོ་དུབ༴ པདྨ་ཐོད་ཕྲེང་༴ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པར་ཤོག༔ ཨོཾ་ཨཱཿཧཱུྃ་པདྨ་ཐོད་ཕྲེང་རྩལ༴ ཧཱུྃ་ཧྲཱིཿ ཆོས་དབྱིངས༴ སྐྱོ་དུབ༴ ཀརྨ་ཐོད་ཕྲེང་རྩལ༴ དགྲ་བགེགས་འབྱུང་པོ་མ་ལུས་ཚར་གཅོད་ཤོག༔ ཨོཾ་ཨཱཿཧཱུཾ་ཀརྨ་ཐོད་ཕྲེང་རྩལ༴ ཧཱུྃ་ཧྲཱིཿ ཆོས་དབྱིངས༴ སྐྱོ་དུབ༴ བུདྡྷ་ཐོད་ཕྲེང་རྩལ༴ གཞན་དོན་མ་ལུས་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བུདྡྷ་ཐོད་ཕྲེང་རྩལ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གུ་རུ་དྲུག་གི་སྐུ་ཙཀ་ཐོགས་ལ། ཧཱུྃ་ཧྲཱིཿ འཆི་འཕོ་ལྟུང་བྱེད་སྡུག་བསྔལ་སྐྱོབ་མཛད་ཅིང་༔ ཞི་བའི་ཕྲིན་ལས་ [33b] འགྲོ་དོན་མཐར་ཕྱིན་པ༔ གུ་རུ་སྲིད་ཐུབ་འཛིན་གྱི་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་མཐར་ཕྱིན་ཤོག༔ ཨོཾ་བཛྲ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ༔ ཧཱུྃ་ཧྲཱིཿ སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྐྱོབ་མཛད་ཅིང་༔ མཐོང་ཐོས་སྨིན་གྲོལ་ལམ་ལ་འགོད་མཛད་པ༔ གུ་རུ་པདྨ་འབྱུང་གནས་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིས༴ ཨོཾ་སརྦ་གུ་རུ་ཨ་བྷི་ཥིཉྩ་ཧཱུཾ༔ ཧཱུཾ་ཧྲཱིཿ ལྷ་མིན་འཐབ་རྩོད་སྡུག་བསྔལ་སྐྱོབ་མཛད་ཅིང་༔ རྒྱས་པའི་ཕྲིན་ལས་མ་ལུས་མཐར་ཕྱིན་པ༔ གུ་རུ་རྣམ་པར་རྒྱལ་བས་དབང་བསྐུར་བས༔ ཕྲིན་ལས་རྣམ༴ ཨོཾ་རཏྣ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ བྱོལ་སོང་བླུན་རྨོངས་སྡུག་བསྔལ་ཞི་མཛད་ཅིང་༔ ཐམས་ཅད་ལྷུན་གྲུབ་ཕྲིན་ལས་མཐར་ཕྲིན་པ༔ གུ་རུ་སེང་གེ་རབ་བརྟན་དབང་བསྐུར་བས༔ ཕྲིན་ལས་རྣམ༴ ཨོཾ་བུདྡྷ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་ཞི་མཛད་ཅིང་༔ དབང་གི་ཕྲིན་ལས་འགྲོ་དོན་མཐར་ཕྱིན་པ༔ གུ་རུ་རྣམ་པར་སྣང་བྱེད་དབང་བསྐུར་བས༔ ཕྲིན་ལས་རྣམ༴ ཨོཾ་པདྨ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུཾ་ཧྲཱིཿ ཚ་གྲང་སྡུག་བསྔལ་མ་ལུས་སྐྱོབ་མཛད་ཅིང་༔ [34a] དྲག་པོའི་ཕྲིན་ལས་འགྲོ་དོན་མཐར་ཕྱིན་པ༔ གུ་རུ་རྣམ་པར་གནོན་གྱི་དབང་བསྐུར་བས༔ ཕྲིན་ལས་རྣམ༴ ཨོཾ་ཀརྨ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ མཚན་བརྒྱད་སྐུ་ཙཀ་ཐོགས་ལ། ཧཱུྃ་ཧྲཱིཿ འཁོར་བའི་སྐྱོན་གྱིས་མ་གོས་པའི་༔ གུ་རུ་པདྨ་འབྱུང་གནས་བྱིན་རླབས་མཆོག༔ དེང་འདིར་སྐལ་ལྡན་བུ་ལ་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་འབྱུང་གནས་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཡོན་ཏན་ཐམས་ཅད་རབ་རྫོགས་པ༔ གུ་རུ་པདྨ་སམྦྷའི་བྱིན་རླབས་མཆོག༔ དེང་འདིར་སྐལ་ལྡན༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སམྦྷ་ཝ་ཀཱ་ཡ༴ ཧཱུྃ་ཧྲཱིཿ ཤེས་བྱའི་ཆོས་རྣམས་མ་ལུས་ཐོགས་མེད་མཁྱེན༔ གུ་རུ་བློ་ལྡན་མཆོག་སྲེད་བྱིན་རླབས་མཆོག༔ དེང་འདིར་སྐལ་ལྡན༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བློ་ལྡན་མཆོག་སྲེད་རྩལ་ཀཱ་ཡ༴ ཧཱུྃ་ཧྲཱིཿ སྣང་སྲིད་ཐམས་ཅད་དབང་སྡུད་པ༔ གུ་རུ་པདྨ་རཱ་ཛའི་བྱིན་རླབས་མཆོག༔ དེང་འདིར་སྐལ་ལྡན༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛཀཱ་ཡ༴ ཧཱུྃ་ཧྲཱིཿ གདུལ་བྱའི་འགྲོ་བ་མ་ལུས་འདུལ་མཛད་པ༔ གུ་རུ་ཉི་མ་འོད་ཟེར་བྱིན་རླབས་མཆོག༔ དེང་འདིར་ [34b] སྐལ་ལྡན༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སུརྱ་རསྨི་ཀཱ་ཡ༴ ཧཱུྃ་ཧྲཱིཿ ལོག་འདྲེན་བདུད་དཔུང་མ་ལུས་འཇོམས་མཛད་པ༔ གུ་རུ་ཤཱཀྱ་སེང་གེའི་བྱིན་རླབས་མཆོག༔ དེང་འདིར་སྐལ་ལྡན༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤཱཀྱ་སེངྒེ་ཀཱ་ཡ༴ ཧཱུྃ་ཧྲཱིཿ མུ་སྟེགས་དམ་སྲི་མ་ལུས་ཚར་གཅོད་པ༔ གུ་རུ་སེངྒེ་སྒྲ་སྒྲོགས་བྱིན་རླབས་མཆོག༔ དེང་འདིར་སྐལ་ལྡན་བུ་ལ༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སེང་གེ་སྒྲ་སྒྲོགས་ཀཱ་ཡ༴ ཧཱུྃ་ཧྲཱིཿ ལྷ་སྲིན་དྲེགས་པ་དགྲ་བགེགས་ཚར་གཅོད་པ༔ གུ་རུ་རྡོ་རྗེ་གྲོ་ལོད་བྱིན་རླབས་མཆོག༔ དེང་འདིར་སྐལ་ལྡན་བུ་ལ་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྟ་ཕག་སྐུ་ཙཀ་ཐོགས་ལ། ཧཱུྃ་ཧྲཱིཿ བྱ་བྱེད་ཡིད་ཆོས་རྣམ་དག་ངོ་བོས་སྟོང་༔ ཐབས་ཤེས་དབྱེར་མེད་མཚོན་པའི་ཡབ་ཡུམ་སྟེ༔ སྣང་སྟོང་དབྱེར་མེད་ཆོ་རོལ་རྟ་ཕག་སྐུ༔ ཟུང་འཇུག་བདེ་ཆེན་ཡི་དམ་ལྷ་ཡི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་བྷ་ར་ཧི་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཁའ་འགྲོ་གིང་བཞིའི་སྐུ་ཐོགས་ལ། ཧཱུྃ་ཧྲཱིཿ མེ་ལོང་ཡེ་ཤེས་ངང་ཉིད་ལས༔ ཐབས་ [35a] ཤེས་གཉིས་མེད་ཡིད་བཞིན་རེ་བ་སྐོང་༔ རྡོ་རྗེ་གིང་ཆེན་ཡབ་ཡུམ་དབང་བསྐུར་མཆོག༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་བཛྲ་གིང་ཀ་ར་བཛྲ་དྷཱ་ཀི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ མཉམ་ཉིད་ཡེ་ཤེས་ངང་ཉིད་ལས༔ ཐབས་ཤེས་གཉིས་མེད་ཡིད་བཞིན་རེ་བ་བསྐོང་༔ རཏྣ་གིང་ཆེན་ཡབ་ཡུམ་དབང་བསྐུར་མཆོག༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་རཏྣ་གིང་ཀ་ར་རཏྣ་དྷཱ་ཀི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ སོར་རྟོག་ཡེ་ཤེས་ངང་ཉིད་ལས༔ ཐབས་ཤེས་གཉིས་མེད་ཡིད་བཞིན་རེ་བ་སྐོང་༔ པདྨ་གིང་ཆེན་ཡབ་ཡུམ་དབང་བསྐུར་མཆོག༔ སྐལ་ལྡན་བུ་མཆོག༴ ཨོཾ་པདྨ་གིང་ཀ་ར་པདྨ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ བྱ་གྲུབ་ཡེ་ཤེས་ངང་ཉིད་ལས། ཐབས་ཤེས་གཉིས་མེད་ཡིད་བཞིན་རེ་བ་སྐོང་༔ ཀརྨ་གིང་ཆེན་ཡབ་ཡུམ་དབང་བསྐུར་མཆོག༔ སྐལ་ལྡན༴ ཨོཾ་ཀརྨ་གིང་ཀ་ར་ཀརྨ་དྷཱ་ཀི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིམ་པར་བསྐུར། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་ལུང་གསུམ་འབོགས་པ་ལ། དང་པོ་ལུས་ཐ་མ་ལ་དུ་ཞེན་པ་ [35b] སྦྱོང་བའི་ཕྱིར་ལྷ་བསྒོམ་པའི་ལུང་འབོགས་པར་བྱ་སྟེ། སྐུ་འབག་མེ་ལོང་དུ་ཤར་བ་བསྟན་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ བསྐྱེད་པ་ཡི་དམ་ལྷ་ཡི་དབང་བསྐུར་ཚེ༔ ཨ་འཐས་རང་རྒྱུད་མ་ཡིན་ཏེ༔ རྟག་བརྟན་ཐེར་ཟུག་མི་བསྒོམ་ཞིང་༔ གཡོ་མེད་ཡེ་ཤེས་ཆོ་འཕྲུལ་ལས༔ རང་གི་རིག་པའི་མདངས་ཙམ་དུ༔ སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུར་བསྒོམ༔ ཨ་འཐས་ཐེར་ཟུག་བསྒོམས་གྱུར་ན༔ རང་རྒྱུད་གཤིན་རྗེ་སྲིན་པོའི་རིགས་སུ་གོལ༔ རང་རྩལ་ཆུ་ཟླ་ལྟ་བུའི་རྩལ་རྫོགས་ན༔ ཚེ་འདིར་ལོངས་སྐུ་འགྲུབ་ངེས་སྐལ་ལྡན་ཀུན༔ འདི་ལྟར་སྣང་བ་ཐམས་ཅད་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་སྣང་སྟོང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རོལ་པས་གདུལ་བྱའི་བསམ་པ་དང་མཐུན་པར་དོན་གྱིས་ཤིག །གཉིས་པ་ངག་ཐ་མལ་དུ་ཞེན་པ་སྦྱོང་བའི་ཕྱིར་གསུང་བཟླས་པའི་ལུང་སྦྱིན་པ་ནི། བདུད་རྩི་ལྕེ་ལ་བཞག །ཕྲེང་བ་ལག་ཏུ་གཏད་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ གསལ་ཆ་འགག་མེད་ལྷ་སྔགས་དབང་༔ སྒྲ་གྲགས་ཐམས་ཅད་གྲགས་སྟོང་སྔགས༔ འཛིན་བྲལ་བྲག་ཆ་ལྟ་བུར་ཟློས༔ སྔགས་བཟླས་ [36a] ཆུ་རྒྱུན་ཅི་བཞིན་དུ༔ སྐལ་ལྡན་བུ་མཆོག་ཁྱེད་ཀྱིས་ཐོབ་པར་ཤོག༔ སྙིང་པོ་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་མཛད་པར་ཞུ། ཕྲེང་བ་སྦྲེལ་ལ་སྔགས་རྣམས་རྗེས་ཟློས་ལན་གསུམ་རེ་བྱས་མཐར། དབྱངས་གསལ་དང་རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར། འདི་ལྟར་གྲགས་པ་ཐམས་ཅད་རྩ་བ་གསུམ་གྱི་གསུང་དབྱངས་གཞོམ་མེད་ཡི་གེ་འཁོར་ལོའི་སྤྲིན་གྲགས་སྟོང་བརྗོད་པ་དང་བྲལ་བ་ལས་སྒྲའི་ཚུལ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་གྱིས་ཤིག །གསུམ་པ་ཡིད་ཐ་མལ་དུ་ཞེན་པ་སྦྱོང་བའི་ཕྱིར་ཐུགས་ཏིང་ངེ་འཛིན་བསྒོམ་པའི་ལུང་ལ། མན་ཤེལ་ཉིད་མཚོན་བྱེད་དུ་བྱས་ཏེ་དོན་གྱི་དགོངས་པ་ངོ་སྤྲོད་པ་ནི་རྡོ་རྗེའི་ཚིག་འདི་ལ་གསན་པས་ཁྱབ་སྟེ། མན་ཤེས་བསྟན་ལ། ཧཱུྃ་ཧྲཱིཿ ཆོས་སྐུ་སྟོང་གསལ་མཁའ་མཉམ་དྲི་མ་མེད༔ ལོངས་སྐུ་ལྔ་ལྡན་འཇའ་ཚོན་ལྟ་བུར་གསལ༔ སྤྲུལ་སྐུ་ཡེ་རྫོགས་ཆེན་པོའི་ངོ་བོ་ཉིད༔ དབྱིངས་རིག་ཡེ་ཤེས་འདུ་འབྲལ་མེད༔ སྣང་སེམས་དབྱེར་མེད་ཆོས་ཀྱི་སྐུ༔ བྱ་བྲལ་བློ་འདས་རྫོགས་པ་ཆེ༔ སྨྲ་བརྗོད་བྲལ་བ་ཤེས་རབ་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་པར་ཤོག༔ སརྦ་ [36b] དྷརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་སྤྱི་བོར་བཞག ། འདི་ལྟར་རྟོག་ཚོགས་ཐམས་ཅད་བླ་མ་རྩ་བ་གསུམ་གྱི་ཐུགས་ཀ་དག་འོད་གསལ་ཟང་ཐལ་ཀུན་ཁྱབ་འདུས་མ་བྱས་པ་མཉམ་ཉིད་ཆེན་པོའི་དགོངས་པར་ལ་ཟླ་བས་འབད་མེད་ལྷུན་གྱིས་གྲུབ་པའི་གཞན་དོན་རྒྱ་ཆེན་པོ་གྱིས་ཤིག །དེ་ལྟ་ན་ཕྱི་བསྐྱེད་པ་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །སྐུའི་བྱིན་རླབས་ཞུགས། རྡོ་རྗེ་དྲིལ་བུ་སོགས་བཅད་བྱའི་དམ་ཚིག་བརྟེན་ཅིང་བསྐྱེད་རིམ་བསྒོམ་པ་ལ་དབང་། ཕྲིན་ལས་ཞི་བ་དང་དྲག་པོའི་ལས་འགྲུབ། །ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་མཆོག་དབང་གོང་མ་གསུམ་བསྐུར་བ་ནི། དེས་བུམ་དབང་འཁོར་བཅས་གྲུབ་ནས་མཆོག་གི་དབང་གོང་མ་གསུམ་བསྐུར་བའི་ཐོག་མར་གསང་བའི་དབང་བསྐུར་ཞུ་བའི་དོན་དུ་མཚན་ལྡན་གྱི་གཟུངས་མ་དང་བཅས་ཞིང་ཁམས་འབུལ་བའི་འདུན་པས་མཎྜལ་འབུལ་དུག་གཞུག ། གསོལ་བ་འདེབས་པ་འདིའི་རྗེས་ཟློད་མཛོད། བྱང་ [37a] ཆུབ་སེམས་ནི་རྒྱས་པའི་སྤྲིན༔ ཆོས་ཀྱི་འཁོར་ལོ་རབ་བསྐོར་བ༔ སྐུ་གསུང་ཐུགས་ནི་ཤིན་ཏུ་དག༔ ཕྱག་འཚལ་རྡོ་རྗེ་ཐེག་པ་ལའོ༔ རྡོ་རྗེ་སེམས་དཔའ་ཐེག་པ་ཆེ༔ ནམ་མཁར་སྤྱོད་པ་རྣམ་སྤྱོད་པ༔ ཀུན་ཏུ་བཟང་པོ་སྤྱོད་པའི་མཆོག༔ རྒྱལ་མཆོག་མཆོད་པ་བཤད་དུ་གསོལ༔ ལན་གསུམ། སྔོན་ཆད་ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས་ཤིག །ཞེས་གདོང་བཀབ། ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལོངས་ལ་ཐལ་མོ་སྦྱར་ཏེ་དམིགས་པ་རང་ཉིད་རྡོ་རྗེ་ཕག་མོར་གསལ་བའི་ལྟེ་བར་ཆོས་འབྱུང་གསུམ་བརྩེགས་ཀྱི་དཀྱིལ་དུ་རྡོ་རྗེ་ཕག་མོ་ནས་འབྲས་ཙམ་ལ་ཤེས་པ་དྲག་ཏུ་གཏོད་ཅིག །རྩ་སྔགས་བརྗོད་ཅིང་སྤོས་དང་རོལ་མོར་བཅས་བྱིན་དབབ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་པདྨ་འོད་འབར་ཐོད་ཕྲེང་རྩལ་དང་གཟུངས་མ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་མར་གསལ་བའི་ཡབ་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་གར་ཨོཾ་གྱིས་མཚན་པ་དང་། ཡུམ་གྱི་མཁའ་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུར་ཨས་མཚན་པ། ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་ [37b] སྙོམས་པར་ཞུགས་པས་བདེ་བའི་སྒྲ་དང་དགའ་བའི་འོད་ཟེར་གྱིས་ཕྱོགས་བཅུའི་བདེ་གཤེགས་རྩ་བ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས་ཐུགས་ཀར་རྗེས་ཆགས་ཀྱི་མེས་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་སྟེ་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་དྷཱུ་ཏི་ནས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སོན། ཤེས་རབ་མ་དང་ཉིད་ཀྱི་རང་བྱུང་གི་བྱང་སེམས་དཀར་དམར་རོ་གཅིག་ཏུ་འདྲེས་པའི་རྒྱུན་མུ་ཏིག་གི་མདངས་ཅན་ཐོད་པའི་བདུད་རྩི་དང་དབྱེར་མེད་དུ་གྱུར་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ལྗགས་ཐོག་ཏུ་སྩལ་བར་མོས་ཤིག །དཀྱིལ་འཁོར་ནུབ་ཀྱི་གསང་རྟེན་བྷནྡྷ་ཐོགས་ལ། ཀུན་བཟང་རྡོ་རྗེ་འཆང་སོགས་ཀྱིས༔ ཇི་ལྟར་སངས་རྒྱས་སྲས་དབང་བསྐུར༔ བྱང་ཆུབ་སེམས་ནི་བཟང་པོ་ཡིས༔ དེ་ལྟར་བུ་ཁྱོད་དབང་བསྐུར་རོ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྦྱིན། བུས་ཀྱང་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོར་མོས་ཤིང་ལུས་ཀྱི་དཀྱིལ་འཁོར་ཚིམ་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་ལས་མི་གཡོ་བའི་བློས་ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་བརྗོད་ལ་མྱང་བར་ཞུ། དེ་ལྟར་མྱངས་པས་ལུས་ཀྱི་རྩ་གནས་ཐམས་ཅད་ [38a] བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོས་ཁྱབ་པ་ལ་བརྟེན་ནས་བདེ་སྟོང་གཉིས་མེད་ཀྱི་ཏིང་ངེ་འཛིན་སྐྱེས་པ་དེ་ཉིད་གསང་བའི་དབང་གི་ངོ་བོ་ཡིན་པས་དེའི་ངང་ལ་མཉམ་པར་འཇོག་མཛོད། ལུས་ཀྱི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ་ཅིག །ཨོཾ་ཨཱཿཧཱུྃ༔ ཞེས་གདོང་གཡོགས་བསལ། ཀྱེ་ཧོ་རིགས་ཀྱི་བུ་ཁྱོད་ཀྱིས༔ གསང་བའི་དམ་ཚིག་ཆེན་པོ་ནི༔ བདུད་རྩི་ལྔ་དང་བྱང་ཆུབ་སེམས༔ བླ་མེད་གསང་བ་མཆོག་གི་རྫས༔ དུས་གསུམ་རྒྱལ་བ་ཀུན་དང་མཚུངས༔ འདི་དག་མི་སྤངས་རྒྱུན་དུ་བསྟེནཿ འདི་ནི་གསང་དམ་བླ་ན་མེད༔ མ་ཉམས་སྲུངས་ཤིག་རིགས་ཀྱི་བུ༔ ཞེས་དམ་ཚིག་འབོགས། དེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །གསུང་གི་བྱིན་རླབས་ཞུགས། ཤ་ལྔ་བདུད་རྩི་ལྔ་བརྟེན་ཅིང་གཏུམ་མོ་བསྒོམ་པ་ལ་དབང་། ཕྲིན་ལས་དབང་གི་ལས་འགྲུབ། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་རློབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ནས་ [38b] ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དངོས་གྲུབ་མ་ལུས་ཀུན་བསྡུས་ནས༔ བླ་མེད་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། སྔོན་ཆད་བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས་ཤིག །ཅེས་གདོང་བཀབ། ཡེ་ཤེས་པ་སྔར་གསང་དབང་གི་སྐབས་བཞིན་དབབ་ནས། མཚན་ཉིད་དང་ལྡན་པའི་རིག་མ་རྒྱལ་བ་རྣམས་དཔང་པར་བཀོད་དེ་བྱིན་པར་མོས་ཤིག །རིག་ཙཀ་གཡོན་པས་ཐོགས་པ་སློབ་མའི་ལག་གཏོན་དུ་གཏད། རྡོ་རྗེ་དང་བཅས་པའི་ལག་གཡས་སློབ་མའི་སྤྱི་བོར་བཞག་སྟེ། དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་དང་༔ རྩ་བ་གསུམ་གྱི་ལྷ་ཚོགས་འཁོར་དང་བཅས༔ འདིར་ནི་ཁྱེད་རྣམས་ཡེ་ཤེས་དཔང་མཛོད་ཅིག༔ བདག་གི་སྐལ་ལྡན་བུ་ལ་འདི་གཏད་དོ༔ ཞེས་དཔང་པོར་བཙུགས་ནས། ཧཱུྃ་ཧྲཱིཿ དགའ་བའི་གནས་སྟེར་ཡིད་འོང་ལྷ་མོ་ནི༔ སྣ་ཚོགས་གཟུགས་ཅན་བདེ་བའི་ངང་ཚུལ་ལྡན༔ ཟག་མེད་བདེ་ཆེན་མཆོག་གི་གནས་སྦྱིན་མ༔ འདི་ལ་རྟག་ཏུ་སྤྱོད་ཅིང་གུས་པས་བརྟེན༔ རྨོངས་པ་གང་ཞིག་འདི་ལས་འདས་གྱུར་པ༔ དེ་ཡིས་དངོས་གྲུབ་དཔལ་མཆོག་འགྲུབ་མི་འགྱུར༔ དེ་ [39a] ལྟར་གཏད་པའི་རིག་མ་དེས་ཀྱང་དགྱེས་པའི་མདངས་དང་བཅས་ལུས་གོས་དང་བྲལ་བར་བྱས་ཏེ་དྲི་བཟང་པོས་བགོས་པའི་ཆུ་སྐྱེས་རྒྱས་པ་སྲིན་ལག་གཉིས་ཀྱིས་ཁ་ཕྱེས་ནས་སྟོན་ཅིང་འདི་ལྟར་ཐར་པ་བརྟེན་པར་བསྐུལ་བར་མོས་ཤིག །ཨེ་མ་ང་ཡི་པདྨ་འདི༔ བདེ་བ་ཐམས་ཅད་འབྱུང་བའི་གནས༔ གང་ཞིག་ཆོ་ག་བཞིན་བརྟེན་ན༔ དེ་ཡི་མདུན་དུ་ང་འདུག་སྟེ༔ སངས་རྒྱས་མཉེས་པ་ལ་སོགས་པ༔ པདྨར་བྱ་བ་ཇི་བཞིན་བྱེད༔ བདེ་ཆེན་རྒྱལ་པོའི་རང་བཞིན་ཀྱང་༔ འདི་ཉིད་དུ་ནི་རྟག་ཏུ་བཞུགས༔ བླུན་པོ་གང་ཞིག་འདི་སྤོང་བ༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ སྟྭཾ་པདྨ་བྷཉྫ་མོཀྵ་ཧོཿ ཞེས་གསུངས་ཏེ་པང་ཏུ་བྱོན་པར་མོས་མཛོད། ཞེས་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་གྱི་ལྟེ་བའི་ཡིག་འབྲུ་ལས་སྲིན་ལག་གིས་བླངས་པའི་ཐིག་ལེ་སྙིང་གར་བྱུག ། དེ་ནས་ཁྱོད་རང་རྣམས་དབང་ཆེན་ཧེ་རུ་ཀ་དང་། རིག་མ་ཡུམ་རྡོ་རྗེ་ཕག་མོར་གསལ་བ་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ལྟེ་བར་ཧཱུྃ་དང་བུ་གར་ཕཊ་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཟེའུ་འབྲུར་ཨས་མཚན་པར་བསམ་པ་སྔགས་ཀྱི་འདུ་ཤེས། [39b] ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱི་མེས་ཚོགས་དྲུག་གི་རྟེན་གྱི་ཁམས་དྭངས་མ་ཐམས་ཅད་བཞུ་ནས་སྤྱི་བོའི་ཧཾ་ལ་འདུས་ཏེ། སྤྱི་བོ་ནས་མགྲིན་པར་བབས་པས་དགའ་བ། མགྲིན་པ་ནས་སྙིང་གར་བབས་པས་མཆོག་དགའ། སྙིང་ག་ནས་ལྟེ་བར་བབས་པས་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་གསང་བར་བབས་པས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ་ཡས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་། མཁའ་གསང་གི་རྩེ་མོར་འཕོ་མེད་དུ་བཟུང་བ་དེ་ཉིད་སླར་རླུང་གི་སྦྱོར་བས་གྱེན་དུ་དྲངས་པས་འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་བཞི་རིམ་པར་ཉམས་སུ་མྱོང་བས་བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་ཅིང་བརྟན་པའི་མོས་པས་ལག་གཉིས་འཁྱུད་རྒྱ་དང་བཅས་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ། དེ་ནས་རིག་མ་དགྱེས་ཏེ་བྷཉྗ་མོཀྵ་ཞེས་གསུངས་ཤིང་ཞབས་གཡས་པ་སློབ་བུའི་མགོ་བོར་བཞག་ནས། དེ་རིང་ཕན་ [40a] ཆད་བུ་ཁྱོད་ཀྱིས༔ ཇི་སྲིད་བྱང་ཆུབ་སྙིང་པོའི་བར༔ རྨི་ལམ་བཞིན་དུ་སེམས་ཅན་གྱི༔ བླ་ན་མེད་པའི་དོན་བྱོས་ཤིག༔ རིག་པ་འདི་ནི་དོར་བྱས་ནས༔ ཐབས་གཞན་གྱིས་ནི་འཚང་མི་རྒྱ༔ བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག༔ རིག་མའི་བརྟུལ་ཞུགས་བུ་ཡིས་སྐྱོངས༔ ཞེས་གདམས་པར་མོས་ལ་བྷ་གའི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ་ཅིག །ཅེས་འབྲུ་གསུམ་གྱིས་བསལ། རྡོ་རྗེ་པདྨར་རབ་གནས་ཏེ༔ བྱང་ཆུབ་སེམས་ཀྱང་སྤང་མི་བྱ༔ སྤྱོད་བྱ་དེ་ཡི་དགའ་བ་ཡིས༔ སེམས་ནི་ཀུན་ཏུ་གང་བར་བསྒོམ༔ རྣལ་འབྱོར་པས་ནི་བྱང་ཆུབ་སེམས༔ ཇི་སྲིད་མ་དོར་དེ་སྲིད་དུ༔ རྒྱུན་མི་ཆད་པར་དགའ་བ་ལས༔ བྱུང་བའི་བདེ་བ་ཅིས་མི་ཐོབ༔ ཅེས་དམ་ཚིག་འབོགས། དེས་ཕྱག་རྒྱའི་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཕྱག་རྒྱ་བརྟེན་ཅིང་ཐིག་ལེ་བསྒོམ་པ་ལ་དབང་། ཕྲིན་ལས་རྒྱས་པའི་ལས་འགྲུབ། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཐུགས་ [40b] རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་ཀུན་བཟང་ཧེ་རུ་ཀ༔ དེ་བཞིན་གཤེགས་པ་ཀུན་གྱི་གནས༔ བླ་ན་མེད་པའི་བྱང་ཆུབ་སེམས་༔ སྙིང་པོ་བཅོམ་ལྡན་བཤད་དུ་གསོལ༔ ལན་གསུམ། ཁྱོད་རང་རྣམས་ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དྲང་པོར་བསྲང་། ངག་རླུང་བཅོས་མེད་དུ་བཞག །ཡིད་ཀྱི་དྲན་བསམ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་དེའི་ངང་དུ་རྩོལ་བྲལ་བསལ་བཞག་མེད་པར་ཤིགས་སེ་ཞོག་མཛོད། བྱས་ལ། དངོས་པོ་ཐམས་ཅད་དང་བྲལ་ཞིང་༔ ཕུང་པོ་ཁམས་དང་སྐྱེ་མཆེད་དང་༔ གཟུང་དང་འཛིན་པ་རྣམ་སྤངས་པ༔ ཆོས་བདག་མེད་པ་མཉམ་པ་ཉིད༔ རང་རིག་གདོད་ནས་ཀ་དག་པ༔ རིག་སྟོང་དབྱེར་མེད་ལྷུན་གྲུབ་ཉིད༔ ཅེས་དང་། དེའང་རང་རིག་བྱང་ཆུབ་ཀྱི་སེམས་འདིའི་མཚན་ཉིད་སྨྲ་བསམ་བརྗོད་བྲལ་བློའི་ཡུལ་ལས་འདས་པ་སྐྱེ་འགག་གནས་གསུམ་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ། ཕྱིའི་སྣང་བ་ [41a] ཐམས་ཅད་སྣང་སྟོང་དབྱེར་མེད། ནང་གི་རིག་པ་ཐམས་ཅད་རིག་སྟོང་དབྱེར་མེད། སྣང་རིག་འཕྲད་པའི་ཚོར་བ་ཐམས་ཅད་བདེ་སྟོང་དབྱེར་མེད། མདོར་ན་འཁོར་འདས་རོ་མཉམ་གདོད་མའི་གནས་ལུགས་ཟུང་འཇུག་སྐུ་ལྔ་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པ་ཉིད་ངོ་ཤེས་པར་གྱིས་ལ་མ་བཅོས་རང་བབས་ཀྱི་ངང་དུ་མཉམ་པར་འཇོག་པར་ཞུ། རྡོ་རྗེ་སེམས་དཔའི་མེ་ལོང་སྙིང་གར་གཏད་ལ། ཧཱུྃ༔ གསལ་སྟོང་དབྱེར་མེད་རང་བྱུང་ཡེ་ཤེས་ལ༔ ཚིག་དང་ཡི་གེས་མི་མཚོན་རང་གི་སེམས༔ སྤྲོས་མེད་ཡེ་ནས་མ་བཅོས་ཆོས་ཀྱི་སྐུ༔ རང་སེམས་ལྷུན་གྲུབ་སྤྲོས་བྲལ་རྟོགས་པར་ཤོག༔ ཨོཾ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ༔ ཞེས་དགོངས་པའི་དྲོད་གཏད་ཅིང་། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ བསྲུང་དུ་མེད་པའི་མཆོག་ཆེན་པོ༔ ཐམས་ཅད་རོ་སྙོམས་ཀུན་རྫོགས་ཆེ༔ གང་ཤར་ཆོས་དབྱིངས་རོལ་པ་སྟེ༔ བློ་ཡིས་མ་བཅོས་ཡེ་དག་བསྲུང་༔ འདས་ན་ལོག་སྤྱོད་འཁོར་བར་ལྟུང་༔ ཞེས་དམ་ཚིག་འབོགས། དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་ཆར་གྱི་དྲི་མ་བག་ཆགས་དང་བཅས་ [41b] པ་དག །ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། བསྟེན་བྱ་སྤང་བླང་རྟོག་ཚོགས་དང་བྲལ་བ་སྟེ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །བཞི་པ་མཐའ་རྟེན་ཕྲིན་ལས་ཀྱི་དབང་ནི། དེ་ལྟར་དབང་བཞི་ཡོངས་སུ་རྫོགས་པ་གྲུབ་པའི་མཐའ་རྟེན་དུ་གཞན་དོན་ཕྲིན་ལས་ཀྱི་དབང་བསྐུར་བའི་སླད་དུ། ཁྱེད་རང་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་བཀོད། སྟེང་ནས་གདུགས་དཀར་པོ་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་སྦྲེངས་ཏེ་བརྒྱུད་པ་གཏད་པའི་མོས་པ་མཛོད། གཏེར་གཞུང་སྒྲུབ་ཐབས་ཀྱི་གླེགས་བམ་གནས་གསུམ་དུ་གཏུགས་ཤིང་ལག་ཏུ་གཏད་ལ། ཀྱེཿ དུས་འདི་ཕྱིན་ཆད་རྒྱལ་བའི་སྲས༔ ཁྱེད་ཡིན་འགྲོ་བ་འདུལ་ལ་བརྩོན༔ གསང་སྔགས་ཀུན་གྱི་ཡང་སྙིང་མཆོག༔ བླ་མེད་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་འདི༔ དེ་རིང་ཁྱོད་ལ་ཡོངས་རྫོགས་གཏད༔ བསྙེན་སྒྲུབ་ཛཔྲ་བཟླས་ཡུན་མ་ [42a] ཐུང་༔ བཟང་ངན་རྟགས་མཚན་ཅི་བྱུང་ཡང་༔ ཐམས་ཅད་ཆོས་སྐུའི་རང་རྩལ་ཡིན༔ ཀ་དག་གཉུག་མའི་ངང་ལ་ཞོག༔ རྐང་འོག་ཏུ་འཁོར་ལོ་བཞག་སྟེ་ དུས་གསུམ་རྒྱལ་བས་དམ་ཆོས་རྣམས༔ འཁོར་བའི་སྲིད་མཚོ་བསྒྲལ་བྱའི་ཕྱིར༔ བློ་ལྡན་ཁྱོད་ཀྱིས་ཆོས་འཁོར་བསྐོར༔ ཨོཾ་དྷ་རྨ་ཙཀྲ་ཧཱུྃ༔ དུང་གཏད་དེ་འབུད་དུ་གཞུག་ལ། སྟོང་དང་སྙིང་རྗེ་རང་བྱུང་སྒྲ༔ སོ་སོའི་སྐད་དུ་ཆོས་སྒྲ་སྒྲོགས༔ ཕྱི་ནང་གསང་གསུམ་ཆོས་དབང་བསྐུར༔ ཨོཾ་དྷརྨ་བྷ་ཤ་ཧཱུྃ༔ དྲིལ་བུ་གཏད་དེ། ཡན་ལག་བཅུ་གཉིས་ཐེག་རིམ་དགུ༔ མ་འདྲེས་ཡོངས་རྫོགས་ཆོས་རྣམས་ལ༔ སྟོང་ཉིད་དྲིལ་བུའི་སྒྲ་སྒྲོགས་མཛོད༔ ཨོཾ་ཤུནྱ་ཏཱ་ཤཔྡ་ཧཱུྃ༔ ལས་ཀྱི་རྡོ་རྗེ་གཏད་དེ། ཞི་རྒྱས་དབང་དྲག་མངོན་སྤྱོད་སོགས༔ ཕྲིན་ལས་རྣམ་བཞི་བསྡུ་བ་བཞིས༔ བློ་ཆེན་ཁྱོད་ཀྱིས་གང་འདུལ་མཛོད༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ དགང་བླུགས་གཏད་དེ། ཉོན་མོངས་ལ་སོགས་དུག་ལྔ་བསྲེག༔ ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཕྱིར༔ མེ་མཆོད་སྦྱིན་སྲེག་བརྩོན་པར་གྱིས༔ ཨོཾ་བཛྲ་ཧོ་མ་ཡེ་ཧཱུྃ༔ གཏོར་མ་གཏད་དེ། རྩ་བ་གསུམ་མཉེས་དངོས་གྲུབ་ཐོབ༔ བར་ཆད་སེལ་ཞིང་ཕྲིན་ [42b] ལས་འགྲུབ༔ མཆོད་གཏོར་སྐོང་གིས་ཁྱོད་ཀྱིས་འབོད༔ ཨོཾ་བ་ལིཾ་ཏ་མ་ཧཱ་སརྦ་སིདྡྷི་ཧཱུྃ༔ ཕུར་པ་གཏད་དེ། བདག་འཛིན་གྲོལ་ནས་ཁམས་གསུམ་སྒྲོལ༔ བཏབ་པས་དགྲ་བགེགས་རྡུལ་དུ་རློག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་བསྐུར་ལ། དེང་ཕྱིན་ཆད་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བ་ཡིན་པས་ཆོས་འདིའི་བདག་པོ་བྱས་ཏེ་རྟོགས་པས་བདག་རྒྱུད་གྲོལ་ནས་ཐུགས་རྗེས་གཞན་རྒྱུད་སྨིན་པའི་ཕྲིན་ལས་རབ་འབྱམས་ལ་དབང་བསྒྱུར་བར་མཛོད་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་སོགས་རྟེན་འབྲེལ་སྙིང་པོ་བཟླ་ཞིང་མེ་ཏོག་འཐོར་ལ་སྨོན་ལམ་གདབ་པ་ནི། རྡོ་རྗེ་སློབ་བུ་འདི་རྣམས་དུས་འདི་ནས་བཟུང་སྟེ་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་དེད་དཔོན་གུ་རུ་པདྨ་ཐོད་ཕྲེང་དང་ཡི་དམ་སྤྱན་རས་གཟིགས་ཞི་ཁྲོ་ཟུང་འཇུག་ལྟ་བུར་གྱུར་ཅིག །སྒྲུབ་པའི་གྲོགས་བྱེད་མཁའ་འགྲོའི་ཚོགས་རྣམས་ཀྱིས་དུས་རྟག་ཏུ་བསྲུང་ཞིང་ཕྲིན་ལས་སྒྲུབ་པར་གྱུར་ཅིག །དེ་ལྟར་གྱུར་ནས་ཀྱང་ཟང་ཟིང་ཉོན་མོངས་དྲི་མས་མ་གོས་པར་དམ་ཆོས་ཕྱོགས་རིས་མེད་པར་སྟོན་པར་ [43a] གྱུར་ཅིག །དེ་ལྟར་དམ་པ་ཆོས་ཀྱི་རྔ་བརྡུང་། ཆོས་ཀྱི་དུང་བུས། ཆོས་ཀྱི་བ་དན་དཀར་པོ་སྦྲེངས་ཏེ་དམ་པ་ཆོས་ཀྱི་རྒྱལ་མཚན་ཚུགས་པར་གྱུར་ཅིག །ཅེས་བརྗོད། ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲངས་ལས་བྱང་ནས་འབྱུང་བས་མཚོན་ཤིས་བརྗོད་རྒྱས་པར་སྤེལ་ལོ། །རྩ་བའི་གསུམ་པ་རྗེས་ཀྱི་ལས་རིམ་ལ་གཉིས། དབང་གི་རྗེས་རིམ་དང་། ཆོ་གའི་རྗེས་རིམ་མོ། །དང་པོ་ནི། དེ་ལྟ་ན་དེ་དག་རྣམས་ཀྱི་སྒོ་ནས་དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་བླ་མའི་ཐུགས་སྒྲུབ་ཡང་གསང་བླ་ན་མེད་པའི་རྩ་བའི་དབང་ཆེན་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་ཕུལ་གྲུབ་པ་ཡིན། དེའང་གསང་སྔགས་ཀྱི་རྩ་བ་ནི་དབང་ལ་བསྟེན་ཀྱང་དབང་གི་སྲོག་དམ་ཚིག་འཛིན་པ་ལ་རགས་ལས་པས་ན། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་རྣམས་སྲོག་གི་ཕྱིར་ཡང་མི་གཏོང་བར་སྲུངས་ཤིག་ཅེས་སླར་ཡང་ནན་ཏན་དུ་འདོམས་པ་འདིར་གདའ། ཞེས་ལྕེ་ལ་བདུད་རྩི་བཞག །སྤྱི་བོར་རྡོ་རྗེ་བཀོད་ལ། ཨེ་མ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ཐུན་མོང་སྐྱབས་སེམས་ནས་བརྩམས་ [43b] ཏེ༔ སོ་ཐར་བྱང་སེམས་བསླབ་བྱ་དང་༔ རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས༔ ཇི་སྲིད་བྱང་ཆུབ་མ་ཐོབ་བར༔ སྲོག་གི་ཕྱིར་ཡང་མ་བཏང་ཞིག༔ དམ་ཚིག་བསྲུང་ན་ཚེ་གཅིག་སངས་རྒྱས་འགྲུབ༔ དམ་ཚིག་ཉམས་ན་རྡོ་རྗེའི་དམྱལ་བར་ལྟུང་༔ དེ་བས་སྙིང་ལ་ཕུར་ཅིག་རིགས་ཀྱི་བུ༔ ཇི་སྐད་བསྒོས་པའི་རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གིས་བསྡུས་པའི་ས་མ་ཡ་འབུམ་སྡེ་སྤྱི་དང་། ཁྱད་པར་ཡབ་ཀྱི་དབང་རྟགས་སུ་སྐུ་འབག་དང་རྡོ་རྗེ་རྩེ་ལྔ་པ། ཡུམ་གྱི་དབང་རྟགས་སུ་མེ་ལོང་དང་ཀཱ་པ་ལ་མཚན་ལྡན། ཡབ་ཡུམ་གཉིས་སུ་མེད་པའི་དབང་རྟགས་སུ་ཚེས་བཅུའི་མཆོད་པ་མ་ཆག་པར་བགྱིད་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་གསུངས་པ་བཞིན༔ ཚིག་དོན་རྣམས་དང་བདག་ཉིད་ལྡན༔ དེ་དག་ཐམས་ཅད་བདག་གིས་བགྱི༔ དམ་ཚིག་རྣམས་ལས་འདའ་རེ་ཀན༔ ལན་གསུམ། དབང་བསྐུར་རྫོགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་སླད་དུ་མཎྜལ་འབུལ་དུ་གཞུག ། གཞན་ཡང་ཇི་སྐད་དུ། འདི་ལྟར་དབང་བཞི་རྫོགས་པའི་བུ༔ རྒྱལ་བུ་རྒྱལ་སར་ཕྱུངས་དང་འདྲ༔ བུ་ [44a] དང་ཆུང་མ་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་འབུལ༔ སྤང་དག་ལན་གསུམ་ཚར་བའི་རྗེས༔ སྒྱུ་ལུས་བླ་མའི་བྲན་དུ་འབུལ༔ ཞེས་གསུངས་པ་ལྟར་ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་འབུལ་ན་ཆ་ཤས་རེ་རེ་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་བདག་བྲན་དུ། སོགས་ལན་གསུམ། དེ་ལྟར་དབང་ཐོབ་པ་ལས་བྱུང་བའི་དགེ་བའི་རྩ་བའང་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་བསྔོ་བའི་རྒྱས་འདེབས་ལྷན་ཅིག་ཏུ་གནང་བ་དང་། ཟབ་ཆོས་འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། ཅེས་སོགས་ཀྱིས་དགེ་བ་བསྔོས་ཏེ་སློབ་མ་རྣམས་གྱེས་སོ། །གཉིས་པ་ཆོ་གའི་རྗེས་རིམ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། ཆོས་སྐྱོང་གི་གཏོར་འབུལ་དང་། ཐུགས་དམ་བསྐུལ་ཞིང་དངོས་གྲུབ་ལེན། ཆད་བརྟན་རྟ་བྲོ་བཅས་གྲུབ་ནས། གཏང་རག་གི་མཆོད་བསྟོད་ཕུལ། ནོངས་པ་བཤགས་ཏེ་ [44b] མདུན་རྟེན་ཡེ་ཤེས་པ་རྟེན་ལ་བརྟན་བཞུགས་དང་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་འོད་གསལ་དུ་འཇུག་ལྡང་གིས་བསྔོ་སྨོན་དང་ཤིས་པ་བརྗོད་པས་ལེགས་པར་གྲུབ་བོ། །འདོད་འབྱུང་ཡིད་བཞིན་དབང་གི་རྒྱལ་པོས་ཀྱང་། །མི་བསྐྲུན་ཌཱཀི་བྱེ་བའི་སྙིང་གི་ཁྲག །ཡང་གསང་བླ་མེད་ཐུགས་སྒྲུབ་སྨིན་ལམ་གཞུང་། །ནོར་བུ་པདྨའི་ལྗོན་ཤིང་རྨད་དུ་བྱུང་། །དེ་ཡི་དགོངས་དོན་ཟབ་གསང་གངྒའི་ཆབ། །ངན་རྟོག་འདམ་གྱིས་རྙོགས་མིན་ལེགས་བཤད་ཁྲིགས། །རིག་པ་འཛིན་རྣམས་དགྱེས་པའི་མཆོད་ཡོན་དུ། །དྲི་མེད་བདུད་རྩིའི་རྫིང་བུར་ཁོ་བོས་བསྐྱིལ། བསོད་ནམས་གང་དེས་ལམ་བཟང་མཆོག་འདི་ཡི། །ཕྲིན་ལས་དབྱར་གྱི་ཆུ་ཀླུང་ལྟར་འཕེལ་བས། །མཁའ་ཁྱབ་འགྲོ་ཀུན་གདུལ་བྱར་སྨིན་གྲོལ་ནས། །བདེ་གཤེགས་རྩ་བ་གསུམ་གྱི་གནས་ཐོབ་ཤོག །དེ་ལྟར་ཡང་གསང་བླ་མའི་དབང་ཆོག་ནོར་བུ་པདྨའི་ལྗོན་ཤིང་ཕྱག་ལེན་མཚམས་སྦྱོར་གྱིས་བརྒྱན་པ་དྲི་མེད་བདུད་རྩིའི་རྫིང་བུ་ཞེས་བྱ་བ་འདི་ནི། ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་གར་དབང་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་ཞལ་སྔ་ནས་ཆོས་སྐོར་ཡོངས་རྫོགས་ཀྱི་སྨིན་གྲོལ་བདུད་རྩིའི་དགའ་སྟོན་སྐལ་པ་བཟང་པོའི་དཔྱིད་དུ་སྩལ་བའི་ཚེ། གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་མཚོན་པའི་རྟེན་དང་བཅས་ཏེ་གསུང་གི་སྣང་བས་ཡིད་ཀྱི་པདྨོ་ཁ་ཕྱེས་པ་ལ་བརྟེན་ནས། བདེ་བ་ཆེན་པོ་པདྨ་སཾ་བྷ་ཝས་འབྲོག་བན་ལོ་ཙཱའི་སྐྱེས་པ་རབས་ཀྱི་ཕྲེང་བའི་གྲལ་དུ་ [45a] བྱིན་གྱིས་བརླབས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེར་འབོད་པའི་སྔགས་ཀྱི་བནྡྷེ་སྙོམས་ལས་པས། རང་ལོ་སུམ་ཅུ་ཐམ་པའི་ཐོག་ཏུ་སོན་པ་དཔལ་གདོང་གི་ལོ་ཆུ་སྟོད་ཟླ་བའི་ཡར་ངོའི་དགའ་བ་དང་པོ་ལ་ཆོས་སྡིངས་རིན་ཆེན་སྤུངས་ཀྱི་ཡང་དབེན་འོད་གསལ་ཐེག་མཆོག་གླིང་གི་ཆོས་གྲྭར་སྦྱར་བའི་ཡི་གེ་པ་ནི་ལམ་འདི་ལ་མི་ཕྱེད་པའི་དད་གུས་ཀྱིས་གཡར་དང་ལྷུར་ལེན་པ་འཇིགས་མེད་རང་གྲོལ་གྱིས་བགྱིས་པའོ། །འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་ནུབ་པ་མེད་པར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།