དམ་ཆོས་དགོངས་པ་ཡོངས་འདུས་ལས། ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ཆོ་ག་གསལ་བར་བཀོད་པ་ཕྲིན་ལས་ནོར་བུའི་སྣང་བ།

From Dudjom Wiki
DJYD-KABUM-07-JA-015
Wylie title dam chos dgongs pa yongs 'dus las las bzhi mchog lnga'i sbyin sreg gi cho ga gsal bar bkod pa phrin las nor bu'i snang ba DJYD-KABUM-07-JA-015.pdf
Location bdud 'joms rin po che bka' 'bum
Volume 7, Text 15, Pages 411-447 (Folios 1a1 to 19a6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dam chos dgongs pa yongs 'dus las las bzhi mchog lnga'i sbyin sreg gi cho ga gsal bar bkod pa phrin las nor bu'i snang ba. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 7: 411-447. Kalimpong: Dupjung Lama, 1979-1985.
Side notes Recto: sbyin sreg   Verso: bdud 'dul dgongs 'dus
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre Fire Offerings - sbyin sreg
Cycle བཀའ་རྫོགས་པ་ཆེན་པོའི་དམ་ཆོས་དགོངས་པ་ཡོངས་འདུས་ (bka' rdzogs pa chen po'i dam chos dgongs pa yongs 'dus)
Colophon

།དེ་ལྟར་ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ཆོ་ག་གསལ་བར་བཀོད་པ་ཕྲིན་ལས་ནོར་བུའི་སྣང་བ་ཞེས་བྱ་བ་འདི་ནི། །ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་གར་དབང་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་བཀའི་ཅོད་པན་སྤྱི་བོར་བཅིངས་ཏེ་རང་གཞན་མང་པོ་ལ་མཆོག་ཏུ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས། གཏེར་གཞུང་རྩ་བའི་དགོངས་དོན་ལ་ཆོ་གའི་ངག་ཚིག་ཁ་སྐོང་དུ་འོས་པ་རྣམས་གཏེར་ཁ་འོག་མ་བདུད་འཇོམས་ཟབ་གཏེར་གྱི་གཞུང་ལས་བླངས་ཏེ་ལྷ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དངོས་པོའི་ལོ་དབྱུག་གུ་ཟླ་བའི་ཡར་ངོའི་རྒྱལ་བ་གསུམ་པའི་དུས་ཚེས་བཟང་པོར་མཁན་ལྗོངས་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་མེད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

de ltar las bzhi mchog lnga'i sbyin sreg gi cho ga gsal bar bkod pa phrin las nor bu'i snang ba zhes bya ba 'di ni/___/khyab bdag bla ma rdo rje sems dpa'i ngo bor bzhugs pa gar dbang sangs rgyas rdo rje 'dus pa rtsal gyi bka'i cod pan spyi bor bcings te rang gzhan mang po la mchog tu sman pa'i bsam pa nye bar bskyed nas/___gter gzhung rtsa ba'i dgongs don la cho ga'i ngag tshig kha skong du 'os pa rnams gter kha 'og ma bdud 'joms zab gter gyi gzhung las blangs te lha rigs kyi sngags ban 'jigs bral ye shes rdo rjes dngos po'i lo dbyug gu zla ba'i yar ngo'i rgyal ba gsum pa'i dus tshes bzang por mkhan ljongs phun tshogs dga' tshal gyi bsti gnas su grub par bgyis pa ste/___'dis kyang las dang dngos grub thams cad thogs med yid bzhin du 'grub pa'i rgyur gyur cig___/sarba dA mang+ga laM//

[edit]
༄༅། །དམ་ཆོས་དགོངས་པ་ཡོངས་འདུས་ལས། ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ཆོ་ག་གསལ་བར་བཀོད་པ་ཕྲིན་ལས་ནོར་བུའི་སྣང་བ་ཞེས་བྱ་བ་བཞུགས་སོ།། །།


༄༅། །ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ཆོ་ག་གསལ་བར་བཀོད་པ་ཕྲིན་ལས་ནོར་བུའི་སྣང་བ་ཞེས་བྱ་བ། ཁྱབ་བདག་གུ་རུ་ཐོད་ཕྲེང་རྩལ་གྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བདེ་ཆེན་ཡེ་ཤེས་སྣང་བ་འོད་འབར་བས། །འཁྲུལ་རྟོག་ཡིད་སྲུབས་ཚང་ཚིང་ཀུན་ཟོས་ནས། །གྲུབ་གཉིས་འདོད་དགུའི་འབྲས་བཟང་སྨིན་མཛད་པ། །བླ་མ་རྩ་གསུམ་འཁོར་ལོས་བདག་སྐྱོངས་ཤིག །མན་ངག་བསྙེན་དང་སྒྲུབ་པའི་ཁ་སྐོང་ཞིང་། །ཇི་སྙེད་ལས་ཀུན་ནུས་པའི་རྩལ་འབྱིན་པ། །མཆོད་སྦྱིན་སྲེག་བླུགས་ཆོ་ག་འཇུག་བདེའི་ཁྲིགས། །[2a] ཟབ་གཏེར་གཞུང་གི་དགོངས་དོན་འདིར་གསལ་བྱ། །དེའང་མངོན་པར་འདོད་པའི་ལས་དང་དངོས་གྲུབ་མཐའ་དག་བདེ་བླག་ཏུ་སྒྲུབ་པར་བྱེད་པ་མཆོད་སྦྱིན་སྲེག་བླུགས་ཀྱི་ཆོ་གའི་རིམ་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གང་དུ་བྱ་བའི་གཞི་དེ་ཉིད་སྔར་མ་སྦྱངས་པ་ཡིན་ན་སྒྲུབ་ཁོག་བཞིན་སའི་ཆོ་ག་རྒྱས་པར་བྱ་བའམ། བསྡུ་ན་ཞིང་སྐྱོང་གཞི་བདག་རྣམས་ལ་གཏོར་མ་དང་གསེར་སྐྱེམས་བྱིན་གྱིས་བརླབས་པ་བསྔོས་ཏེ་གནང་བ་ཞུ། གཙོ་བོའི་ང་རྒྱལ་གྱིས་རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ་སྙིང་པོ་ཐོད་ཕྲེང་རྩལ་དང་། ཨོཾ་ཨཱཿཧཱུྃ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ༔ ཅེས་ལན་བདུན་ཙམ་བཟླ་བ་ཀུན་རྫོབ་ཀྱི་སྦྱོང་བ་དང་། [2b] སྭ་བྷཱ་ཝས་ཆོས་ཐམས་ཅད་སྟོང་ཉིད་དུ་མོས་པ་དོན་དམ་པའི་སྦྱོང་བ་སྟེ་ལས་རྣམས་ཐུན་མོང་གི་སྦྱོར་བའོ། །གཉིས་པ་དངོས་གཞི་ལ་གསུམ། ཕན་གདགས་པ། ཚར་གཅོད་པ། ཀུན་འདུས་མཆོག་གི་སྦྱིན་སྲེག་གོ །སྔ་མ་ལ་ཞི་རྒྱས་དབང་གསུམ་གྱི། དང་པོ་ཞི་བའི་སྦྱིན་སྲེག་ནི། དུས་རབ་བཞིའི་ཡར་ངོའི་ཚེས་གཅིག་ལ་སོགས་པའི་སྔ་དྲོའི་ཆར། བཀྲ་ཤིས་པའི་ས་ལས་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་མེ་ཐབ་བྱ་སྟེ། དེའང་རྒྱུན་གྱི་ལག་ལེན་དུ་བརྩིགས་ཐབ་དང་བརྐོས་ཐབ་མི་འགྲུབ་པའི་དབང་དུ་བྱས་ཏེ། སྟེགས་བུར་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་པར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་མཐོ་གང་ཚད་ཀྱིས་ཟླུམ་པོར་བསྐོར་ལ་པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ་རྡོ་རྗེ་རྩེ་ལྔ་ལྟེ་བར་རཾ་གྱིས་མཚན་པ། པདྨའི་ཕྱི་སྐོར་དུ་སོར་བཞི་པའི་མུ་རན་ལ་མེ་རི་དཀར་པོ་གཡས་བསྐོར་དུ་འབར་བ་དང་། དེ་ཕྱིར་ཁ་ཁྱེར་སོར་བཞི་པ་ལ་རྡོ་རྗེ་ནོར་བུ་དཀར་པོའི་ཕྲེང་བས་བསྐོར་ཞིང་གྲུ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲི། མེ་ཏོག་དཀར་པོ་གཅལ་དུ་བཀྲམ་པའི་ཁ་ཁྱེར་གྱི་ནང་དུ་སྲོག་ཆགས་མེད་པའི་བ་ལང་གི་ལྕི་བའམ་ཡམ་ཤིང་གི་རྒྱུ་དང་མཚུངས་པའི་བུད་ཤིང་ཟླུམ་པོས་ཟླུམ་པོར་བརྩིགས་པའི་ནང་གི་ཤར་ངོས་སུ་མེ་ཚང་བཅས་ལ་སྟེང་ནས་ཀུ་ཤ་རྩེ་མོ་ཤར་དུ་བསྟན་པས་བཀབ། རང་གི་གཡས་ངོས་སུ་མཆོད་སྟེགས་དང་གཡོན་དུ་རྫས་སྟེགས་ [3a] གཉིས་ཀ་དར་རས་དཀར་པོའི་ཁེབས་དང་ལྡན་པའི་མཆོད་སྟེགས་སུ་འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་འདས་གཏོར་ཟླུམ་པོ་དང་། མདུན་དུ་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ། གཡས་གཡོན་དུ་སྨན་ཕུད་དང་རཀྟ། མདུན་དུ་ཡེ་ཤེས་པར་ཞི་དྲག་གི་ཉེར་སྤྱོད་ལྔ་ཚར་གཉིས་དང་འཇིག་རྟེན་པར་གཅིག་བཅས་ཕྲེང་ཚར་དུ་འགོད། དུང་ཞལ་ལམ་ཉ་ལྕིབས་ལྟ་བུའི་སྣོད་དུ་ཆུ་གཉིས་སོ་སོའི་རྫས་ཐུན་མོང་བ་དྲི་མེ་ཏོག་ཏིལ་ཀུ་ཤ་འབྲས་ཡོས་རྣམས་དང་། ཁྱད་པར་འོ་མ་མེ་ཏོག་དཀར་པོ་དྲི་དཀར་པོ་རྣམས་སྦྱར་བ་བཟེད་ཞལ་དང་བཅས་པའང་འདུ་བྱ། རྫས་སྟེགས་སུ་བལ་དཀར་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་སོར་བཞི་པ་དྲིས་བྱུགས་ཤིང་སྣེ་གཉིས་མར་དང་སྦྲང་རྩིས་ཉུག་པ། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ་དཀར་པོ། དཀར་མངར་འབྲུ་ཕྱེ་སོགས་སྦྱར་བའི་ཟས་མཆོག །འབྲས་མ་གྲུགས་པ། ནས་དང་སོ་བ་གྲ་མ་མེད་པ། གྲོ། སྲན་མ། དཱུརྦ། ཀུ་ཤ །ཡུངས་དཀར། ཤིང་ཏོག་རྣམས་དང་། དར་དཀར་གྱི་གོས་ཟུང་། རྡོ་ཐལ་མེད་པའི་སོ་རྩི་རྣམས་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོའི་སྣོད་འབའ་ཞིག་པར་འདས་མ་འདས་ཉིས་རིམ་དུ་བཤམས། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བྃ་གྱིས་མཚན་པ་བྲིས་པའི་ནང་གི་ཆར། ནང་མཆོད། ལས་བུམ། [3b] རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བཅས་བཞག །གཞན་ཡང་མེ་དར་དང་རླུང་གཡབ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། སློབ་དཔོན་རྒྱན་ཆས་དཀར་པོ་བགོས་ཏེ་ཞི་ཞིང་དེས་པའི་སེམས་ཀྱིས་ཀུ་ཤ་སོགས་གཙང་མའི་སྟན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཤར་དུ་ཕྱོགས་པར་འཁོད་དེ་བདག་གི་རྣལ་འབྱོར་ལ་གནས་པས་ལས་རིམ་ལ་འཇུག །སྒྲུབ་མཆོད་དང་འབྲེལ་བའི་ཚེ་སྙིང་པོ་ལ་ཕཊ་ཛཿབཏགས་པ་བརྗོད་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལས་ཀྱི་ལྷའི་རྣམ་པས་ཐོན་ནས་ལས་རིམ་ལ་འཇུག་པར་མོས་ལ། ཚུལ་བཞིན་བསྒྲུབས་པའི་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་རྡོ་དྲིལ་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་། ཨོཾ་བཛྲ་གཎྜེ་ཨཱཿ ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་པད་སྐོར་སྔོན་དུ་འགྲོ་བས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་ལ་བློ་ [4a] བཞག །དགང་བླུགས་སྔར་བཞིན་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་དགང་གཟར་བླུགས་མཚན་ཉིད་ཐམས་ཅད་དང་ལྡན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུགས་ལ་ཐིམ་པས་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར་པར་བསམ། ཕྱི་ནང་གི་མཆོད་རྫས་རྣམས་བསང་སྦྱངས་ཏེ་བྱིན་གྱིས་བརླབ་པ་ལས་བྱང་ལྟར་བྱ། བསྲེག་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ཞིང་། རྡོ་དྲིལ་དང་བཅས་དགང་བླུགས་འཛིན་པས་བསྲེག་རྫས་རྣམས་ལ་གཡས་བསྐོར་དུ་རེག་ལ། ཨོཾ་སྭཱ་ཧཱ། ཡམ་ཤིང་ལ། ཨོཾ་ཨཱཿསྭཱཧཱ། ཞུན་མར་ལ། ཨོཾ་ཤྲཱི་སྭཱཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ། ཞེས་སྔགས་རྣམས་ལན་ [4b] གསུམ་གསུམ་དུ་བརྗོད་པས་བརླབ་བོ། །དེ་ནས་བགེགས་ལ་གཏོར་མ་བྱིན་ཏེ་བཀའ་བསྒོ་ཞིང་མཚམས་བཅད། བཀྲ་ཤིས་པའི་གནས་ལས་བྱུང་བའི་མེ་དུ་བ་མེད་པ་གཡས་སུ་བསྐོར་ཏེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་ཐབ་ཀྱི་ཤར་ལྷོ་ནས་བཅུག ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་རླུང་གཡབ་ཀྱིས་མེ་སྤར་ཞིང་། ཧཱུྃ་ལན་བདུན་བཟླས་པའི་བླུགས་གཟར་གྱི་མར་ཁུའི་ཐིག་པས་ཀྱང་གསོ། ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་ཆུ་དང་ལས་སྔགས་ཀྱིས་བསང་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། སྭཱཧཱ། ཞེས་ཀུ་ཤ་ཐབ་ཀྱི་གཡས་བསྐོར་དུ་དགྲམ་ཞིང་སླར་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ །དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ལས་ཞི་བའི་ཐབ་ཁུང་དཀར་པོ་དབྱིངས་ཟླུམ་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེ་ནོར་བུ་དཀར་པོའི་ཕྲེང་བས་བསྐོར་ཞིང་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་ [5a] འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཞི་བའི་མེ་དཀར་གསལ་དུ་འབར་བའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་དང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་དབྱུག་ཏོ་དཀར་པོ་རཾ་གྱིས་མཚན་པ་ལས་ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་བ། ཞི་ཞིང་འཛུམ་པའི་ཉམས་ཅན། ཕྱག་གཡས་གཉིས་དབྱུག་ཏོ་དང་བགྲང་ཕྲེང་། གཡོན་གཉིས་རིལ་བ་དང་སྐྱབས་སྦྱིན་མཛད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཚངས་སྐུད་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། གསུས་ཁྱིམ་ཆེ་ལ་བྲང་རུས་བཀྲ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱད་པའི་ན་ཚོད་ཅན། ར་སྐྱེས་དཀར་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་། དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ [5b] ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་བྱོན་ཚུར་བྱོན་ལྷ་ཆེན་པོ༔ ཨགྣེ་རཱ་ཛ་འཁོར་དང་བཅས༔ བསྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འབར་བའི་གནས་འདིར་གཤེགས་སུ་གསོལ༔ དགྱེས་པའི་གདན་ལ་བཞུགས་ཀྱང་འཚལ༔ ཨོཾ་པཱ་པ་ཀ་ཨགྣ་ཡེ་ཨཱ་གཙྪ་ཡ༔ མ་མ་ཤཱནྟིཾ་ཀུ་རུ་སྭཱཧཱ༔ ཞེས་མདུན་གྱི་ནམ་མཁར་བྱོན་པར་བསམ། ལས་ཆུ་འཐོར་ཞིང་ལས་སྔགས་ཀྱིས་ཕྱི་འབྲང་གི་བགེགས་བསྐྲད། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཞེས་དམ་ཡེ་དབྱེར་མེད་དུ་བསྟིམ། དག་པ་རབ་འབྱམས་མཆོད་པའི་རྫས༔ སྟོང་གསུམ་ཀུན་གྱི་དྲི་ཆབ་མཆོག༔ སྤོས་སྨན་གཙང་སྦྱར་དམ་པ་འདིར༔ མི་གཙང་དྲི་ཚོགས་དག་གྱུར་ཅིག༔ དུང་ཞལ་སོ་སོ་ནས་ཆུ་གཉིས་བཟེད་ཞལ་དུ་བྲིམ་ཞིང་། ཨོཾ་ཨགྣེ་དེ་ཝ་ཏཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ༔ ཞེས་མཆོད་ཡོན་དང་། དེ་བཞིན་དུ་པཱ་དྱཾ་སྦྱར་བས་ཞབས་བསིལ་ཕུལ། ཧཱུྃ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོར་དབང་ [6a] བསྐུར་བ༔ ཤེས་རབ་མཆོག་གིས་ཉོན་མོངས་བསྲེག༔ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ ཞེས་ཕྱག་བྱ། ཧོཿ ལྷ་རྫས་བཟང་པོ་ལས་བྱུང་བའི༔ མེ་ཏོག་བདུག་སྤོས་མར་མེ་དང་། དྲི་ཆབ་ཞལ་ཟས་རོལ་མོ་སོགས༔ ཕྱི་མཆོད་རྣམ་པ་སྣ་ཚོགས་འདི༔ མེ་ལྷའི་རྒྱལ་པོ་ཁྱེད་ལ་འབུལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད། ཨོཾ་ཨགྣ་ཡེ་པུཥྤེ་དྷཱུ་པེ་སོགས་ནས། ཤཔྡ་པྲ་ཏཱི་སྤོ་ཙྪ་པཱུ་ཛ་ཧོཿ ཧཱུྃ༔ འཇིགས་བྱེད་མེ་ལྷའི་རྒྱལ་པོ་ལ༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ ནང་གི་མཆོད་པ་སྣ་ཚོགས་འབུལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨགྣ་ཡེ་རཱུ་པ་སོགས། སྤརྴེ་པྲ་ཏཱིཙྪ་པཱུ་ཛ་ཧོཿ ཧཱུྃ༔ འཇིགས་བྱེད་མེ་ལྷའི་རྒྱལ་པོ་ལ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་མཆོད་པ་འབུལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ལ་ཁཱ་ཧི༔ ཧཱུྃ༔ འཇིགས་བྱེད་མེ་ལྷའི་རྒྱལ་པོ་ཁྱོད༔ འགྲོ་བ་སེམས་ཅན་དོན་སླད་དུ༔ གནས་འདིར་བསྲེག་བླུགས་མཆོད་པ་བཞེས༔ [6b] ཞི་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཅེས་ཕྱི་ནང་གི་མཆོད་པས་མཆོད། དེ་ནས་བསྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་བསྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱཧཱ༔ ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ནང་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་། ཨོཾ་ཨགྣེ་དེ་བ་ཡ་ཨཱ་དི་བྱ་པ་ཏི་བྱཿ ཨ་བེ་ཤ་ཡ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བྷ་ཧ་ན་ཡེ་སྭཱ་ཧཱ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་སྤེལ་ཚིག་སྦྲེལ་བས་ཕུལ། ཚུལ་དེ་ལྟ་བུས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟགས་པས་དགེ་བར་མཐོང་ན་གཟེངས་བསྟོད། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་སྲུང་བ་བྱ་ [7a] ཞིང་། བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་བས་སྲེག་བླུགས་བདུན་ལ་སོགས་པ་འབུལ་ལོ། །དེ་ནས་རྫས་རྣམས་ལས་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་དཱུརྦ་ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟན་དང་ཏིལ་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་འབུལ་ཞིང་། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་ལ། ཨོཾ་བྷོ་དྷི་བྲྀཀྵ་ཡ་སྭཱཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་ལ༴ ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱ༔ སྡིག་སྒྲིབ་ཞི་བ་ལ༴ ཞོ་ཟན་ནམ་ཟས་མཆོག ། ཨོཾ་སརྦ་སམྤ་དེ་སྭཱཧཱ༔ བདེ་བ་ཕུན་སུམ་ཚོགས་པ་ལ༴ འབྲས། ཨོཾ་བཛྲ་པུཥྚ་ཡ་སྭཱཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ་ལ༴ ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱཧཱ༔ ཤུགས་ཕུན་སུམ་ཚོགས་པ་ལ༴ སོ་བ། ཨོཾ་བཛྲ་བཱི་ཛ་ཡ་སྭཱཧཱ༔ ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ༴ གྲོ། ཨོཾ་བཛྲ་གྷསྨ་རཱི་སྭཱཧཱ༔ ནད་མེད་པ་ཕུན་སུམ་ [7b] ཚོགས་པ་ལ༴ སྲན་མ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱཧཱ༔ སྟོབས་ཕུན་སུམ་ཚོགས་པ་ལ༴ དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ༔ ཚེ་རིང་བ་ཕུན་སུམ་ཚོགས་པ་ལ༴ ཀུ་ཤ ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་བ་ལ༴ ཡུངས་དཀར། ཨོཾ་བཛྲ་སིདྡྷ་ཡ་སྭཱ་ཧཱ༔ གདོན་བགེགས་འཇོམས་པ་ལ༴ ཤིང་ཏོག ། ཨོཾ་ག་གྷ་ནི་ག་གྷ་ནི་བཻ་ལོ་ཀ་ཏི་སྭཱ་ཧཱ༔ རིགས་བརྒྱུད་ཕུན་སུམ་ཚོགས་པ་ལ༴ དེ་ལྟར་ལན་བདུན་སོགས་ཇི་ལྟར་རིགས་པ་ཕུལ་བའི་མཐར། བསྟོད་པ་ནི། ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྒྲུབ་མཛད་པ༔ བདག་གཞན་དོན་གཉིས་མྱུར་འགྲུབ་སྩོལ༔ འཇིགས་བྱེད་མེ་ལྷ་ཉིད་ལ་བསྟོད༔ མེ་ལྷའི་རྒྱལ་པོ་དགའ་བའི་མཆོག༔ ཚངས་དབང་འཇིག་རྟེན་སྐྱོང་བྱེད་སྲས༔ བགེགས་ཚོགས་མ་ལུས་སྲེག་མཛད་པའི༔ གཟི་བརྗིད་རྒྱལ་པོ་ཉིད་ལ་འདུད༔ ཉོན་མོངས་སྲེག་པའི་ཡེ་ཤེས་འོད༔ མངོན་ཤེས་རྫུ་འཕྲུལ་སྟོབས་དང་ལྡན༔ ཉེས་པའི་སྐྱོན་རྣམས་སེལ་མཛད་པ༔ དྲང་སྲོང་ཆེན་པོ་ཉིད་ལ་འདུད༔ བདེན་པའི་ཚིག་ནི་མི་བསླུ་བས༔ འཇིག་རྟེན་སྐྱོང་བ་རྣམས་ [8a] ཀྱི་རྒྱལ༔ ཚངས་པར་གྱུར་པའི་ངག་དང་ལྡནཿ དྲང་སྲོང་ཆེན་པོ་ཉིད་ལ་འདུད༔ དམ་བཅའ་བཞིན་དུ་མེ་ཡི་ལས༔ ནུས་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་བསྟོད། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པའི་གདོན་རྣམས་ལས་ཐར་བ་དང་གློ་བུར་ཡེ་འགྲོགས་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་བར་ཆད་མི་འབྱུང་བར་མཛད་དུ་གསོལ། མི་ཁ་སྨྲ་མཆུ་དགྲ་རྐུན་བྱད་སྟེམས་སྦྱོར་བ་རྩུབ་མོ་དང་ཉེ་བར་འཚེ་བལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ཟློག་པར་མཛད་དུ་གསོལ། ལས་དང་ཉོན་མོངས་བག་ཆགས་ཤེས་བྱའི་དྲི་མ་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་འདོད་དོན་གསོལ་ལ། ཨོཾ་ཨཱཿཧཱུྃ་མུཿས། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་བསམ་མོ། །དེ་དག་ནི་འཇིག་རྟེན་པའི་མེ་ལྷ་ [8b] མཆོད་པའི་ཆོ་གའོ། །དེ་ནས་འདས་པའི་མེ་ལྷ་མཆོད་པའི་རིམ་པ་ནི། བུད་ཤིང་ཅུང་ཟད་ཁ་གསོས་ལ་བསང་སྦྱང་། ཧཱུྃ་ཧྲཱིཿ དམ་ཚིག་མེ་ལྷའི་ལྟོ་བའི་དབྱིངས༔ རང་བྱུང་ལྷུན་གྲུབ་གཞལ་ཡས་ཁང་༔ བདེ་ཆེན་ཕོ་བྲང་འོད་དུ་འབར༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང་༔ ཞེས་སོགས་ནས། མ་བཅོས་ལྷུན་གྲུབ་ངོ་མཚར་ཆེ༔ ཞེས་པའི་བར་གྱིས་རྟེན་སྣོད་ཀྱི་བཀོད་པ་གསལ་གདབ། སྐབས་འདིར་སྦྱིན་སྲེག་རྐྱང་པའི་ཚེ་ན་བརྟེན་པ་ལྷ་བསྐྱེད་ནས་སྤྱན་འདྲེན་བྱེད་པ་ཡིན་ཅིང་། སྒྲུབ་མཆོད་དང་འབྲེལ་བའི་སྐབས་སུ། ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཞེས་སོགས་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟན་ལས་རྡོར་གྱིས་སྔགས་བརྗོད་བཞིན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་སྙིང་པོ་བཟླ་བཞིན་པས་མེ་ཏོག་ཐབ་ཏུ་དོར་བའི་མཐར། ཧྲཱིཿ དལ་དབུས་ཉི་ཟླ་པདྨའི་སྟེང་༔ པདྨ་དབང་ཆེན་སྐུ་མདོག་དམར༔ ཞེས་སོགས་ལས་བྱང་བཞིན་གཙོ་འཁོར་ཡོངས་རྫོགས་གསལ་གདབ། གང་ལྟར་ཡང་བཞུགས་སུ་གསོལ་བའི་མཐར་ཆུ་གཉིས་སོ་སོར་བྲིམ་ཞིང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ དེ་བཞིན་དུ་པཱ་དྱཾ་སྦྱར་བས་ཆུ་གཉིས་ཕུལ། ལས་བྱང་གི་ཕྱག་འཚལ་ནས་ [9a] བཟུང་གཏོར་མའི་མཆོད་པའི་བར་དུ་སོང་ནས། སྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ་ཞེས་སོགས་འདོན་པ་སྤོས་ཏེ། སྙིང་པོ་བཛྲ་གུ་རུས་དགང་ཞིང་ཐོད་ཕྲེང་རྩལ་སྤེལ་ཚིག་དང་བཅས་པས་ལན་ཉེར་གཅིག་སོགས་འབུལ། དེ་ནས་ཡམ་ཤིང་བསྲེག་རྫས་གཞན་ཐམས་ཅད་ཐོད་ཕྲེང་རྩལ་ལ་རྫས་སྔགས་སྦྱར་བ་ཁོ་ནས་བཅུ་ལ་སོགས་པ་ཇི་ལྟར་རིགས་པར་ཕུལ་མཐར་སོ་སོའི་སྤེལ་ཚིག་ཀྱང་གོང་བཞིན་སྦྱར། ཚུལ་དེ་ལྟ་བུས་རྫས་རྣམས་རྫོགས་པ་དང་ཚོགས་ཕུད་ཀྱི་ཆ་ཤས་ཀྱང་། གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧིཿཞེས་འབུལ། དེ་ནས་ལས་བྱང་བཞིན་བསྟོད་དེ། ཧོཿ གུ་རུ་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེར་རྣམས་ཀྱིས། བདག་ཅན་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལྷ་ཀླུ་སོགས་གོང་བཞིན་འདོད་པའི་དོན་ལ་གསོལ་བ་བཏབ་པས། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ [9b] ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ལ་སོགས་པའི་ཉེས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་དུ་ཕུལ་མཐར། ཨོཾ་བཛྲ་ཝཱ་སྟྲཱ་ཡ་སྭཱ་ཧཱ༔ ཞེས་གོས་ཟུང་དང་། ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱ༔ ཞེས་སོ་རྩི་དབུལ། ཉེར་སྤྱོད་སྔགས་ཙམ་གྱིས་མཆོད་ཅིང་ཤྭ་ལོ་ཀ་གཅིག་གིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། སོགས་དང་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་ནས། བཛྲ་མུ༔ ཞེས་སེ་གོལ་གྱི་སྒྲས་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྒྲུབ་མཆོད་སྐབས། ཐབ་ཀྱི་ཡེ་ཤེས་པ་སྒྲུབ་པའི་དཀྱིལ་འཁོར་དུ་གཤེགས་པར་བསམ་ལ་ཚོམ་བུ་སླར་སྒྲུབ་ཁང་དུ་སྤྱན་དྲང་དོ་། །དེ་དག་ནི་འདས་པའི་མེ་ལྷ་མཆོད་པའི་ཆོ་གའི། །གསུམ་པ་རྗེས་ཀྱི་བྱ་བ་ནི། སླར་ཡང་བླུགས་གཟར་གྱི་མར་ཁུས་མེ་གསོ་ཞིང་། བཛྲ་ས་མཱ་ཛཿས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས་དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པར་བསམ་ལ། སྔར་བཞིན་དགང་བླུགས་དང་ཡམ་ཤིང་ལ་སོགས་པའི་བསྲེག་རྫས་ལྷག་མ་རྣམས་སྤེལ་ཚིག་མེད་པའི་སྔགས་ཀྱིས་འབུལ། གོས་ཟུང་དང་སོ་རྩིའང་གོང་གི་སྔགས་ཀྱིས་ཕུལ་མཐར། པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད། ཧཱུྃ༔ ཕྲིན་ལས་སྒྲུབ་མཛད་ [10a] ཆེ་བའི་མཆོག༔ མེ་ལྷའི་རྒྱལ་པོ་གདོན་གྱི་བདག༔ ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཞེས་བསྟོད། ཨ་ཀཱ་རོས་སྔར་བསྔོས་པའི་གཏོར་མ་ཐབ་ཏུ་འབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་སོགས་ཀྱིས་ཕྲིན་ལས་བཅོལ། སྔར་བཞིན་ནོངས་པ་བཤགས་ནས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། ཞེས་སྙན་མནན་ཏེ། ཨོཾ་ཨགྣ་ཡེ་གཙྪ། ཞེས་པས་ཡེ་ཤེས་ཀྱི་མེ་ལྷ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་ལ་བསྡུ། མེ་རང་ཞིར་གཏོང་བའམ་ལོང་མེད་ན་འོ་མ་དང་དྲི་བཟང་པོའི་ཆུས་གཞིལ་ལ་ཐལ་སོལ་རྣམས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་བསྐྱལ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། ། ༈ །གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། དུས་རབ་བཞིའི་ཡར་ངོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་ཉི་དྲོས་ཀྱི་ཆར། རྒྱལ་པོའི་བང་མཛོད་ཀྱི་འོག་དང་ཞིང་བཟང་པོ་སོགས་དཔལ་ཅན་གྱིས་ལས་བསྐྲུན་པའི་ཐབ་སྟེགས་པ་འབྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་པར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁྲུ་རེ་གཞལ་བའི་སར་གྲུ་བཞི་ [10b] པར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པ། མཆུའམ་མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་། ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་ཟུར་བཞི་ལའང་རིན་པོ་ཆེ་འབར་བ་རེ་བཅས་བྲི། དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པའི་གུར་གུམ་གྱི་ཆབ་ཀྱིས་བྲན་པས་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིག །གཏོར་མའི་རྒྱུ་གསེར་ཕྱེ་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་དང་བསྲེས་པས་དབྱིབས་གྲུ་བཞི་པད་འདབ་ཅན། ཆུ་གཉིས་ཀྱི་སྣོད་གསེར་དངུལ་སོགས་སུ་རྫས་ཞོ་མེ་ཏོག་སེར་པོ་དྲི་སེར་པོ་རྣམས་སྦྱར་བ། ཡམ་ཤིང་འབྲས་བུ་ཆགས་པའི་ཤིང་གི་བར་གྱི་ཆ་ལས་བྱུང་བ་ཁྲུ་གང་བ་དྲི་དང་མངར་གསུམ་མར་ཁུས་སྦགས་པ། བསྲེག་རྫས་ཞིབ་དང་མཚུངས་པ་ལས་བིཝ་སོགས་ཤིང་ཏོག་འབྲུ་སྨན་རིན་པོ་ཆེ་དང་དར་གོས་སེར་བོའི་རིགས། སྣོད་དང་རྫས་ཐམས་ཅད་དབྱིབས་གྲུ་བཞི་ཁ་དོག་སེར་པོ་འབའ་ཞིག་པ་བྱ། སློབ་དཔོན་རྒྱན་ཆས་སེར་པོ་བགོས་ལ་དགའ་བའི་སེམས་དང་བཟང་པོའི་སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་ཏེ་འཁོད་ནས་ལས་རིམ་ལ་འཇུག །མེ་རྒྱལ་རིགས་ཀྱི་ཁྱིམ་དང་གཙུབས་ཤིང་ལས་བྱུང་བས་སྦར། ཕྲིན་ལས་ཞི་བའི་སྐབས་ཁོ་ན་ལྟར་ལས། ཐབས་བསྐྱེད་སྐབས། སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་ [11a] བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་རྒྱས་པའི་མེ་སེར་གསལ་དུ་འབར་བའི་དབུས་སུ་པཾ་ལས་པདྨའི་སྡོང་པོ་དང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་དབྱུག་ཏོ་སེར་པོ་རཾ་གྱིས་མཚན་པ་ལས་རྒྱས་པའི་མེ་ལྷ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི་པ། གནོད་སྦྱིན་སྒེག་པའི་ཉམས་ཅན། ཕྱག་གཡས་གཉིས་དབྱུག་ཏོ་དང་བགྲང་ཕྲེང་། གཡོན་གཉིས་རིལ་བ་དང་མཆོག་སྦྱིན་མཛད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཚངས་སྐུད་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། ཤ་རྒྱས་ལ་གསུས་ཁྱིམ་ཆེ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱད་པའི་ན་ཚོད་ཅན། ར་སྐྱེས་སེར་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་ཅིང་ [11b] སོགས་སྔ་ལྟར་དང་། མ་མ་ཤཱནྟིཾ་ཀུ་རུའི་མལ་དུ། མ་མ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་དང་། ཞི་བའི་མལ་དུ། རྒྱས་པ། ཞེས་བསྒྱུར། དགང་བླུགས་སྐབས་ལག་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་། སྤེལ་ཚིག་སྐབས། ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་དང་། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་པས་འགྲེས་སྦྱར། འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་སོགས་གོང་ལྟར་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ཟས་ནོར་ལོངས་སྤྱོད་བུ་སློབ་འཁོར་འབངས་མངའ་རིས་ཆུས་སྲིད་ལ་སོགས་པ་དར་ཞིང་རྒྱས་པར་མཛད་དུ་གསོལ། མཁྱེན་པ་དང་བརྩེ་བ་མཐུ་སྟོབས་ནུས་རྩལ་ཉམས་དང་རྟོགས་པ་ས་ལམ་གྱི་ཡོན་ཏན་དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ཡོན་ཏན་ཇི་ [12a] སྙེད་པ་ཐམས་ཅད་དབྱར་གྱི་ཆུ་གཏེར་དང་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར། འདས་པའི་དགང་བླུགས་སྐབས། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ་ཞེས་འདོན་པ་སྤོ། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བསམ། རྗེས་མེ་རང་ཞིར་བཏང་སྟེ་ཐལ་སོལ་བང་མཛོད་དུ་སྦ། འདིར་རབ་གནས་དང་འབྲེལ་བར་འོ་ཐུག་བསྒྲུབ་ན་དེའི་ལག་ལེན་ནི་གཞན་ལས་ཤེས་པར་བྱའོ། ། ༈ །གསུམ་པ་དབང་གི་སྦྱིན་སྲེག་ནི། དུས་འབྲིང་པོ་བཞིའི་དམར་ཕྱོགས་ཀྱི་ཚེས་བཅུ་ལ་སོགས་པའི་དགོངས་མོའི་ཆར་སྨད་འཚོང་མས་ཉལ་པོ་ [12b] བྱས་པའི་མལ་འོག་གམ་མགྲོན་ཁང་གི་ས་ལས་བསྐྲུན་པའི་ཐབ་སྟེགས་མྱོས་བྱེད་དང་བདུད་རྩིས་བྱུགས་ཤིང་སིནྡྷུ་ར་བརྡལ་བར་དབུས་སུ་ཟླ་གམ་རྒྱར་མཐོ་དོ་སྲིད་དུ་ཁྲུ་གང་བ་ལ་པདྨ་འདབ་བརྒྱད་ལྕགས་ཀྱུས་མཚན་པ། དེ་རྒྱབ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་ལ་མེ་རི་དམར་པོ་གཡོན་བསྐོར་དུ་འབར་བ་དང་། མེ་ཏོག་དམར་པོ་ལྕགས་ཀྱུ་སྤེལ་མའི་ཕྲེང་བས་བསྐོར་ཞིང་ཟུར་གཉིས་ལའང་ལྕགས་ཀྱུ་རེ་བཅས་བྲི། དེར་ཡམ་ཤིང་གི་རྒྱུ་དང་མཚུངས་པའི་ཤིང་སྲིན་ལག་གི་སྦོམ་ཕྲ་ཅན་མྱོས་བྱེད་ཀྱིས་བྲན་པས་ཟླ་གམ་དུ་བརྩིག །གཏོར་མའི་རྒྱུ་ཟངས་ཕྱེ་པད་རག་བུ་རམ་འབྲས་དམར་རམ་བུའི་ཕྱེ་རྣམས་མར་ལ་བསྲེས་པས་དབྱིབས་ཟླ་གམ་པད་འདབ་ལྔ་པ། ཆུ་གཉིས་ཀྱི་སྣོད་ཟངས་ལ་སོགས་པར་རྫས་སྐྱུར་པོའི་རིགས་དང་ཨུཏྤལ་དྲི་དམར་པོ་རྣམས་སྦྱར་བ། ཡམ་ཤིང་ཙནྡན་དམར་པོ་སོགས་མདོག་དམར་ལ་རོ་སྐྱུར་བའི་ཤིང་གི་སྡོང་པོའི་ཆ་ལས་བྱུང་བ་སོར་ལྔའམ་གསུམ་པ་བུ་རམ་མར་ཁུས་རྩེ་མོ་དང་མཚལ་དང་སིནྡྷ་རས་རྩ་བ་བྱུགས་པ། མར་ཁུའང་འཛོམ་ན་ཏིལ་མར་གྱི་ཁུ་བ་ཤིས། བསྲེག་རྫས་ཞིབ་དང་མཚུངས་པ་ལས་རྒུན་འབྲུམ་སོགས་ཤིང་ཏོག་འབྲུ་སྨན་རིན་པོ་ཆེ་དར་གོས་དམར་པོའི་རིགས། །ཁྱད་པར་གྱི་ཕྲིན་ལས་བསྒྲུབ་ན་དེའི་ལིང་ག་དང་ཚུལ་བཞིན་སྦྱར་བའི་རྫས་ཀྱི་རིལ་བུ་བདུད་རྩི་ལྔས་སྦགས་པ། སྣོད་དང་རྫས་ཐམས་ཅད་དབྱིབས་ཟླ་གམ་ཁ་དོག་དམར་པོ་འབའ་ཞིག་པ་བྱ། [13a] སློབ་དཔོན་རྒྱན་ཆས་དམར་པོ་བགོས་ཏེ་ཆགས་པའི་བསམ་པས་སྟན་དམར་པོ་ལ་པདྨའི་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འཁོད་ནས་ལས་རིམ་ལ་འཇུག །མེ་རོལ་མོ་མཁན་ནམ་སྨད་འཚོང་མའི་ལག་ནས་བྱུང་བས་སྦར། ཕྲིན་ལས་ཞི་བསི་སྐབས་དང་འདྲ་བ་ལས། ཐབ་བསྐྱེད་སྐབས། སྟོང་པའི་ངང་ལས་ཧཱུཾ་ལས་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་གྱི་དབྱིབས་ཅན་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ལྕགས་ཀྱུ་དང་ཁ་ཁྱེར་དང་ཟུར་རྣམས་སུ་མེ་ཏོག་དམར་པོ་དང་ལྕགས་ཀྱུས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་དབང་གི་མེ་དམར་གསལ་དུ་འབར་བའི་དབུས་སུ་པཾ་ལས་པདྨའི་སྡོང་པོ་དང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་དབྱུག་ཏོ་དམར་པོ་རཾ་གྱིས་མཚན་པ་ལས་དབང་གི་མེ་ལྷ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཞི་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་གཉིས་དབྱུག་ཏོ་དང་བགྲང་ཕྲེང་། གཡོན་གཉིས་རིལ་བ་དང་དབང་སྡུད་ཀྱི་ཕྱག་རྒྱ་མཛད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ [13b] ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཚངས་སྐུད་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། ཤ་རྒྱས་ལ་གསུམ་ཁྱིམ་ཆེ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱད་པའི་ན་ཚོད་ཅན། ར་སྐྱེས་དམར་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་ཅིང་སོགས་སྔར་ལྟར་དང་། མ་མ་པཱ་ཤཾ་ཀུ་རུ་ཧོཿ ཞེས་དང་། ཞི་བའི་མལ་དུ་དབང་གི་ཞེས་བསྒྱུར། དགང་བླུགས་སྐབས་ལག་གཉིས་ཁུ་ཚུར་སྲིན་མཛུབ་རྩེ་སྤྲད་པ་པདྨའི་ཕྱག་རྒྱས་དགང་བླུགས་བཟུང་ལ། སྤེལ་ཚིག་སྐབས། ཁམས་གསུམ་སྲིད་གསུམ་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་དང་། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོཿ ཞེས་པས་འགྲེས་སྦྱར། འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་སོགས་གོང་ལྟར་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་རྒྱལ་བློན་བཙུན་མོ་འགྲོ་བ་ཕོ་མོ་ཟས་ནོར་ལོངས་སྤྱོད་ཁྱད་པར་དུ་བདུད་རིས་ནག་པོའི་ཕྱོགས་སུ་གྱུར་པའི་དྲེགས་ལྡན་མི་དང་མི་མ་ཡིན་མཐུ་བོ་ཆེ་མཐའ་དག་རང་དབང་མེད་ [14a] པར་མོས་པ་རྣམ་བཞིས་དབང་དུ་འདུ་བར་མཛད་དུ་གསོལ། རྩ་བརྒྱུད་བླ་མའི་བྱིན་རླབས་ཡི་དམ་ལྷའི་དངོས་གྲུབ་མཁའ་འགྲོ་སྲུང་མའི་མཐུ་རྩལ་ལས་དང་དངོས་གྲུབ་རླུང་སེམས་སྣང་བ་ཐམས་ཅད་རང་དབང་དུ་གྱུར་པར་མཛད་དུ་གསོལ། མདོར་ན་འཁོར་འདས་ལམ་གསུམ་མཆོག་ཐུན་མོང་གི་དངོས་གྲུབ་ཡིད་ལ་འདོད་པ་གང་མཆིས་པ་ཐམས་ཅད་ཐོགས་པ་མེད་པར་དབང་དུ་འདུ་བར་མཛད་དུ་གསོལ། པཱ་ཤཾ་ཀུ་རུ་ཧོཿ ཞེས་སྦྱར། འདས་པའི་དགང་བླུགས་སྐབས། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་ཞིང་ཆགས་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་པདྨ་དམར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ་ཞེས་འདོན་པ་སྤོ། ཁྱད་པར་གྱི་རྫས་འབུལ་ན་དེའི་སྔགས་དང་དམིགས་གནད་མན་ངག་ལས་ཤེས་ཤིང་། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་པདྨ་རཱ་གའི་བུམ་པ་བདུད་རྩི་དམར་པོས་གང་བ་འཛིན་པས་ཟླ་བ་དམར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་དབང་ [14b] བསྐུར་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་མོས་པ་རྣམ་བཞིས་དབང་དུ་སྡུད་པའི་ནུས་མཐུ་ལ་མངའ་བརྙེས་པར་བསམ། རྗེས་མེ་རང་ཞིར་བཏང་བའམ་ཆང་གིས་གཞིལ་ནས་ཐལ་སོལ་རི་རྩེ་ནས་རླུང་ལ་བསྐུར་བའམ་ཆུ་བོ་ཆེན་པོར་བསྐྱལ་ལོ། །གཉིས་པ་ཚར་གཅོད་པ་དྲག་པོའི་སྦྱིན་སྲེག་ནི། དུས་ཐ་ཆུང་བཞིའི་དམར་ཕྱོགས་ཉེར་དགུ་དང་གནམ་སྟོང་ལ་སོགས་པའི་སྲོད་དང་ནམ་ཕྱེད་ཀྱི་ཆར། གདུག་པའི་ས་སྣ་གསུམ་གྱི་ཐབ་སྟེགས་རོ་སོལ་གྱིས་ནག་པོར་བྱུགས་ཤིང་དུག་ཁྲག་གིས་ཆག་ཆག་བཏབ་པར་གྲུ་གསུམ་ཁ་ཁྱེར་སུམ་རིམ་གྱི་རྣམ་པ་རྒྱར་སོར་མོ་ཉི་ཤུ་པའི་དབུས་སུ་རལ་གྲི་རཾ་གྱིས་མཚན་པ་དང་། ཁ་ཁྱེར་གྱི་ཕྱོགས་སུའང་རལ་གྲི་འབར་བ་རེ་རེ་བཅས་བྲི། དེར་དུག་ཤིང་ཚེར་མ་ཅན་གྱི་བུད་ཤིང་དུག་ཁྲག་གིས་སྦགས་པས་གྲུ་གསུམ་དུ་བརྩིག །གཏོར་མའི་རྒྱུ་ལྕགས་ཕྱེ་དུག་སྣ་རྡོ་ཕྱེར་ཁྱིའི་ཁྲག་ཤ་ཆེན་སྲན་ཆེན་རྣམས་མར་ནག་ལ་བསྲེས་པས་གྲུ་གསུམ་ཐེབས་ཀྱུ་ཅན། ཆུ་གཉིས་ཀྱི་སྣོད་བསེ་ལྕགས་ལ་སོགས་པར་ཁྲག་སྣ་དུག་དང་ཆུ་སེར་རྣམས་སྦྱར་བ། ཡམ་ཤིང་སྐྱེར་ཚེར་སོགས་དུག་ཤིང་ཚེར་མ་ཅན་གྱི་རྩ་བའི་ཆ་ལས་བྱུང་བ་རྩང་གཟུགས་སོར་བཅུ་གཉིས་པའི་སྣེ་གཉིས་དུག་ཁྲག་ཚིལ་ཆེན་གྱིས་བྱུགས་པ། ཚིལ་ཞུན་དང་མར་ནག་བསྲེས་པའི་མར་ཁུ། བསྲེག་ [15a] རྫས་ཞིབ་དང་མཚུངས་པ་ལས་སྲན་མ་སོགས་འབྲུ་སྨན་རིན་པོ་ཆེ་དང་དར་གོས་ནག་པོའི་རིགས། དཱུརྦ་ཀུ་ཤ་རྣམས་ཀྱང་དུམ་བུར་གཏུབ། ཁྱད་པར་གྱི་རྫས་ཡུངས་དཀར་ནག །གུ་གུལ། གཏོར་ཆུང་། ལིངྒ་། དུག་ཁྲག །ཀེ་ཚེ། ཤངས་ཚེ། ལན་ཚྭ། དམིགས་བྱའི་རྗེས་དང་རྟེན་གྱི་ས་སོགས་ཁྲག་ཆེན་གྱིས་སྦོལ། སྣོད་དང་རྫས་ཐམས་ཅད་དབྱིབས་གྲུ་གསུམ་ཁ་དོག་ནག་པོ་འབའ་ཞིག་པ་བྱ། སློབ་དཔོན་ཞྭ་ནག་ཕོད་ཀ་རུས་རྒྱན་སོགས་དྲག་པོའི་ཆས་སུ་ཞུགས་ཏེ་ཞེ་སྡང་གི་ངར་དང་ལྡན་པས་ཞིང་ལྤགས་ཀྱི་སྟན་ལ་མགར་བའི་འདུག་སྟངས་ཀྱིས་ཁ་ལྷོར་ཕྱོགས་པས་འཁོད་དེ་ལས་རིམ་ལ་འཇུག །ཕྲིན་ལས་ཞི་བའི་སྐབས་དང་མཚུངས་པ་ལས་མི་འདྲ་བའི་ཁྱད་པར་མཆོད་སྲེག་གི་རྫས་རྣམས་ཐུན་མོང་དུ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་དམར་གྱི་དུང་ཆེན་སྟོང་གསུམ་དང་མཉམ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་མཆོད་རྫས་དང་བསྲེག་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པས་ནམ་མཁའི་ཁམས་གང་བར་བསམ་ལ། སོ་སོའི་སྔགས་རྣམས་བརྗོད་པས་བྱིན་བརླབ། དེ་ནས་གདོལ་བཤན་དམེ་ཡུག་ལ་སོགས་པའི་ལག་ནས་བྱུང་བའི་མེ་གཡོན་དུ་བསྐོར་ཞིང་ ཨོཾ་ཨགྣ་ [15b] ཡེ་དགྲ་བགེགས་དམ་སྲི་འབྱུང་པོ་ཛྭ་ལ་རཾ༔ ཞེས་སྤར་ལ་སྔགས་དེ་ཉིད་ཀྱིས་མར་ཁུས་གསོ། ཀུ་ཤ་བཀྲམ་པ་མི་དགོས་པས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ལས་དྲག་པོའི་ཐབ་ཁུང་མཐིང་ནག་གྲུ་གསུམ་བང་རིམ་གསུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་དྲག་པོའི་མེ་དམར་ནག་ཏུ་འབར་བའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་དང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་དབྱུག་ཏོ་མཐིང་ནག་རཾ་གྱིས་མཚན་པ་ལས་དྲག་པོའི་མེ་ལྷ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། ཁྲོ་གཏུམ་འཇིགས་སུ་རུང་བ། ཕྱག་གཡས་གཉིས་དབྱུག་ཏོ་དང་བགྲང་ཕྲེང་། གཡོན་གཉིས་མེ་དཔུང་དང་རལ་གྲི་འཛིན་པ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། སྒེག་ཅིང་དཔའ་བའི་ཉམས་ཅན། ར་སྐྱེས་ནག་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། རིགས་ཀྱི་བདག་པོ་དོན་ཡོད་གྲུབ་པས་དབུ་བརྒྱན་ཅིང་སོགས་སྔར་ལྟར་དང་། མ་མ་མཱ་ར་ཡ་ཕཊ༔ ཅེས་སྦྱར། དམ་ཡེ་དབྱེར་མེད་དུ་བསྟིམས་པའི་མཐར་སྔགས་ཁོ་ནས་ཁྲག་གི་མཆོད་ཡོན་དང་དུག་ཆུའི་ཞབས་བསིལ་འབུལ། ཕྱག་འཚལ་མཐར་མཆོད་པ་ནི། ཧཱུྃ༔ སྟོང་གསུམ་ [16a] ཞིང་ཀུན་ཡོངས་གང་བའི༔ རྨད་བྱུང་འདོད་ཡོན་ཉེར་སྤྱོད་ལྔ༔ ཤ་ཁྲག་དབང་པོ་ཚིལ་རུས་དང་༔ གཉིས་མེད་མཉམ་སྦྱོར་ཨ་མྲྀ་ཏ༔ བ་ལིཾ་གཏོར་མ་རཀྟ་སོགས༔ ཟ་བྱེད་མེ་ལྷའི་ཚོགས་ལ་འབུལ༔ དགྲ་བགེགས་སྒྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨགྣེ་ཀྲོ་དྷ་ས་པ་རི་ཝཱ་ར་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ༔ དེ་བཞིན་དུ་སྦྱར་ཏེ། ཤཔྡའི་བར་དང་། པཉྩ་ཀ་མ་གུ་ཎ། སརྦ་པཉྩ་ཨ་མྲྀ་ཏ། མ་ཧཱ་རཀྟ། མ་ཧཱ་བ་ལིཾ་ཏ། ཞེས་སོ་སོར་གང་གི་སྔགས་དང་། མཇུག་ཏུ་པཱུ་ཛ་ཁཱ་ཧི་སྦྱར་བས་མཆོད་རྫས་རྣམ་འབུལ། བསྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ལ། མེ་ལྷ་ཁྲོས་པའི་ཞལ་རབ་ཏུ་གདངས་པའི་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་དང་དགང་བླུགས་ཀྱི་རྩེར་ཧཱུཾ་ཡིག་མཐིང་ནག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ་ཞེས་སོགས་གོང་བཞིན་ལ། ལག་གཉིས་ཁྲོ་བོའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨགྣེའི་སྔགས་ཀྱིས་གཡོན་པའི་བླུགས་གཟར་བདུན་གྱིས་གཡས་པའི་དགང་གཟར་བཀང་བའི་དགང་བླུགས་ཁ་སྦྱར་པུས་མོའི་ཕྱི་ནས་ནང་དུ་མི་འདའ་བར་གཡོན་དུ་བསྐོར་ཞིང་། ཨོཾ་ཨགྣེ་དེ་བ་ཡ་སོགས་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ [16b] ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སྤྱི་དང་ཁྱད་པར་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པ་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་འབུལ། ཡམ་ཤིང་ལ། ཨོཾ་རཱུ་དྲྀ་བྲཀྵཱ་ཡ་སྭཱ་ཧཱ༔ ཞེས་དང་། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་བསྒྱུར། རྫས་གཞན་རྣམས་སོ་སོའི་སྔགས་ལ་སྤེལ་ཚིག་གོང་གིས་འགྲེས་སྦྱར། བསྟོད་པའི་མཐར་འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་སོགས་གོང་ལྟར་ལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། ལོག་འདྲེན་འབྱུང་པོ། དམ་སྲི་སྒབ་འདྲེ། རྒྱ་འདྲེ་འགོང་པོ། མཐའ་བཞིའི་དམག་དཔུང་། བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་བསྒྲལ་ཞིང་ཚར་བཅད་པར་མཛད་དུ་གསོལ། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་འཚེ་ཞིང་། བདག་ཅག་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་མ་རུང་གདུག་པ་ཅན་ཐམས་ཅད་སྐད་ཅིག་ཡུད་ [17a] ཙམ་ཉིད་དུ་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས་ཐལ་བའི་ རྡུལ་ཕྲན་བཞིན་དུ་བརླག་པར་མཛད་དུ་གསོལ། སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་སྦྱར། འདས་པའི་ཆོ་གའི་ཚུལ་ཀྱང་གོང་གི་འགྲོས་དང་འདྲ་བ་ལས་རྩ་བའི་རྫས་རྣམས་རྫོགས་ནས་ཁྱད་པར་གྱི་རྫས་ལིངྒ་སོགས་ལ་དམིགས་ཏེ་འགུགས་གཞུག་དྲག་པོའི་མཐར། ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཞེས་སོགས་ཚོགས་ཐ་མའི་སྐབས་བཞིན་བསྒྲལ་ནས་ཞལ་སྟོབ་ཀྱི་རྗེས་སུ། ཨོཾ་བཛྲ་ཀྲོ་དྷ་སརྦ་ཤ་ཏྲུཾ་རཱུ་པ་ཙིཏྟ་ཨགྣེ་ཛྭ་ལ་རཾ་ཁཱ་ཧི༔ ཞེས་པས་གྲངས་གང་འོས་འབུལ། མཐར་ལས་འཆོལ་བའི་ཚེ། ལྷ་ཚོགས་ཐམས་ཅད་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་འོད་ཟེར་མེའི་ཚྭ་ཚྭ་ཁྲོ་ཆུང་མཚོན་ཆའི་ཆར་སོགས་དཔག་ཏུ་མེད་པ་འཕྲོས་པས་གནོད་བྱེད་དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པ་ཐམས་ཅད་ཚར་བཅད་རྡུལ་དུ་བརླག་ནས་རྗེས་ཤུལ་ཙམ་ཡང་མ་ལུས་པར་བསམ། རྗེས་མེ་ལོང་སྐབས་ཡོད་ཀྱང་མི་བཞག་པར་དུག་ཁྲག་གིས་གཞིལ་བའི་ཐལ་སོལ་སྣོད་ངན་དུ་བླུགས་ཏེ་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་མནན་ལ་གཟིར་མནན་བྲོ་བརྡུང་གིས་མཐའ་བསྡུ་བར་བྱའོ། ། ༈ །གསུམ་པ་ཀུན་འདུས་མཆོག་གི་སྦྱིན་ [17b] སྲེག་ནི། དུས་ཟླ་བ་གང་ཡང་རུང་བའི་ཉ་སྟོང་བརྒྱད་ལ་སོགས་པའི་ཉིན་མཚན་ཇི་ལྟར་རིགས་པར། ཆོ་གའི་སྦྱོར་དངོས་རྗེས་གསུམ་གྱི་བྱ་བ་མཐའ་དག་རྒྱས་པའི་སྦྱིན་སྲེག་ཇི་ལྟ་བ་བཞིན་ལས། ཁྱད་པར་གྱི་བསྲེག་རྫས་རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ་དང་མ་དན་སྦྱར་བའི་ཟན་གྱི་རིལ་བུ་གྲངས་མེད་བསགས། ཐབ་བསྐྱེད་སྐབས། སྟོང་པའི་ངང་ལས་ཧཱུཾ་ལས་མཆོག་གི་ཐབ་ཁུང་སྣ་ཚོགས་མདོག་ཅན་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ནོར་བུ་རིན་པོ་ཆེ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མཆོག་གི་མེ་ཁ་དོག་ལྔ་ལྡན་དུ་འབར་བའི་དབུས་སུ་པཾ་ལས་པད་མའི་སྡོང་པོ་དང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་དབྱུག་ཏོ་རཾ་གྱིས་མཚན་པ་ལས་མཆོག་གི་མེ་ལྷ་སྣ་ཚོགས་མདོག་ཅན་ཞལ་གཅིག་ཕྱག་བཞི་པ། གནོད་སྦྱིན་སྒེག་པའི་ཉམས་ཅན། ཕྱག་གཡས་གཉིས་དབྱུག་ཏོ་དང་བགྲང་ཕྲེང་། གཡོན་གཉིས་རིལ་བ་དང་མཆོག་སྦྱིན་མཛད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ [18a] ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཚངས་སྐུད་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། ཤ་རྒྱས་ལ་གསུས་ཁྱིམ་ཆེ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱད་པའི་ན་ཚོད་ཅན། ར་སྐྱེས་མཐིང་གའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང་སོགས་སྔར་ལྟར་དང་། རྒྱས་པའི་མལ་དུ་ མཆོག་གི་ཞེས་བསྒྱུར། སྤེལ་ཚིག་སྐབས། ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་དང་། གཟི་བརྗིད་ཕུན་སུམ་ཚོགས་པ་དང་བདེ་ཆེན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་པས་འགྲེས་སྦྱར། འདོད་གསོལ་རྒྱས་པ་ལྟར་ལས། ཁྱད་པར་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་མཛད་དུ་གསོལ། མ་ཧཱ་སུ་ཁ་ས་མ་ཡ་སིདྡྷི་ཧོཿ ཞེས་སྦྱར། འདས་པའི་སྐབས་ཁྱད་པར་གྱི་རྫས་སྙིང་པོ་ཐོད་ཕྲེང་རྩལ་ཁོ་ནས་འབུལ་ཞིང་འདོད་དོན་དགང་བླུགས་སྐབས་བཞིན་གསོལ། མཐར་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ [18b] ཀ་ནས་མཆོག་གི་འོད་ཟེར་མཐིང་ལ་དམར་བའི་མདངས་ཅན་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་མཁའ་ཁྱབ་ཏུ་སྤྲོས་པས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ཕྱག་རྒྱ་ཆེན་པོ་ཆེ་བའི་མཆོག་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པའི་ཕྲིན་ལས་མཛད་པར་བསམ། རྗེས་ཀྱི་རིམ་པ་རྣམས་རྒྱས་པ་བཞིན་མཐར་དབྱུང་བས་ལེགས་པར་གྲུབ་བོ། །དེ་དག་ནི་རྫས་ལ་བརྟེན་པ་ཕྱིའི་སྦྱིན་སྲེག་གོ། གཞན་དུ་ཟས་བཟའ་བའི་ཚེ་ན་ཁ་ཟས་བདུད་རྩིར་བརླབས་པ་ལག་པའི་དགང་བླུགས་ཀྱིས་ཁའི་ཐབ་ཁུང་དུ་ཕུལ་བ་གཏུམ་མོ་སྦར་བའི་མེས་སྦྱངས་པའི་དྭངས་མས་ལུས་ཀྱི་ལྷ་རྣམས་ཚིམས་པར་བྱེད་པ་ནང་གི་སྦྱིན་སྲེག །ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་ཆགས་ཀྱི་མེས་ཧཾ་ཡིག་ཞུ་བའི་བསྲེག་རྫས་རོ་རྐྱང་གི་དགང་བླུགས་ཀྱིས་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་ལྷན་སྐྱེས་བདེ་བའི་རང་བཞིན་དུ་ཚིམས་པར་བྱེད་པ་གསང་བའི་སྦྱིན་སྲེག །སྐྱེ་མེད་རང་བྱུང་དབྱིངས་ཀྱི་ཐབ་ཁུང་དུ་བདེ་ཆེན་བྱང་ཆུབ་སེམས་ཀྱི་མེ་ལ་ཐབས་ཤེས་ཟུང་དུ་འཇུག་པའི་དགང་བླུགས་ཀྱིས་གཉིས་སྣང་མཚན་མའི་བསྲེག་རྫས་ཐམས་ཅད་ཕུལ་བས་ཆོས་རྣམས་མི་ཤིགས་རྡོ་རྗེ་གསུམ་གྱི་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའི་དབྱིངས་སུ་ཚིམས་པའི་ཚུལ་གྱིས་ལ་བཟླ་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་སྟེ། ཚུལ་དེ་ལྟ་བུའི་རིམ་པ་བཞིན་ཉམས་སུ་བསྟར་བས་ཐུན་ [19a] མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐམས་ཅད་དཀའ་བ་མེད་པར་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟ་བ་ཡིན་ནོ། །རྣོ་ལ་ངར་གྱིས་བཏགས་བཞིན་ཇི་སྙེད་པའི། །གསང་སྔགས་སྒྲུབ་པའི་ལས་དང་དངོས་གྲུབ་ཀུན། །ཐོགས་པ་མེད་པར་ཡིད་བཞིན་ར་བ་འཇོ་བའི། །སྲེག་བླུགས་ཆོ་གའི་ལས་རིམ་བླ་ན་མེད། །ཀུན་རྫོབ་སྦྱོར་བས་ལས་ཀུན་ཐོགས་མེད་འགྲུབ། །དོན་དམ་ཕུང་ཁམས་དྭངས་མའི་བཅུད་དུ་སྨིན། །ཟུང་འཇུག་འོད་གསལ་རྡོ་རྗེ་བདེ་བ་ཆེར། །བརྟན་གཡོའི་དངོས་ཀུན་རོ་གཅིག་སྡོམ་བྱེད་ཤོག །དེ་ལྟར་ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ཆོ་ག་གསལ་བར་བཀོད་པ་ཕྲིན་ལས་ནོར་བུའི་སྣང་བ་ཞེས་བྱ་བ་འདི་ནི། །ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་གར་དབང་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་བཀའི་ཅོད་པན་སྤྱི་བོར་བཅིངས་ཏེ་རང་གཞན་མང་པོ་ལ་མཆོག་ཏུ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས། གཏེར་གཞུང་རྩ་བའི་དགོངས་དོན་ལ་ཆོ་གའི་ངག་ཚིག་ཁ་སྐོང་དུ་འོས་པ་རྣམས་གཏེར་ཁ་འོག་མ་བདུད་འཇོམས་ཟབ་གཏེར་གྱི་གཞུང་ལས་བླངས་ཏེ་ལྷ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དངོས་པོའི་ལོ་དབྱུག་གུ་ཟླ་བའི་ཡར་ངོའི་རྒྱལ་བ་གསུམ་པའི་དུས་ཚེས་བཟང་པོར་མཁན་ལྗོངས་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་མེད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།