ཟབ་དོན་གསང་བ་སྙིང་ཐིག་གི་ཚེ་ཁྲིད་རྡོ་རྗེའི་ཕྲེང་བའི་སྒྲུབ་ཐབས་ཕྲིན་ལས་དང་བཅས་པ་འཆི་མེད་འདོད་འཇོའི་བུམ་བཟང་།

From Dudjom Wiki
DJYD-KABUM-07-JA-020
Wylie title zab don gsang ba snying thig gi tshe khrid rdo rje'i phreng ba'i sgrub thabs phrin las dang bcas pa 'chi med 'dod 'jo'i bum bzang DJYD-KABUM-07-JA-020.pdf
Location bdud 'joms rin po che bka' 'bum
Volume 7, Text 20, Pages 629-671 (Folios 1a1 to 22a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Zab don gsang ba snying thig gi tshe khrid rdo rje'i phreng ba'i sgrub thabs phrin las dang bcas pa 'chi med 'dod 'jo'i bum bzang. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 7: 629-671. Kalimpong: Dupjung Lama, 1979-1985.
Side notes Recto: sgrub phrin   Verso: bdud 'dul tshe dkar
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre Activity Manual - las byang  ·  Sadhanas - Evocation Ritual - sgrub thabs
Cycle ཟབ་དོན་གསང་བ་སྙིང་ཐིག་ (zab don gsang ba snying thig)
Deity tshe dpag med dkar po
Colophon

།དེ་ལྟར་ཚེ་ཁྲིད་རྡོ་རྗེའི་ཕྲེང་བའི་སྒྲུབ་ཐབས་ཕྲིན་ལས་དང་བཅས་པ་འཆི་མེད་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ནི། སྐྱབས་གནས་གཅིག་གིས་བསྡུས་པའི་རྡོ་རྗེའི་མཆེད་པོ་སྡོམ་བརྩོན་དགེ་བའི་བཤེས་གཉེན་མཐུ་སྟོབས་རྣམ་པར་རྒྱལ་བའི་གསུང་གིས་ཡང་དང་ཡང་དུ་བསྐུལ་བར་མཛད་པ་ཡིད་ལ་སིམས་པའི་ཐོག །ཉེ་ཆར་རྣམ་འདྲེན་འཁོར་ལོའི་མགོན་པོ་གར་དབང་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་ཞལ་སྔ་ནས་བཀའ་ལུང་གསེར་གྱི་པདྨོ་སྤྱི་བོའི་རྒྱན་དུ་ལྷུང་བ་དད་པ་རྒྱ་མཚོས་མངོན་པར་མཆོད་པའི་སླད་དུ། གཏེར་གཞུང་རྩ་བའི་དགོངས་པ་རིགས་མཐུན་རྡོ་རྗེའི་ཚིག་གིས་རྣམ་པར་བཀྲལ་ཞིང་ཉེ་བར་མཁོ་བའི་ཕྲིན་ལས་ཇི་ལྟར་རིགས་པས་ཀྱང་མི་འགལ་བར་བརྒྱན་ཏེ། ལྷ་རིགས་ཀྱི་སྔགས་བན་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཞི་བཅུ་རྩ་གཉིས་པའི་ཐོག་ཏུ་སོན་པས་སྐྱོང་གི་ལོ་མགོ་ཟླ་ཕྱི་མའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཟང་པོ་ལ། མཆིམས་ཀྱི་ཀོང་ཡུལ་ལྗོན་པའི་ལྗོངས་ཀྱི་ཐིག་ལེ་བུ་ཆུ་བདེ་ཆེན་སྟེང་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བ་ལས། ཐོག་མའི་ཡི་གེ་བ་ནི་རྣམ་པར་དགེ་བའི་ཤེས་རབ་གསལ་ཞིང་ཟབ་མོའི་ལམ་ལ་གཞོལ་བའི་སྐལ་བ་ཅན་བློ་གྲོས་སྣང་བ་རབ་ཏུ་རྒྱས་པའི་སྡེས་བགྱིས་པའོ། །འདིས་ཀྱང་དཔལ་ལྡན་བླ་མཆོག་གི་ཞབས་པད་བསྐལ་པ་རྒྱ་མཚོར་རྟག་ཅིང་བརྟན་པ་དང། འགྲོ་བ་ཐམས་ཅད་འཆི་མེད་ཡེ་ཤེས་དྭངས་མའི་སྐུ་ཚེ་ལ་མངའ་དབང་འབྱོར་པའི་རྒྱུར་གྱུར་ཅིག། །། ཨཱ་ཡུརྫྙཱ་ན་སིདྡྷི་རསྟུ།།

de ltar tshe khrid rdo rje'i phreng ba'i sgrub thabs phrin las dang bcas pa 'chi med 'dod 'jo'i bum bzang zhes bya ba 'di ni/___skyabs gnas gcig gis bsdus pa'i rdo rje'i mched po sdom brtson dge ba'i bshes gnyen mthu stobs rnam par rgyal ba'i gsung gis yang dang yang du bskul bar mdzad pa yid la sims pa'i thog___/nye char rnam 'dren 'khor lo'i mgon po gar dbang sangs rgyas rdo rje 'dus pa rtsal gyi zhal snga nas bka' lung gser gyi pad+mo spyi bo'i rgyan du lhung ba dad pa rgya mtshos mngon par mchod pa'i slad du/___gter gzhung rtsa ba'i dgongs pa rigs mthun rdo rje'i tshig gis rnam par bkral zhing nye bar mkho ba'i phrin las ji ltar rigs pas kyang mi 'gal bar brgyan te/___lha rigs kyi sngags ban snyoms las pa 'jigs bral ye shes rdo rjes rang lo bzhi bcu rtsa gnyis pa'i thog tu son pas skyong gi lo mgo zla phyi ma'i dkar phyogs kyi gral tshes bzang po la/___mchims kyi kong yul ljon pa'i ljongs kyi thig le bu chu bde chen steng rig pa 'dzin pa'i dga' tshal du sbyar ba las/___thog ma'i yi ge ba ni rnam par dge ba'i shes rab gsal zhing zab mo'i lam la gzhol ba'i skal ba can blo gros snang ba rab tu rgyas pa'i sdes bgyis pa'o/___/'dis kyang dpal ldan bla mchog gi zhabs pad bskal pa rgya mtshor rtag cing brtan pa dang/___'gro ba thams cad 'chi med ye shes dwangs ma'i sku tshe la mnga' dbang 'byor pa'i rgyur gyur cig/___//___A yur+dz+nyA na sid+d+hi rastu//

[edit]
༄༅། །ཟབ་དོན་གསང་བ་སྙིང་ཐིག་གི་ཚེ་ཁྲིད་རྡོ་རྗེའི་ཕྲེང་བའི་སྒྲུབ་ཐབས་ཕྲིན་ལས་དང་བཅས་པ་འཆི་མེད་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། །།


༄༅། །ཨོཾ་སྭསྟི་ཨ་མཱ་ར་སིདྡྷི་རསྟུ། དྲི་མེད་ནོར་བུ་ཆུ་ཤེལ་ལྷུན་པོའི་སྐུ། །དྭངས་པའི་ཡིད་མཚོར་ཤར་བའི་མོད་ཉིད་ལ། །ཚེ་དབང་འདོད་འཇོའི་དགའ་སྟོན་སྩོལ་མཛད་པ། །བླ་མ་འཆི་མེད་མགོན་པོས་དགེ་བར་སྲུངས། །གསང་བ་སྙིང་ཐིག་གདམས་ཟབ་ཆུ་གཏེར་ལས། །ལེགས་འོངས་འཆི་མེད་མན་ངག་བདུད་རྩིའི་རྒྱུན། །སྐལ་བཟང་གྲུབ་གཉིས་འདོད་འཇོའི་ཉེར་འཚོ་རུ། ཁྲིགས་སྡེབས་བུམ་བཟང་བཅུད་དུ་ལེན་ལ་སྤྲོ། དེ་ཡང་གསང་བ་ཟབ་མོའི་ཐབས་ཀྱི་མན་ངག་ལ་བརྟེན་ནས་འཕོ་བྲལ་རྟག་བརྟན་རྡོ་རྗེའི་སྲོག་ཏུ་བསྒྲུབ་སྟེ་འཆི་བདག་གི་གཡུལ་ལས་རབ་ཏུ་རྒྱལ་བར་འདོད་པས་འདི་ཁོ་ན་ལ་ནན་ཏན་དུ་བྱ་སྟེ། དེ་ལ་གསུམ། རང་དོན་དུ་ཚེ་སྒྲུབ་པ། གཞན་དོན་དུ་དབང་བསྐུར་བ། གཉིས་ཀའི་དོན་དུ་ལས་ [2a] ལ་སྦྱོར་བའོ། །དང་པོ་ནི། སྦྱོར་བ་གནས་གཙང་ཞིང་ཡིད་དུ་འོང་བར་མཚན་མའི་དཀྱིལ་འཁོར་སྤྱི་མཐུན་རྟ་བབས་བཞི་ལྡན་ལྷ་གནས་པདྨ་འདབ་བརྒྱད་ལྟེ་བ་རྡོ་རྗེ་དཀར་པོས་མཚན་པ་ཅན་ཆོ་ག་བཞིན་བྲི་བའམ། བསྡུ་ན་མཎྜལ་ལ་མེ་ཏོག་དཀར་པོས་ཚོམ་བུ་གཅིག་བཀོད་པའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་གཡུ་མཚོ་གཏན་འཁྱིལ་དང་རྒྱུན་འབབས་ཀྱི་ཆུ་གཙང་སོ་ལྔའི་བཅུད་ལྡན་གྱིས་དགང་བ་དུང་ཞལ་གཟུངས་རྡོར་དང་བཅས་པ་འགོད། དེའི་མདུན་དུ་ཚེ་གལ་མཐུན་སྡེབས་ཀྱི་རྒྱུ་ལས་བསྐྲུན་པའི་ཚེའི་འབྲང་རྒྱས། གཡས་སུ་བཅུད་ལེན་གྱི་རྫས་དང་སྦྱར་བའི་ཚེ་རིལ། གཡོན་དུ་བདུད་རྩི་ཨ་མྲྀ་ཏས་སྦྲན་པའི་ཚེ་ཆང་། རྒྱབ་ཏུ་ཚེ་མདའ་རྒོད་སྒྲོམ་དར་ཚོན་སྣ་ལྔ་མེ་ལོང་བླ་གཡུ་བཏགས་པ་བཅས་དང་། གཞན་ཡང་ཆུ་གཉིས་ཉེར་སྤྱོད་ལྔ་སྨན་རཀ་གཏོར་མ་སོགས་མཆོད་པར་འོས་ཤིང་ཉེ་བར་མཁོ་བའི་ཆ་རྐྱེན་ [2b] ཐམས་ཅད་ཕུན་སུམ་ཚོགས་པར་བྱས་ནས། ཆོ་ག་དངོས་ལ། ཐོག་མར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། ན་མོ༔ འཆི་མེད་ཚེ་བདག་མགོན་པོ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ ཚེ་ཡི་རིག་འཛིན་བསྒྲུབ་པར་བགྱི༔ ལན་གསུམ། མཚམས་བཅད་པ་ནི། ཧྲཱིཿ ཀ་དག་ཆོས་སྐུའི་རང་རྩལ་ལས། །སྐད་ཅིག་རིག་པ་ཡི་གེ་ཧྲཱིཿ དེ་ལས་དབང་ཆེན་ཧེ་རུ་ཀ །རྔམས་བརྗིད་འབར་བ་དཔལ་གྱི་སྐུ། །ཕྱག་གཉིས་བེ་ཅོན་ཞགས་པ་འཛིན། །སྤྱི་གཙུག་རྟ་སྐད་ཕྱོགས་བཅུར་སྒྲོགས། །འཇིགས་བྱེད་འཇིགས་མཛད་ཁྲོ་བོའི་རྒྱལ། །ཆེ་བཙན་འབར་བའི་སྐུ་རུ་གྱུར། ཧྲཱིཿཔདྨ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ། །ཐུགས་ལས་སྤྲུལ་པའི་ཁྲོ་བོ་ནི། །ཉི་ཟེར་རྡུལ་ཕྲན་ལྟ་བུའི་ཚོགས། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཕྲོ། །བགེགས་ཞེས་བྱ་བའི་མིང་ཡང་མེད། ཅེས་དྲག་སྔགས་བཟླ་ཞིང་རོལ་མོའི་སྒྲ་དང་བཅས་པས་བསྐྲད་ལ། ཧྲཱིཿ ཁྲོ་ཚོགས་ཐམས་ཅད་ཚུར་འདུས་པས༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན༔ མཚོན་ཆ་ལྔ་ལྡན་མེ་ཡི་གུར༔ གཞོམ་མེད་སྲུང་བའི་འཁོར་ལོར་གྱུར༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་མཚམས་བཅད། བྱིན་དབབ་པ་ནི། ཨོཾ་ཧཱུྃ་ཨ་ལ་ལ་ ཧོཿ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ ཀུན་བཟང་སྣང་བ་མཐའ་ཡས་ཀྱིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ [3a] ལྷུན་གྲུབ་ལོངས་སྐུའི་ཕོ་བྲང་ནས༔ བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས༔ གནས་འདིར༴ ཚེ་དང་༴ ཐུགས་རྗེ་སྤྲུལ་སྐུའི་ཕོ་བྲང་ནས༔ འཆི་མེད་པདྨ་འབྱུང་གནས་ཀྱིས༔ གནས་འདིར༴ ཚེ་དང་༴ གཞོ་སྟོད་མཁའ་འགྲོའི་ཚོགས་ཁང་ནས༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ གནས་འདིར༴ ཚེ་དང་༴ གསང་མཆོག་ཤེལ་གྱི་ཕུག་པ་ནས༔ གྲུབ་ཆེན་འབྲོག་བན་ལོ་ཙཱ་ཡིས༔ གནས་འདིར༴ ཚེ་དང་༴ ཟབ་གཏེར་ཆོས་ཀྱི་ཕོ་བྲང་ནས༔ རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས༔ གནས་འདིར༴ ཚེ་དང་༴ སྤྱི་གཙུག་ཉི་ཟླ་པད་སྟེང་ནས༔ དྲིན་ཆེན་རྩ་བརྒྱུད་བླ་མ་ཡིས༔ གནས་འདིར༴ ཚེ་དང་༴ དངོས་གྲུབ་མཆོག་སྩོལ་ཕོ་བྲང་ནས༔ འཆི་མེད་ཚེ་བདག་དཀྱིལ་འཁོར་ལྷས༔ གནས་འདིར༴ ཚེ་དང་༴ གནས་ཡུལ་དུར་ཁྲོད་ཞིང་ཁམས་ནས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གིས༔ གནས་འདིར༴ ཚེ་དང་༴ སྔོན་ཚེ་ཚེ་ཡི་ཁུངས་རེ་བཟང་༔ ད་ལྟ་ཚེ་ཡི་དཔལ་རེ་འདུ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ རྟགས་དང་མཚན་མ་སྟོན་པ་དང་༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཨ་ཡུརྫྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿམཆོད་རྫས་བྱིན་གྱིས་བརླབ་པ་ནི། ཧྲཱིཿ ཐུགས་ལས་རཾ་ཡཾ་ [3b] ཁཾ་འཕྲོས་པས། །མཆོད་རྫས་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །ཕྱི་ནང་གསང་སོགས་མཆོད་པའི་སྤྲིན། །ཟག་མེད་ནམ་མཁའ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ། དྷུཔེ། ཨཱ་ལོ་ཀེ། གྷནྡྷེ། ནེ་ཝི་དྱ། ཤཔྡ་ཨཱཿཧཱུྃ། ཨོཾ་པཉྩ་ཀཱ་མ་གུ་ཎ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལྷ་བསྐྱེད་པ་ནི། ཧྲཱིཿ ངོ་བོ་གདོད་ནས་སྐྱེ་བ་མེད༔ རང་བཞིན་དམིགས་མེད་སྙིང་རྗེའི་རྩལ༔ ཐུགས་རྗེ་རྩོལ་མེད་སྤྲུལ་སྐུའི་རྒྱུ༔ རང་སེམས་ཧྲཱིཿཡིག་ཟླ་བའི་མདངས༔ འོད་ཟེར་ཁ་དོག་ལྔ་ལྡན་པས༔ ཆོས་རྣམས་ཐམས་ཅད་སྟོང་བར་སྦྱངས༔ སྟོང་པའི་ངང་ལས་སྣོད་བཅུད་ཀུན༔ འཆི་མེད་ཚེ་ཡི་ཞིང་ཁམས་དབུས༔ རང་སྣང་ལྷུན་གྲུབ་གཞལ་ཡས་སུ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཧྲཱིཿལས་འོད་འཕྲོས་པས༔ འཕགས་མཆོད་སེམས་ཅན་ལས་སྒྲིབ་སྦྱངས༔ ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས༔ འཆི་མེད་རྡོ་རྗེ་ཚེ་དཔག་མེད༔ དྲི་བྲལ་ནོར་བུ་ཆུ་ཤེལ་མདངས༔ ཞི་འཛུམ་མཚན་དཔེའི་ལང་ཚོ་འབར༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དར་གྱི་སྟོད་གཡོགས་སྨད་ཤམ་དང་༔ ཅོད་པན་དར་དཔྱང་ལྷབ་ལྷུབ་གཡོ༔ རིན་ཆེན་དབུ་རྒྱན་སྙན་རྒྱན་དང་༔ མགུལ་རྒྱན་ཕྱག་ཞབས་གདུ་བུ་འཁྲོལ༔ དོ་ཤལ་ [4a] སྐ་རགས་མཛེས་པར་བཅིངས༔ དབུ་སྐྲ་ཐོར་ཚུགས་སྤྱི་བོའི་རྩེར༔ པདྨ་ནོར་བུ་འབར་བས་མཚན༔ གསང་བའི་ཡུམ་མཆོག་གོས་དཀར་མོ༔ དམར་གསལ་མདའ་དར་ཚེ་བུམ་འཛིན༔ ཞབས་ཟུང་ཡབ་ཀྱི་སྐེད་ནས་འཁྲིལ༔ དར་དང་རིན་ཆེན་མེ་ཏོག་བརྒྱན༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན༔ རྩ་གསུམ་ཚེ་ལྷ་ཞི་དང་ཁྲོ༔ གྲངས་མེད་སྤྲོ་ཞིང་བསྡུ་བ་ཡི༔ གནས་གསུམ་ཨོཾ་དཀར་ཨཱཿདམར་པོ༔ ཧཱུྃ་མཐིང་ཐུགས་དབུས་ཧྲཱིཿདཀར་གསལ༔ དེ་ལས་ལྕགས་ཀྱུ་ལྟ་བུ་ཡི༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་འགྱུར༔ སྤྱན་འདྲེན་པ་ནི། ཧྲཱིཿ བདེ་ཆེན་མངོན་པར་དགའ་བའི་ཞིང་ཁམས་ནས༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ རྩ་གསུམ་ཚེ་ལྷ་རབ་འབྱམས་འཁོར་དང་བཅས༔ འདིར་གཤེགས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་བཛྲ་ས་མ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི། ཧྲཱིཿ བདེ་ཆེན་འབར་བའི་ཕོ་བྲང་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ ཚེ་ཡི་ལྷ་ཚོགས་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ན་མོ༔ བླ་མ་འཆི་མེད་ཚེ་དཔག་མེད༔ རྩ་གསུམ་འདུས་པའི་བདག་ [4b] ཉིད་ལ༔ འཕྲུལ་དགའི་ལྷ་ཡི་ཚུལ་ཉིད་ཀྱིས༔ གཉིས་སུ་མེད་པར་ཕྱག་བགྱིའོ༔ ཨ་ཏི་པུ་ ཧོཿ པྲ་ཏཱིཙྪ་ ཧོཿ མཆོད་པ་འབུལ་བ་ནི། ཨོཾ༔ མཆོད་འོས་སྣོད་བཅུད་ཐམས་ཅད་ཀུན༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ རྡོ་རྗེའི་རིག་མ་བཅུ་དྲུག་དང་༔ སྨན་གཏོར་རཀྟ་ཚོགས་མཆོད་སྤྲིན༔ ཡེ་སྦྱོར་ཡེ་སྒྲོལ་བདེ་སྟོང་ཆེ༔ དངོས་བཤམས་ཏིང་འཛིན་རྣམ་འཕྲུལ་གྱིས༔ རིགས་འདུས་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤཔྡ་སརྦ་པཱུ་ཛ་པྲ་ཏཱིཙྪ་ཧོཿ པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི། ཧྲཱིཿ ཆོས་དབྱིངས་ངང་ལས་རང་བྱུང་རང་ཤར་བའི༔ འགྲོ་བའི་འཆི་བདག་འཇོམས་མཛད་བཅོམ་ལྡན་འདས༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་དབང་ཕྱུག་ལྷ༔ བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ བཟླས་པ་བྱ་བ་ནི། བདག་གི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེར། །ཉི་ཟླའི་གྭའུར་སྲོག་གི་སྙིང་པོ་ཧྲཱིཿ །མཐའ་སྐོར་སྔགས་ཕྲེང་དཀར་གསལ་གཡས་བསྐོར་དུ། །རང་སྒྲས་འཁོར་ཞིང་ཧྲཱིཿལས་འོད་ཟེར་ནི། །ལྕགས་ཀྱུ་ལྟར་འཕྲོས་ཚེ་བསོད་དཔལ་འབྱོར་ཀུན། །འུབ་བསྡུས་བདག་ཐིམ་རྡོ་རྗེའི་སྐུར་གྱུར་ཏེ། །སྣང་ལ་རང་བཞིན་མེད་པའི་རོལ་པར་ [5a] གྱུར༔ ཨོཾ་བཛྲ་གུ་རུ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་ཅི་ནུས་སུ་བཟླ་ཞིང་། བུམ་བཟླས་ཟུར་དུ་སྤྲོ་ན། གཟུངས་ཐག་ལ་འཇུས་ཏེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། ཞེས་བཟླས་པ་ཅི་རིགས་བྱས་མཐར་མཆོད་ཡོན་ཕུལ་བས་ལྷ་བདུད་རྩིར་ཞུ་བར་བསམ། སླར་ཡང་སྒྲུབ་རྫས་ཐམས་ཅད་ལ་དམིགས་ཏེ། ཚེ་ཡི་རིག་འཛིན་ཆོས་སྲུང་ཚོགས་རྣམས་ཀྱིས། །འཁོར་འདས་ཀུན་གྱི་ཚེ་ཡི་དངོས་གྲུབ་ཀུན། །དཀར་དམར་འོད་ཀྱི་རྣམ་པ་ཅན་དུ་བསྡུས། །ཚེ་ཡི་རྫས་རྣམས་ཀུན་ལ་ཐིམ་པ་ཡིས། །འཆི་བ་མེད་པའི་བདུད་རྩིའི་མཆོག་ཏུ་གྱུར། ཞེས་རྩ་བའི་སྔགས་དང་། ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཞེས་པའང་གང་འགྲུབ་བཟླ། དེ་ནས་ཐུགས་དམ་བསྐུལ་ཞིང་ཚེ་འགུགས་པ་ནི། མདའ་དར་གཡབ་ལ། ཧྲཱིཿ པདྨ་རྣམ་པར་རྒྱས་པའི་དཀྱིལ་འཁོར་ནས༔ རིགས་འདུས་ཚེ་ཡི་ལྷ་ཚོགས་ཐུགས་དམ་ཅན༔ འཆི་མེད་སྒྲུབ་པའི་ལས་ལ་སྐུར་བཞེངས་ནས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩལ་དུ་གསོལ༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ [5b] ཀླུ་གདོན་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་བ་ཉམས་པ་ཐམས་ཅད་གསོས༔ འཆི་མེད་རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ ཅེས་ཚེ་བཅུད་བཀུག་ཅིང་བསྟིམ་ལ་རྒྱས་གདབ་པ་ནི། ཧྲཱིཿ སྙིང་པོ་ཅིས་ཀྱང་མི་ཤིགས་པ༔ རྡོ་རྗེ་སེམས་དཔའ་སྐྱེ་བ་མེད༔ ཆོས་ཀྱི་དབྱིངས་སུ་རྒྱས་གདབ་པས༔ འཆི་མེད་ཡེ་ཤེས་བརྟན་གྱུར་ཅིག༔ ཨ་ཨ་ཨ་ཛྙཱ་ན་བྷྲཱུྃ༔ ཞེས་རྒྱས་གདབ། ཚོགས་ཀྱི་མཆོད་པ་སྤྲོ་ན། ཚོགས་རྫས་རྣམས་བཤམ་ལ། བྱིན་གྱིས་བརླབ་པ་ནི། ཨོཾ་སརྦ་དྲ་བྱཾ་བི་ཤྭ་དྷ་ན་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔ རིན་ཆེན་པདྨའི་སྣོད་ཡངས་སུ༔ ཚོགས་རྫས་ལྕགས་ཀྱུ་སྒྲོན་མ་ལྔ༔ འཆི་མེད་ཚེ་ཡི་བདུད་རྩིའི་བཅུད༔ འདོད་པའི་ཡོན་ཏན་རྒྱ་མཚོར་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨོཾ་ཨཱཿཧཱུྃ༔ ཚོགས་མགྲོན་སྤྱན་དྲང་བ་ནི། ཧྲཱིཿ འོག་མིན་བདེ་ཆེན་ཞིང་ཁམས་ནས༔ ཚེ་བདག་ཡབ་ཡུམ་སྤྲུལ་འཁོར་བཅས༔ ཚོགས་ཀྱི་མཆོད་པར་གཤེགས་སུ་གསོལ༔ བྱིན་རླབས་དངོས་གྲུབ་ཆར་ལྟར་ཕོབ༔ ཛྙཱ་ན་བཛྲ་ས་མ་ཡ་ཛཿཛཿ ཚོགས་ཕུད་ཆ་གསུམ་དུ་སྤྲོས་ཏེ། དང་པོ་མཆོད་པ་ནི། ཧྲཱིཿ ཟག་མེད་པཉྩ་ཨ་མྲྀ་ཏ༔ [6a] འདོད་ཡོན་ལྔ་ལྡན་ཚོགས་མཆོད་འདི༔ རིགས་འདུས་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ སརྦ་ཨ་མྲྀ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧོཿ ཚེ་རབས་ཐོག་མ་མེད་པ་ནས༔ ད་ལྟའི་ལུས་བླངས་ཡན་ཆད་དུ༔ ཉོན་མོངས་ལས་སྒྲིབ་ཅི་བསགས་པ༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་བསྟབ་ནི། ནྲྀ་ཏྲི་བཛྲ་ཨདྐུ་ཤ་ཛཿ ཛཿཧཱུྃ་བཾ་ ཧོཿ ཧཱུྃ༔ ཚེ་དཔག་མེད་མགོན་ཐུགས་ཀ་ནས༔ རྟ་མགྲིན་ཁྲོ་ཚོགས་དཔག་མེད་སྤྲོས༔ ཚེ་བདུད་བར་ཆད་བཀུག་ཅིང་བསྒྲལ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ དེ་ནས་ཚོགས་རྫས་རྣམས་ནང་གི་སྦྱིན་སྲེག་ཏུ་རོལ། ལྷག་མ་བསྔོ་བ་ནི། ཨོཾ་ཨཱཿཧཱུྃ༔ ཕེཾ༔ ཧྲཱིཿ ཚེ་དཔག་མེད་མགོན་བཀའ་འཁོར་ནས༔ ལྷག་ལ་དབང་བའི་ཕོ་ཉ་ཀུན༔ ཕུད་ལྷག་མཆོད་པ་འདི་བཞེས་ལ༔ སྒྲུབ་མཆོག་ཚེ་ཡི་བར་ཆད་སོལ༔ ཨུཙྪིཥྚ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཆད་ཐོ་བ་སྒྲགས་ཤིང་བརྟན་མ་བསྐྱང་བ་ནི། ཨོཾ་ཨཱཿཧཱུྃ༔ ཧྲཱིཿ སྔོན་ཚེ་བར་དང་བསྐལ་པ་ཐ་མའི་དུས༔ སྐུ་གསུམ་སྟོན་པ་བརྒྱུད་གསུམ་རིག་འཛིན་གྱིས༔ བཀའ་བསྒོས་དམ་བཞག་སྣང་སྲིད་དྲེགས་ཚོགས་ཀུན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་རྣམ་བཞི་སྒྲུབས༔ བོད་ཁམས་སྐྱོང་བའི་བརྟན་མ་ [6b] བཅུ་གཉིས་ཚོགས༔ པདྨའི་བཀའ་བཞིན་བཤལ་ཆུའི་བདུད་རྩི་བཞེས༔ སྒྲུབ་པོའི་ཚེ་སྲིང་རྐྱེན་ཟློག་འཁོར་སློབ་སྤེལ༔ ཡང་ཟབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ སརྦ་དྷ་རྨ་པཱ་ལ་མ་མ་བ་ལིཾ་ཏ་ཁཱ་ཧི༔ རྟ་བྲོ་བརྡུང་བ་ནི། ཧྲཱིཿ ཚེ་བདུད་བར་ཆད་སེལ་བའི་ལྷ༔ དབང་ཆེན་རྔམས་པའི་རྟ་བྲོ་བརྡུང་༔ དམ་སྲི་འབྱུང་པོའི་ཚོགས་རྣམས་ཀུན༔ རྡོ་རྗེ་ལྷུན་པོའི་འོག་ཏུ་མནན༔ ཧྲཱིཿ ཧྲཱིཿཧྲཱིཿཧཱུྃ་ཧཱུྃ་ཧཱུྃ་སྟམྦྷ་ཡ་ནན༔ དངོས་གྲུབ་བླང་བ་ནི། སྒྲུབ་རྫས་གནས་གསུམ་དུ་རེག་ཅིང་། ཧྲཱིཿ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ རིགས་འདུས་ཚེ་ཡི་ལྷ་ཚོགས་འཁོར་བཅས་ཀྱིས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་ཚེ་ཆུ་ཚེ་ཟན་ཚེ་ཆ་ལ་ལོངས་སྤྱོད། སླར་ཡང་། ཨོཾ་བྷ་ག་ཝ་ཏེ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། ཧྲཱིཿ ཆོས་དབྱིངས་ངང་ལས་རང་བྱུང་རང་ཤར་བའི༔ སོགས་ཀྱིས་བསྟོད། ཡི་གེ་བརྒྱ་པ་དང་། མ་རྙེད་ཡོངས་སུ་མ་ཚང་དང་། སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། སོགས་ཀྱིས་བསྟིམ། མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱིས་ཡེ་ཤེས་པ་ [7a] གཤེགས། དམ་ཚིག་པ་བསྡུ་བ་ནི། ཚེ་ཡི་དཀྱིལ་འཁོར་གསལ་བཏབ་པ༔ ས་བོན་ཧྲཱིཿལ་ཧྲིལ་གྱིས་འདུས༔ དེ་ཡང་འཆི་མེད་རྫོགས་པ་ཆེ༔ རང་བྱུང་ཡེ་ཤེས་ཀློང་དུ་ཐིམ༔ ཨཱ་ཡུརྫྙཱ་ན་ཨ་ཨཱཿ རྒྱུན་གྱི་སྤྱོད་ལམ་ལ་འཇུག་པ་ནི། སླར་ཡང་ཚེ་ཡི་བར་ཆད་བསྲུང་བའི་ཕྱིར༔ རང་ཉིད་རིགས་འདུས་ཚེ་དཔག་མེད་པར་བཞེས༔ ཚད་མེད་བཞི་ལྡན་བྱང་ཆུབ་སེམས་ཀྱི་ངང་༔ རྒྱུན་དུ་འགྲོ་བའི་དོན་ལ་སྤྱོད་པར་བྱ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ༔ བསྔོ་བ་སྨོན་ལམ་ནི། བདག་གིས་བླ་མེད་ཚེ་ཡི་དཀྱིལ་འཁོར་དུ༔ བསྒོམས་བསྒྲུབས་བཟླས་མཆོད་གསོལ་བ་བཏབ་པའི་མཐུས༔ འགྲོ་རྣམས་རིག་འཛིན་ཚེ་ཡི་སྣོད་གྱུར་ནས༔ ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག༔ བཀྲ་ཤིས་བརྗོད་པ་ནི། ཧོཿ སྐུ་གསུམ་དབྱེར་མེད་སྟོབས་བཅུའི་ཡོན་ཏན་རྫོགས༔ མཐོང་ཐོས་དྲན་རེག་འཆི་མེད་དངོས་གྲུབ་སྩོལ༔ བཀྲ་ཤིས་རིགས་འདུས་ཚེ་ཡི་ལྷ་ཚོགས་ཀྱིས༔ བདག་ཅག་སྐྱེ་རྒུ་ཀུན་ལ་བདེ་ལེགས་ཤོག༔ ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་ལ་མེ་ཏོག་གི་ཆར་དབབ་པས་བདེ་ལེགས་སུ་བྱའོ། །འདིའི་བསྙེན་སྒྲུབ་བྱེད་ན། བྱིན་བརླབས་གྲུབ་པའི་གནས་དང་སྒྲུབ་ཁང་བཀྲ་ཤིས་པའི་ཕྱོགས་སུ་ར་བ་བཞི་གང་རུང་གི་ཡར་ངོའི་གཟའ་སྐར་དགེ་བའི་སྔ་དྲོ་ལ་མཚམས་དམ་དུ་བཅད། བཅའ་གཞིའི་རིམ་པ་གོང་དུ་སྨོས་པ་ལྟར་ལ་གཞན་གྱིས་མ་མཐོང་བ་དང་། ཚེ་སྒྲུབ་པ་ [7b] སུས་ཀྱང་མ་ཤེས་པར་བྱེད། དངོས་གཞི་ཐུན་བཞིའམ་དྲུག་ཏུ་བཅད་ལ་ལས་ཀྱི་གཞུང་བསྲང་། རང་ཉིད་རིགས་འདུས་ཚེ་དཔག་མེད་སྣང་སྟོང་འཇའ་ཚོན་ལྟ་བུར་གསལ་བའི་ལྷར་སྣང་དང་ང་རྒྱལ་ལ་སེམས་བཟུང་ཞིང་གསལ་སྣང་བརྟན་པོར་འཆར་བ་ལ་བསླབ། གསལ་ཐེབས་ནས་ཁྱད་པར་གྱི་བཟླས་དམིགས་ནི། རང་གི་སྙིང་གར་ཕ་ལམ་ལས་གྲུབ་པའི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་སྲུབ་མེད་པའི་དབུས་སུ་ཐུགས་སྲོག་ཧྲཱིཿདཀར་པོ་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོ་བ། དེའི་ཁོག་པར་ཚེ་རྟེན་ནྲྀ་ལྗང་གུ་ཐིག་ལེ་དཀར་དམར་མདངས་ལྡན་གྱིས་མཚན་པ། བཟླས་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བསམ་གྱིས་མི་ཁྱབ་པ་ཕྱོགས་ཐམས་ཅད་དུ་བུན་བུན་འཕྲོས། རང་གི་བླ་སྲོག་ཚེ་བཅུད་ཆད་ཉམས་ཡར་བ་དང་། སྣང་སྲིད་འཁོར་འདས་ལྷ་སྔགས་སུ་གསལ་བའི་ཚེ་བཅུད་དྭངས་མ་ཐམས་ཅད་ཡིག་འབྲུ་འོད་ཟེར་བདུད་རྩིའི་རྣམ་པར་བསྡུས་ཏེ་ལུས་ཀྱི་ནང་ཐམས་ཅད་མེར་གྱིས་ཁེངས་པས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བསལ། ཚེ་བསོད་ཡེ་ཤེས་ཐམས་ཅད་རྒྱས། དྭངས་མ་སྙིང་གའི་ཚེ་རྟེན་ལ་འུབ་ཀྱིས་འདྲིལ་བས་རྡོ་རྗེའི་སྲོག་ཐོབ་པར་བསམ་ཞིང་། ལས་མཐུན་གྱི་ཕྲེང་བ་བྱིན་གྱིས་བརླབས་པ་བཟུང་སྟེང་ཟླས་པ་ལ་རྩེ་གཅིག་ཏུ་འབད། བཟླས་པའི་སྐྱོན་སྤང་། ངག་ཁོར་ཡུག་ཏུ་བཅད། མེ་དང་ཉི་མ་ལ་མི་འདུག །སྟན་གྱི་དྲོད་མ་ཡལ་བར་བྱ། བཅུད་ལེན་དང་འབྲེལ་ན་མཆོག་ཡིན། ཐུན་དང་ཐུན་མཚམས་ཐམས་ཅད་དུ་ལྷ་དང་རང་སེམས་དབྱེར་མེད་འཆི་མེད་གཉུག་མ་ཟང་ཐལ་དུ་བསྐྱང་། ཐུན་ཞབས་སུ་ཚེ་འགུགས་བསྐུལ་བའི་རྗེས་ཚེ་བཅུད་དྭངས་མ་རླུང་གི་སྲོག་རྟེན་ལ་ཐིམ་པས་ཚེའི་སྲོག་ཕུར་ [8a] ཐེབས། ཉི་ཟླ་ཁ་སྦྱོར་ཤིན་ཏུ་མཁྲེགས་པ་སྲུབ་མེད་པའི་ཕྱི་རོལ་སྣ་ཚོགས་རྡོ་རྗེའི་རྭ་སྟེང་དུ་མདུད་པ་རྡོ་རྗེ་ཕྱེད་པའི་གཟེར་གྱིས་བཏབ་པས་ཅིས་ཀྱང་མི་ཤིགས་པར་བསམས་ལ་རང་རིག་པའི་ངང་དུ་རྒྱས་གདབ། བསྙེན་པའི་ཚད་ནི་རྒྱུད་ལས། འབུམ་ཚོ་རེ་བཟླས་ལོ་རེའི་བར་ཆད་སེལ༔ འབུམ་ཕྲག་བཞི་ཡིས་ཚེ་ཡི་དངོས་གྲུབ་ཐོབ༔ འབུམ་ཕྲག་བཅུ་བཟླས་འཆི་མེད་རིག་འཛིན་གྱུར༔ ཞེས་གསུངས། དེ་ལྟར་བརྩོན་པས་རབ་དངོས་དང་། འབྲིང་ཉམས། ཐ་མ་རྨི་ལམ་དུ་རིགས་འདུས་ཚེ་ལྷའི་ཞལ་མཐོང་བ། ཛཔྲ་སྒྲ་ཐོས་པ། ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ། གཞན་ཡང་རྨི་ལམ་དུ་ཉི་ཟླ་ཤར་བ། ཆུ་བོ་རྒྱས་པ། རྩི་ཤིང་ལོ་ཏོག་ཆེས་ཆེར་འཕེལ་བ། ཟམ་པ་འཛུག་པ། དཀར་མངར་ཤིང་ཏོག་བདུད་རྩི་སོགས་ཁ་ཟས་བཟང་པོ་བཟའ་བཏུང་བྱེད་པ། མདའ་དང་སཱཙྪ་དཀར་པོ་རྙེད་པ་སོགས་རྨི་ན་བཟང་། དངོས་སུ་ཡང་ལུས་ཁམས་ཉམས་པ་སོར་ཆུད་པ་དང་། དབང་པོ་དྭངས་པ། སྤོས་དང་མར་མེ་སོགས་ཡུན་དུ་ཐུབ་པ། དྲི་བཟང་པོ་འཐུལ་བ། ཁ་ཟས་གང་ཟོས་ཀྱང་རོ་བཅུད་སྔར་ལས་ཆེ་ཞིང་ལུས་སེམས་ལ་ཕན་པ་སོགས་དགེ་བའི་རྟགས་མང་དུ་འབྱུང་། དེ་ལྟ་བུའི་རྟགས་མཐོང་ནས་ཚེའི་སྒྲུབ་རྫས་ལས་དབང་དང་དངོས་གྲུབ་བླང་། ཚོགས་དང་དགའ་སྟོན་རྒྱ་ཆེར་སྤེལ། རྒྱུན་དུ་ལྷ་སྔགས་ནར་མར་ཉམས་སུ་བླང་བར་བྱ་སྟེ། ཕན་ཡོན་ནི། འདི་བསྒྲུབ་ཡོན་ཏན་བརྗོད་མི་ལངས༔ གནས་སྐབས་ཚེ་ཡི་བར་ཆད་ཞི༔ ལུས་ཁམས་ལང་ཚོ་དབང་པོ་དྭངས༔ བསྙེན་པ་ཐེམས་པའི་རྣལ་འབྱོར་པས༔ གཞན་ལ་ཚེ་ཡི་དབང་བསྐུར་ན༔ ཚེ་ཟད་ཡིན་ཀྱང་ལོ་རེ་ [8b] བསྲིང་༔ དུས་ཀྱི་འཆི་བའང་བཟློག་ནུས་ན༔ དུས་མིན་བར་ཆད་སྨོས་ཅི་དགོས༔ གཞན་ཡང་ཕྱོགས་ངན་བདུད་གཅོད་དང་༔ མོ་རྨི་པྲ་རྟགས་ངན་པ་ཞི༔ བྱད་ཕུར་རྦོད་གཏོང་ཉེ་མི་ནུས༔ ཚེ་དང་བསོད་ནམས་ཡེ་ཤེས་འཕེལ༔ དཔལ་དང་འབྱོར་པ་སྙན་གྲགས་ཐོབ༔ མཐར་ཐུག་ཚེ་ཡི་བདག་པོ་དང་༔ སྐལ་མཉམ་འཆི་མེད་རིག་འཛིན་འགྲུབ༔ ཅེས་གསུངས་སོ། །གཉིས་པ་གཞན་དོན་དབང་བསྐུར་བའི་རིམ་པ་ནི། སྦྱོར་བ་ཡོ་བྱད་བཤམ་བཀོད་དང་སྒྲུབ་མཆོད་གོང་བཞིན་གྲུབ་ནས། ལས་བུམ་དུ་རྟ་མགྲིན་དམར་ནག་ཁྲོ་ཆས་ཅན་ཐོད་དབྱུག་མེ་ཞགས་འཛིན་པ་བསྐྱེད་ལ་རྟ་སྔགས་བརྒྱ་རྩ་བཟླས་པས་བྱིན་བརླབ། དངོས་གཞི་སློབ་མ་རྣམས་བོས་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། བགེགས་གཏོར་རྟ་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ས་བརླབ། ཨོཾ་སརྦ་བྷུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བསྔོས་ལ། བདེན་སྟོབས་བརྗོད་པ་སྤྱི་ལྟར་ལས། ཁྱད་པར་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། ཞེས་བསྒྱུར་མཐར། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་སློབ་མ་འདི་རྣམས་ལ་ཚེའི་དབང་བསྐུར་ཟབ་མོ་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ [9a] ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་མྦྷའི་དྲག་སྔགས་སྤོས་རོལ་དང་བཅས་པས་བགེགས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ་ཞེས་བརྗོད་པས། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། ཅེས་མཚམས་གཅད། མེ་ཏོག་བཀྲམ་བསྡུ་བྱས་ལ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་འཆི་མེད་ཚེའི་རིག་འཛིན་བསྒྲུབ་པར་བྱ་བའི་ཕྱིར་ཚེ་དབང་ཟབ་མོ་གསན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་དང་ལྡན་པས་ལེགས་པར་གསན་འཚལ། དེ་ཡང་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས། འཁོར་བར་སྲོག་ལས་གཅེས་པ་ནི། །འགའ་ཡང་ཡོད་པར་མ་མཐོང་བས། དེས་ན་མྱུར་དུ་ཐབས་མང་པོས། འཆི་བ་བསླུ་བ་ཡང་དག་བརྩམ། ཞེས་གསུངས་པ་ལྟར། འོ་སྐོལ་འགྲོ་བ་ཐམས་ཅད་སྐྱེས་པའི་ཐ་མ་འཆི་བ་ལས་མ་འདས་ཤིང་། གླིང་གཞན་གྱི་མི་དང་འདོད་གཟུགས་ཀྱི་ལྷ་ [9b] སོགས་ལ་ནི་ཚེ་ཚད་ངེས་པ་ཅན་དུ་ཡོད་ཀྱང་རང་ཅག་འཛམ་བུ་གླིང་པའི་མི་རྣམས་ཚེ་ཚད་ལ་ངེས་པ་མེད་པ་དང་། སོ་སོ་ལ་ཚེའི་དབང་སྐལ་ཇི་ཙམ་ཡོད་པ་དེ་ཉིད་ཀྱང་གློ་བུར་གྱི་རྐྱེན་གྱིས་བསྐྱེད་པས་ཚེ་མཐར་མ་ཕྱིན་པར་དུས་མ་ཡིན་དུ་འཆི་བར་འགྱུར་བའི་ཕྱིར་ཚེ་བསྲིང་བའི་ཐབས་ལ་འབད་པ་ནི་འཇིག་རྟེན་འདི་ན་དོན་དུ་གཉེར་བྱའི་གཙོ་བོར་གྲུབ་པ་ལགས། དེའི་ཐབས་ཀྱི་བྱེ་བྲག་ལའང་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་མོད་ཀྱང་། མདོར་བསྡུ་ན་རྒྱུ་རྐྱེན་གཉིས་སུ་འདུ་སྟེ། རྒྱུ་ནི་གཞན་གྱི་སྲོག་བཅད་པའི་འབྲས་བུས་རང་ཉིད་ཚེ་ཐུང་བར་འགྱུར་བ་བསླུ་མེད་ཀྱི་རྒྱུ་འབྲས་སུ་གྲུབ་པའི་ཕྱིར། དེའི་གཉེན་པོར་སྲོག་གཅོད་པ་སྤོང་ཞིང་ཚེ་ཐར་སྲོག་བསླུ་སོགས་དགེ་བའི་ལས་ལ་བརྩོན་དགོས་པ་དང་། རྐྱེན་གྱི་སྒོ་ནས་ཚེ་བསྲིང་བའི་ཐབས་ནི་ལྷ་དང་བླ་མའི་བྱིན་རླབས་ལ་བརྟེན་པ་ཁོ་ན་ཆེས་ཟབ་ཅིང་ཁྱད་པར་དུ་གྱུར་པ་ཡིན་ལ། དེའི་ཚུལ་ལ་མདོ་སྔགས་བཀའ་གཏེར་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས། འདིར་ནི་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེ་བདེ་བ་ཆེན་པོ་འཆི་མེད་པདྨ་སམྦྷ་ཝའི་མན་ངག །འབྲོག་བན་རྣམ་རོལ་ས་བཅུའི་དབང་ཕྱུག་ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་རྒྱ་མཚོའི་ཆ་ཤས་ལས་འཕྲོས་པ་ཟབ་དོན་གསང་བ་སྙིང་ཐིག་གི་ [10a] བཅུད་ཕུར་བླ་མ་རིག་འཛིན་ཚེ་དཔག་ཏུ་མེད་པའི་ཆོས་སྡེ་བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ། དངོས་གྲུབ་ཀྱི་ཆར་རྒྱུན་མ་ཆད། ཕྲིན་ལས་ཀྱི་ཚན་ཁ་མ་བྲི་པ་འདི་ཉིད་ཀྱི་སྒོ་ནས་ཚེ་དབང་ཟབ་མོ་འབུལ་བར་བགྱི་བ་ལ། བདག་ཉིད་སློབ་དཔོན་གྱིས་བྱ་བར་འོས་པ་རྣམས་སྔོན་དུ་སོང་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་བླ་མ་དང་འཆི་མེད་མགོན་པོ་དབྱེར་མེད་པའི་དྲུང་དུ་ཚེ་དབང་ཟབ་མོ་གསན་པའི་ཡོན་དུ་མཎྜལ་ཞིག་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག ། ཕྱག་སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་ཚེའི་དབང་བསྐུར་སྩོལ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཚེ་ཡི་བདག་པོ་དགོངས༔ རིགས་འདུས་གསང་བའི་དཀྱིལ་འཁོར་དུ༔ འཆི་མེད་དབང་བསྐུར་སྩལ་དུ་གསོལ༔ ལན་གསུམ། དེ་ནས་རྒྱུད་སྦྱོང་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པ་གཉིས་སུ་མེད་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། མཁའ་ཁྱབ་ཀྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་པར་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ནས་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ་བའི་ [10b] ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ན་མོ༔ འཆི་མེད་ཚེ་བདག༴ སོགས་ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་སྒྲུབ་པ་ཡེ་ཤེས་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་ཁྱེད་རང་རྣམས་ལ་ཕོབ། །རྣམ་སྨིན་གདོས་བཅས་སྒྱུ་ལུས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སའི་ཕྱོགས་འདི་དག་འོག་མིན་མངོན་པར་དགའ་བའི་ཞིང་ཁམས་ཆེན་པོ་གཞི་དང་རྒྱན་དང་དབྱིབས་དང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་དབུས་སུ་སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་འོད་འབར་བ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་རྣམས་ཀྱི་ཚེ་ཐུང་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་སྦྱངས། རྡོ་རྗེ་ཚེ་དཔག་མེད་པའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དཀར་གསལ་ནོར་བུ་ཆུ་ཤེལ་གྱི་ལྷུན་པོ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པའི་ངང་ཚུལ་ཅན། ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ [11a] བདུད་རྩིས་གང་བའི་བུམ་པ་འཛིན་པ། མཐོན་མཐིང་རལ་པའི་ཅོད་པན་ཅན། རིན་པོ་ཆེའི་དབུ་རྒྱན་སྙན་ཆ་གདུ་བུ་སོགས་རྒྱན་ཐམས་ཅད་ཀྱིས་སྤྲས་པ། ལྷའི་དར་སྣ་ཚོགས་ཀྱི་ཅོད་པན་ལྷབ་ལྷུབ་ཏུ་འཕྱང་བ། ཤིན་ཏུ་བཟང་པོའི་ངང་ཚུལ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་ན་བཟའ་དཀར་མོ་དམར་གསལ་གཡས་མདའ་དར་གཡོབ་ཅིང་གཡོན་ཚེ་བུམ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ཀྱི་སྐེད་ལ་འཁྲིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པས། གཉིས་ཀའང་ཉི་མ་འབུམ་གྱི་གཟི་བརྗིད་ལྟར་འོད་དང་འོད་ཟེར་མུ་མེད་པར་འཕྲོ་བའི་སྐུ་ཅན་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་བོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་དང་། ཐུགས་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གྭའུའི་སྦུབས་སུ་སྲོག་གི་སྙིང་པོ་ཧྲཱིཿདཀར་པོའི་ཁོག་པར་ཚེ་རྟེན་ནྲྀ་ལྗང་གུས་མཚན་པ་ཅན་གནས་པ་ལས་འོད་ཟེར་ཁ་དོག་ལྔ་ལྡན་དཔག་ཏུ་མེད་པ་འཕྲོ་བར་སྒོམས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་མཁའ་ཁྱབ་ཏུ་འཕྲོས་པས་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་འོག་མིན་མངོན་པར་དགའ་བའི་ཞིང་ན་རྡོ་རྗེ་ཚེ་དཔག་ཏུ་མེད་པ་འཁོར་དང་བཅས་པའི་ [11b] ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་ཚེ་དཔག་མེད་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འཇའ་འོད་བདུད་རྩི་ཟེར་ཐིག་གི་རྣམ་པར་ཆར་ཆེན་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །ཌཱ་དྲིལ་འཁྲོལ་བཞིན་དུ། ཨོཾ་ཧཱུྃ་ཨ་ལ་ལ་ཧོཿ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ ཞེས་སོགས་སྤོས་རོལ་དང་བཅས་པས་བྱིན་དབབ། ཕེབས་པ་ན། དེ་ལྟར་བྱིན་ཕབས་པའི་ཡེ་ཤེས་པ་རྣམས་ཁྱེད་རང་ལ་རོ་གཅིག་ཏུ་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག ། དེ་ནས་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ། བདག་མདུན་དཀྱིལ་འཁོར་པ་རྣམས་དང་ཁྱེད་རང་རྣམས་རྡོ་རྗེ་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་བསམ་གྱིས་མི་ཁྱབ་པ་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས། རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་ནུས་སྟོབས། འཆི་མེད་ཚེ་ལ་དབང་བའི་རིག་འཛིན་རྣམས་ཀྱི་སྐུ་ཚེའི་དངོས་གྲུབ། ལྷ་ཀླུ་མིའི་དབང་པོ་རྣམས་ཀྱི་ཚེ་བསོད་དཔལ་འབྱོར། འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ། རང་རང་གི་བླ་ཚེ་ཆད་ཉམས་ཡར་བ། འབྱུང་པོ་སྡེ་བརྒྱད་མཐུ་བོ་ཆེས་བརྐུས་འཕྲོག་གཞོམ་པ་ཐམས་ཅད་འོད་ཟེར་ཐིག་ལེ་ཨ་ནྲྀ་ཧཱུྃ་གསུམ་གྱི་རྣམ་པར་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་ [12a] འུབ་ཀྱིས་བསྡུས་ནས་ཁྱེད་རང་རྣམས་ཀྱི་སྙིང་གའི་སྲོག་རྟེན་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པར་མོས་ཤིག །ཚེ་མདའ་གཡབ་ཅིང་། ཧྲཱིཿ པདྨ་རྣམ་པར་རྒྱས་པའི་སོགས་ཚེ་འགུགས་གྱེར། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུས་ནས་དངོས་གཞི་ཚེའི་དབང་བསྐུར་བའི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་འཆི་མེད་བདུད་རྩིས་གང་བའི་བུམ་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པའི་ཚེ། དེ་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་ཁོལ་ཞིང་ལུད་དེ་བར་མ་ཆད་དུ་ཆིལ་ཆིལ་བབས་པ་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ལ། ཧྲཱིཿ བུམ་པའི་ངོ་བོ་ལྷ་ཡི་གཞལ་ཡས་ཁང་༔ འཆི་མེད་རྡོ་རྗེ་ཚེ་ཡི་ལྷ་ཚོགས་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ འབྱུང་བ་ལྔ་ཡི་བཅུད་རྣམས་རང་མདངས་གསལ༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་ནས༔ སླར་ཡང་ཟླ་བ་ཡར་ངོ་ཇི་བཞིན་ [12b] དུ༔ སྟོབས་རྩལ་ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུའང་བླུད། དེ་ལྟར་དབང་བསྐུར་བས་འཆི་བ་མེད་པ་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་ནས་རྡོ་རྗེ་ཚེའི་དབང་ཐོབ་པ་ལ་ནམ་མཁར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཤིས་བརྗོད་ཀྱི་མེ་ཏོག་ཆར་བཞིན་ཕབ་པས་བརྟན་པར་བྱས་པའི་མོས་པ་མཛོད། གཟི་བརྗིད་ཉི་མ་འབུམ་གྱི་འོད་ཟེར་གྱིས༔ ཚེ་ཡི་དངོས་གྲུབ་རང་བཞིན་གནས་ནས་འགུགས༔ དགོས་འདོད་རེ་སྐོང་ཡིད་བཞིན་མཆོག་གི་ངང་༔ འཆི་མེད་རྡོ་རྗེའི་སྐུ་ཡི་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་བརྗོད། དེ་ནའ་ཚེའི་འབྲང་རྒྱས་འདི་ཉིད་རྡོ་རྗེ་ཚེ་དཔག་ཏུ་མེད་པའི་ངོ་བོར་བཞུགས་པ་ལ་མོས་གུས་དྲག་པོས་གསོལ་བ་བཏབ་པས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སྐུའི་ཆ་དང་ཕྱག་གི་བུམ་པ་ལས་འཆི་བ་མེད་པ་བདུད་རྩིའི་ཆུ་རྒྱུན་ཆར་ལྟར་བབས་པས་ལུས་ཀྱི་ནང་ཐམས་ཅད་མེར་ཁྲིག་གིས་གང་བས། རྒུད་པ་མེད་པའི་ལང་ཚོ། འགྱུར་བ་མེད་པའི་ཚེ། འཆི་བ་མེད་པའི་སྲོག་རྟག་བརྟན་གཞོམ་གཞིག་དང་བྲལ་བ་ཐོབ་པའི་མོས་པ་མཛོད། ཚེ་འབྲང་གིས་དབང་བསྐུར་ཞིང་། ཧྲཱིཿ ཕྱི་ལྟར་དམ་རྫས་བདུད་རྩི་སྨན་ལས་གྲུབ༔ ནང་ལྟར་རྡོ་རྗེ་ཚེ་ཡི་ལྷ་ཚོགས་བཞུགས༔ ཀུན་བཟང་ཡབ་ཡུམ་པདྨ་ཐོད་ཕྲེང་རྩལ༔ རྣམ་ [13a] འཕྲུལ་གསལ་དག་རིགས་ལྔ་རིགས་གསུམ་མགོན༔ འཇིག་རྟེན་ལོངས་སྤྱོད་མངའ་ཐང་བསོད་ནམས་ཅན༔ ཟག་བཅས་ཟག་མེད་མཐུ་སྟོབས་ནུས་པ་ཀུན༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་མཆོག་ལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་། གུ་རུ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་ལ། སླར་ཡང་ནམ་མཁར་སོགས་སྔར་བཞིན་མཚམས་སྦྱར་ཏེ། རབ་མཛེས་པདྨ་ཉི་ཟླའི་ཁྲི་སྟེང་དུ། །ས་བོན་ཧྲཱིཿལས་མཚན་དཔེའི་སྐུར་སྣང་བ། །ཏིང་འཛིན་ཕྱག་རྒྱས་བདུད་རྩི་བུམ་པ་འཛིན། །འགྲོ་བའི་འཆི་བདག་འཇོམས་པའི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད། དེ་ནས་ཕྱག་གཡས་སུ་ཐབས་ཀྱི་རྫས་ཚེའི་རིལ་བུ་བྱིན་པས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེའི་དབང་ཐོབ་པའི་མོས་པ་མཛོད། ལག་གཡས་སུ་ཚེ་རིལ་གཏད་ཅིང་ཟར་བཅུག་ལ། ཧྲཱིཿ སྔོན་བྱོན་གྲངས་མེད་རྒྱལ་བ་ཐམས་ཅད་ཀྱིས༔ ཚེ་སྒྲུབ་རིལ་བུ་འདི་ལ་བརྟེན་ནས་མཛད༔ རྒྱལ་བའི་བྱིན་རླབས་རིལ་བུ་འདུ་འབྲལ་མེད༔ དེང་འདིར་རིགས་ཀྱི་བུ་ལ་ཟས་སུ་སྦྱིན༔ དམ་རྫས་མ་སྤང་བཅུད་ལེན་སྙིང་པོར་སྤྱོད༔ ཟ་ཐང་ལོངས་སྤྱོད་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་། གུ་རུ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ རྣམ་པར་མི་རྟོག་ལེགས་བཤད་སེང་གེའི་སྒྲ། །གཞོམ་མེད་ཡན་ལག་དྲུག་ཅུའི་ [13b] གསུང་དབྱངས་ཀྱིས། །འགྲོ་ཀུན་མ་རིག་གཉིད་ལས་སློང་མཛད་པ། །འཆི་མེད་རྡོ་རྗེའི་གསུང་གི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད། ཕྱག་གཡོན་དུ་ཤེས་རབ་ཀྱི་རྫས་བདུད་རྩིའི་བཏུང་བ་བྱིན་པས་ཤེས་རབ་སྟོང་པ་ཉིད་ཅིས་ཀྱང་མི་ཤིགས་པ་རྡོ་རྗེ་ཚེའི་དབང་ཐོབ་པའི་མོས་པ་མཛོད། ལག་གཡོན་དུ་ཚེ་ཆང་བྱིན་ནས་འཐུང་དུ་བཅུག་ལ། ཧྲཱིཿ སྔོན་བྱོན་དྲང་སྲོང་རིག་པ་འཛིན་རྣམས་ཀྱིས༔ ཚེ་སྒྲུབ་བདུད་རྩི་འདི་ལ་བརྟེན་ནས་མཛད༔ རྒྱལ་བའི་བྱིན་རླབས་བདུད་རྩི་འདུ་འབྲལ་མེད༔ དེང་འདིར་སྐལ་ལྡན་བུ་ལ་སྐོམ་དུ་སྦྱིན༔ ཕྱི་ནང་བྱང་སེམས་ཁམས་རྣམས་འཕེལ་ཞིང་རྒྱས༔ བདེ་དྲོད་རབ་འབར་ཚེ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་། གུ་རུ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱོད་ཐུགས་མཁའ་ལྟར་སྤྲོས་པ་ཀུན་ཞི་ཞིང་། །ཟབ་གསལ་གཉིས་མེད་མཁྱེན་བརྩེའི་གཟི་འོད་ཀྱིས། །འགྲོ་བའི་དགེ་ལེགས་པདྨོ་རྒྱས་མཛོད་པ། །འཆི་མེད་རྡོ་རྗེའི་ཐུགས་ཀྱི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད། དེ་ལྟར་ཚེའི་དབང་བསྐུར་བས་ཚེ་ཉམས་པ་བརྐུས་པ་ཡར་བ་གས་པ་འཁྱོགས་པ་ཞིག་པ་རལ་བ་འཐོར་བ་ཆག་པ་རྣམས་དང་། སྔོན་གྱི་ལས་དང་འཕྲལ་ཀྱི་རྐྱེན་ལས་བྱུང་བའི་ཚེ་ཐུང་བའི་མཚན་མ་ཡོད་པ་ཐམས་ཅད་རབ་ཏུ་ཞི་ནས། ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་ [14a] གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་བྱས་ཏེ་ཚེའི་བཅུད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང་། དྭངས་མ་རྣམས་སྙིང་གའི་ཉི་ཟླའི་གྭའུའི་སྦུབས་སུ་མི་ཤིགས་པའི་ཐེག་ལེ་ས་བོན་དང་བཅས་པ་ལ་ཐིམ་པས་འཆི་མེད་ཚེའི་སྲོག་ཕུར་ཐེབས། ཉི་ཟླའི་གྭའུ་ཁ་འགྲིགས། འོག་གི་སྣ་ཚོགས་རྡོ་རྗེའི་རྭ་རྣམས་སྟེང་དུ་མདུད་པ་རྡོ་རྗེ་ཕྱེད་པའི་གཟེར་གྱིས་བཏབ་པས་ཅིས་ཀྱང་མི་ཤིགས་པར་གྱུར་པ་ལ། སླར་ཡང་ཚེ་མདའ་རིན་ཆེན་འབར་བ་སྤྱི་བོར་རྒྱ་གྲམ་དུ་བཀོད་པས་ལུས་ལ་རྡོ་རྗེའི་གོ་ཆ་ཞུ་ལུགས་སུ་བགོས་ཏེ། ཕྱིན་ཆད་བགེགས་དང་བར་དུ་གཅོད་པ་གང་གིས་ཀྱང་གླགས་མི་རྙེད་པར་ཚེ་སྲོག་རྡོ་རྗེའི་བྲག་ལྟར་བརྟན་པར་བྱས་པ་དང་ལྷན་ཅིག་འོད་གསལ་གཉུག་མ་ཁྱབ་བརྡལ་གྱི་ངང་དུ་མཉམ་པར་བཞག་པས་ཡེ་ནས་སྐྱེ་ཤི་འཕོ་འགྱུར་དང་བྲལ་བ་འཆི་མེད་རྟག་པ་དམ་པའི་གོ་འཕང་མངོན་འགྱུར་པའི་མོས་པ་མཛོད། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་རྒྱས་གདབ་ཅིང་། ཧྲཱིཿ དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་རིགས་ལྔའི་སངས་རྒྱས་རྒྱ༔ དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ༔ བདུན་པ་སངས་རྒྱས་རབ་བདུན་རྒྱ༔ ཕྱག་རྒྱ་བདུན་གྱི་རྒྱས་གདབ་བོ༔ བཛྲ་རཀྵ་ཏིཥྛ༔ ཞེས་ [14b] རྒྱས་བཏབ་ལ། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་དང་གཞན་ཡང་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ། ། དེ་རྣམས་ཀྱི་སྒོ་ནས་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ཡིན་ཏེ། ཕན་ཡོན་ཀྱང་ཇི་སྐད་དུ། འདི་བསྒྲུབ་ཡོན་ཏན་བརྗོད་མི་ལང་༔ གནས་སྐབས་ཚེ་ཡི་བར་ཆད་ཞི༔ ལུས་ཁམས་ལང་ཚོ་དབང་པོ་དྭངས༔ བསྙེན་པ་ཐེམས་པའི་རྣལ་འབྱོར་པས༔ གཞན་ལ་ཚེ་ཡི་དབང་བསྐུར་ན༔ ཚེ་ཟད་ཡིན་ཀྱང་ལོ་རེ་བ་སྲིང་༔ དུས་ཀྱི་འཆི་བའང་བཟློག་ནུས་ན༔ དུས་མིན་བར་ཆད་སྨོས་ཅི་དགོས༔ གཞན་ཡང་ཕྱོགས་ངན་བདུད་གཅོད་དང་༔ མོ་རྨི་པྲ་རྟགས་ངན་པ་ཞི༔ བྱད་ཕུར་རྦོད་གཏོང་ཉེ་མི་ནུས༔ ཚེ་དང་བསོད་ནམས་ཡེ་ཤེས་འཕེལ༔ དཔལ་དང་འབྱོར་པ་སྙན་གྲགས་ཐོབ༔ མཐར་ཐུག་ཚེ་ཡི་བདག་པོ་དང་༔ སྐལ་མཉམ་ཚེ་ཡི་རིག་འཛིན་འགྲུབ༔ ཅེས་རྡོ་རྗེའི་གསུང་གིས་བསྔགས་པར་མཛད་པའི་བདེན་དོན་ནམ་ཡང་བསླུ་བ་མེད་པས་ན་དད་མོས་ངེས་ཤེས་ཀྱི་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་དེ་འདི་ཉིད་ལྷག་པའི་ལྷར་འཛིན་པ་དང་༔ དེ་ལྟར་དབང་ཐོབ་ནས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་འགྲོ་བ་གཞན་གྱི་ཚེ་ [15a] སྲོག་ལ་གནོད་པར་འགྱུར་བའི་བསམ་སྦྱོར་མཐའ་དག་སྤངས་ཏེ་ཚེ་སྤེལ་བའི་ཐབས་ལ་བརྩོན་པར་བྱ་བ་སོགས་དམ་ཚིག་རྣམས་བསྲུང་བསྡོམ་ཚུལ་བཞིན་དུ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར༴ སོགས་དང་། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་དང་། དེ་ལྟར་དབང་ཐོབ་པའི་དགེ་ཚོགས་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས༴ སོགས་ཀྱིས་དགེ་བ་བསྔོས་ལ། རྗེས་ཀྱི་མཇུག་ཆོག་རྣམས་གོང་བཞིན་བྱའོ། །གསུམ་པ་གཉིས་ཀའི་དོན་དུ་ལས་ལ་སྦྱོར་བ་ལ་གསུམ། འཆི་བ་བསླུ་བའི་སྒོ་ནས་ཚེ་བསྲིང་པ། རྒྱས་པའི་སྲེག་བླུགས་ཀྱི་སྒོ་ནས་ཚེ་སྤེལ་བ། ཟབ་མོའི་བཅུད་ལེན་གྱི་སྒོ་ནས་ཚེ་སྲོག་བསྐྱེད་པའོ། །དང་པོ་ནི། གུང་དུ་ཚེ་རྟེན་གྱི་དཀྱིལ་འཁོར་ལེགས་པར་བཤམས་པའི་མདུན་དུ། འབྱུང་ལྔའི་རྟེན་འབྲེལ་མཚོན་པའི་ས་སྦྱིན་བཟང་པོ་དང་འབྲུ་སྣའི་ངར་ཕྱེ་ལ། ཚ་སྣ་གསུམ། ཚ་བ་གསུམ། དར་ལྗང་གུ། ཤེལ་རང་བྱུང་། གཞན་ཡང་འབྲུ་སྨན་དཀར་མངར་བཅས་བསྐྱེས་པ་ལས་བསྒྲུབ་བྱའི་འདྲ་ [15b] གླུད་སྐྱེ་མཆེད་དོད་ཅིང་ལུང་ཏང་གི་མིག་སོགས་རྫས་དང་ལྡན་པ་མཛེས་བརྗིད་ཅན་ལ་ནམ་མཁའ་དང་རྒྱང་བུ་བཙུག །མདའ་བཀྲ། འཕང་བཀྲ། ཤིང་རིས། གཏོར་མ། ཏིང་ལོ། ཆངས་བུ། ཤ་ཆང་འབྲུ་སྣ་དར་ཟབ་བྱ་གཅན་རི་དྭགས་གཡུང་དྭགས་ཀྱི་གཟུགས་སོགས་དཀོར་ཆ་སྣ་ཚོགས་པས་བསྐོར། སོ་སོའི་ལུས་ཀྱི་དྲི་མ་དང་བསྲེས་པའི་གླུད་ཕྲན་ཆངས་བུ་ཡང་མང་དུ་འདུ་བྱས་ལ། ཚེ་སྒྲུབ་ཀྱི་གཞུང་བསྲངས་ཏེ་བཟླས་པ་ཅི་མང་མཐར་ཚེ་འགུགས་བསྐུལ། དེ་ནས་ཡས་ལ་བསང་ཆུ་འཐོར་ཞིང་། རཾ་ཡཾ་ཁཾ་གིས་མ་དག་བའི་དངོས་པོ་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་བསམ། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། བྱེ་བྲག་སྔགས་དྲུག་ཕྱག་རྒྱ་དྲུག་གི་བྱིན་གྱིས་བརླབ་པ་ལ། ཆོས་ཉིད་རྣམ་དག་ནི། ཐལ་མོ་ཁོང་སྟོང་སྙིང་གར་སྦྱར་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོཉ་ཧཾ། རྫས་རྣམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། ནམ་མཁའ་མཛོད་ནི། ཐལ་མོ་ཁོང་སྟོང་དུ་སོར་རྩེ་སྤྲད་པའི་ཚིག་རྣམས་བཅག་པ་སྨིན་མཚམས་སུ་བཞག་ལ། ན་མ༔ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁུཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ། བདུད་རྩི་ཐབས་སྦྱོར་ནི། ཐལ་མོ་ཁ་སྦྱར་བ་ཕྱིར་བསྐྱེད། མཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་བཞག་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ། རྒྱ་ཆེན་ཤུགས་ལྡན་ནི། གཡས་རྡོ་རྗེ་ཁུ་ [16a] ཚུར་བཅངས་པའི་མཛུབ་མོ་སྒྲེང་། གཡོན་པས་གནོན་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་བསམ། ཡེ་ཤེས་སྐར་མདའ་ནི། གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅང་ཞིང་། གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་བྱས་ལ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ཐམས་ཅད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་ལོངས་སྤྱོད་པར་བསམ། དབང་སྒྱུར་འཁོར་ལོ་ནི། ལག་གཉིས་ཀྱི་སོར་མོ་ནང་དུ་བསྣོལ་ནས་མཁྲིག་མ་སྦྱར། མཐེ་བོང་གཉིས་གཤིབ་སྟེ་སྒྲེང་བ་སྤྱི་བོར་བཞག་ནས། ན་མཿས་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མཧཱ་ས་མ་ཡ་སྭཱཧཱ། མགྲོན་རྣམས་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ། དེ་ལྟར་སྔགས་རྣམས་ལན་གསུམ་མམ་བདུན་རེ་བརྗོད་པའི་ཕྱག་རྒྱ་བཀྲོལ་བ་ན་སེ་གོལ་བྱའོ། ། ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་གདག་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། མགྲོན་དགུག་པ་ནི། ཧཱུྃཿ དཀོན་མཆོག་གསུམ་གྱི་ལྷ་ཚོགས་དང་༔ སྔགས་ [16b] དང་ཕྱག་རྒྱ་ཏིང་ངེ་འཛིན༔ ཆོས་ཅན་ཆོས་ཉིད་བདེན་པའི་མཐུས༔ བསྒྲུབ་བྱའི་བླ་བརྐུ་སྲོག་ལ་འཇབ༔ ཚེ་དང་མདངས་འཕྲོག་འབྱུང་པོའི་ཚོགས༔ ཞི་བའི་སེམས་ཀྱིས་འདིར་ཁུག་ཅིག༔ བདག་གིས་བསྒོ་བའི་བཀའ་ལ་ཉོན༔ ཕན་པའི་སེམས་ཀྱིས་གནས་པར་གྱིས༔ ཊ་ཀི་ཧཱུྃ་ཛ༔ སརྦ་བིགྷྣཱན་ཨཾ་ཀུ་ཤ་ཡ་ཛཿཛཿ ཞེས་ལན་གསུམ་སོགས་ཀྱིས་མགྲོན་བཀུག་སྟེ་དགའ་ཞིང་གུས་པས་མདུན་དུ་འཁོད་པར་བསམ། གླུད་ཀྱི་སྨྲེང་ནི། ཧཱུྃ༔ སྟོང་གསུམ་ཁམས་ན་གནས་བཅས་ཤིང་༔ སྟེང་འོག་བར་གསུམ་འཁོད་པ་ཡི༔ ལྷ་ཀླུ་ས་བདག་མཐུ་བོ་ཆེ༔ སྤར་སྨེ་ལོ་ཟླ་དུས་ཚོད་དང་༔ འབྱུང་ལྔ་ལ་དབང་དྲེགས་པ་ཅན༔ བདུད་དང་གཤིན་རྗེ་མན་ཆད་ནས༔ ཡི་དྭགས་ཕྲ་མོ་ཡན་ཆད་རྣམས༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་ལ༔ སྔོན་ལས་འཕྲལ་རྐྱེན་གང་ཡང་རུང་༔ བླ་ལ་རྐུ་ཞིང་སྲོག་ལ་རྔམས༔ ཚེ་ལ་བར་དུ་གཅོད་པ་ཀུན༔ རིགས་འདུས་ཚེ་དཔག་མེད་པ་ཡི༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ རིན་ཆེན་འབྲུ་མཆོག་ངར་གྱི་མི༔ ནམ་མཁའི་སེམས་ལ་ཞོ་ཤའི་སྙིང་༔ དུང་གི་རུས་ལ་བསེ་ཡི་ཤ༔ མཚལ་གྱི་ཁྲག་ལ་མེ་ཡི་དྲོད༔ རླུང་གི་དབུགས་ལ་ཆུ་ཡི་ཁམས༔ ཟེར་མོའི་སྐྲ་ལ་མུ་ཏིག་ཀླད༔ ལུང་ཐང་མིག་ལ་མགྲོན་བུའི་སོ༔ ལེ་བརྒན་ལྕེ་ལ་དབང་པོའི་ལག༔ ཟངས་ལྕགས་རྐང་ལ་དར་ཟབ་ [17a] གོས༔ རིན་ཆེན་རྒྱན་ཆ་དཀོར་ཆའི་ནོར༔ ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས༔ གཟུགས་མཛེས་གོམ་སྟབས་ལམས་སེ་ལམ༔ སྨྲ་མཁས་ངག་སྙན་ཀྱུ་རུ་རུ༔ སེམས་ནི་རྟོག་དཔྱོད་ཧྲིགས་སེ་ཧྲིག༔ བཅས་བཅས་དེ་ནི་བརྡར་བརྡར་ནས༔ སྐྱེས་པ་དམག་ལ་ཆས་པ་འདྲ༔ བརྒྱན་བརྒྱན་དེ་ནི་སྤུངས་སྤུངས་ནས༔ ན་ཆུང་བག་མར་ཆས་པ་འདྲ༔ བཙལ་བཙལ་དེ་ནི་བསགས་བསགས་ནས༔ རྒྱལ་པོའི་བང་མཛོད་ཕྱེས་པ་འདྲ༔ དེ་འདྲའི་གླུད་བཟང་ངོ་མཚར་ཅན༔ མི་བས་གླུད་འདི་མི་དགའ་རྒྱུ༔ དངོས་ལས་ཡོན་ཏན་དུ་མས་འཕགས༔ ནོར་ལས་དཀོར་འདི་མི་རྔམས་རྒྱུ༔ ཅི་འདོད་འབྱུང་ཞིང་ཟད་མི་ཤེས༔ མང་པོར་ཏིང་འཛིན་མཐུ་ཡིས་སྤྲུལ༔ སོ་སོར་ཐོབ་པ་སྔགས་ཀྱིས་སྤེལ༔ ཕྱག་རྒྱས་འཐབ་རྩོད་ཉེ་རིང་མེད༔ ཕུང་ཁམས་སྐྱེ་མཆེད་མཛེས་ཤིང་བརྗིད༔ ནམ་མཁའི་འོད་ལྔའི་པ་ཏྲ་འཁྱིལ༔ ལུས་ངག་ཡིད་གསུམ་རྒྱངས་བུས་མཚོན༔ ཐབས་ཤེས་ཕོ་མོའི་གདོང་པ་དང་༔ མདའ་བཀྲ་འཕང་བཀྲ་ལྡེམས་སེ་ལྡེམ༔ ཤིང་རིས་སྲིད་པའི་མིག་བསྒྱུར་ཆེ༔ དཀོར་ཆ་འདོད་ཡོན་བསམ་མི་ཁྱབ༔ དེ་བས་མདོས་གླུད་བཟང་པོ་འདི༔ དགའ་ཞིང་མགུ་བས་ད་ལོངས་ལ༔ ཞི་ཞིང་མཛའ་བའི་སེམས་ཀྱིས་ནི༔ སྦྱིན་བདག་བླ་སྲོག་ཚེ་གསུམ་ལ༔ བཟུང་ [17b] པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་གློད་ལ་མནན་པ་ཐེག༔ ཚེ་དང་བསོད་ནམས་རྒྱས་པ་དང་༔ བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད༔ ཅེས་གྱེར་ལ། བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །ཞེས་དང་། སམྦྷ་ར་ལན་བདུན་སོགས་ཀྱིས་བསྔོས་ཏེ། ཀྱེ༔ སྲིད་གསུམ་འདི་ན་སུ་ཡང་རུང་༔ བསྒྲུབ་བྱའི་ཚེ་ལ་བར་གཅོད་པའི༔ སྔོན་ལས་འཕྲལ་རྐྱེན་གདོན་བགེགས་རིགས༔ འཆི་བདག་གཤིན་རྗེ་མན་ཆད་ནས༔ ཐེའུ་རང་ཕྲ་མོ་ཡན་ཆད་ཀུན༔ བྱམས་པའི་སེམས་ཀྱིས་གནས་འདིར་འདུས༔ དགའ་བའི་མིག་གིས་གླུད་ལ་ལྟོས༔ སྙིང་རྗེ་མ་གདུང་བུ་ཡི་ཚུལ༔ ཚེ་རབས་འབྲེལ་བའི་བདེན་པ་སོམས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས༔ བྱིན་རླབས་རྟེན་འབྲེལ་ནུས་པའི་རྫས༔ མི་བས་དགའ་བའི་གླུད་བཟང་པོ༔ ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས༔ འདོད་ཡོན་རྒྱ་མཚོའི་གཏེར་ཆེན་འདི༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ ཤ་རིན་ཁྲག་ཚབ་སྲོག་གི་གླུད༔ མཐུན་པའི་རྫས་སུ་ད་ལོངས་ཤིག༔ སྲེད་དང་ཆགས་དང་ཞེན་པ་སྤོངས༔ དྲན་དང་བཟུང་དང་བསམ་དང་རེག༔ ཞི་དང་གློད་ལ་གྲོལ་བར་མཛོད༔ བཀྲ་ [18a] ཤིས་བདེ་ལེགས་མཛད་དུ་གསོལ༔ ཞེས་བརྒྱ་རྩའམ་ལོ་གྲངས་སོགས་ཚང་ཅི་རིགས་བསགས་ཤིང་། སྐབས་སུ་ཚེ་བསྙེན་ལས་སྔགས་ཤམ་བུ་ཅན་མང་དུ་བཟླས་ལ། ན་མོ༔ ཚེ་དཔག་མེད་ཀྱི་བདེན་པ་དང་༔ རིག་སྔགས་ཟབ་མོའི་བྱིན་རླབས་ཀྱིས༔ འབྱུང་པོ་གདུག་པའི་ཚོགས་རྣམས་ཀུན༔ མདོས་དང་གླུད་ཀྱིས་རབ་ཏུ་ཚིམས༔ ཕན་བདེ་བྱང་ཆུབ་སེམས་དང་ལྡན༔ སྦྱིན་བདག་བླ་ཚེ་རང་སོར་ཆུད༔ ཚེ་བསོད་དཔལ་འབྱོར་བདེ་ལེགས་འཕེལ༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟ་བུས་གྲངས་རྫོགས་པ་ན་ལམ་བསྟན་པ་ནི། མདོས་ཡས་ཁ་ཕྱིར་བསྒྱུར། མར་མེ་སྤར་ཞིང་རྫོང་བཏབ་ལ། ཧཱུྃ༔ ད་ནི་གཤེགས་སོ་སོ་སོར་གཤེགས༔ ད་ནི་བཞུད་དོ་རང་གནས་བཞུད༔ ཡས་གླུད་བཟང་པོ་འདི་ཁྱེར་ལ༔ དགའ་ཞིང་བྱམས་པའི་སེམས་བསྐྱེད་ནས༔ ཕྱི་མིག་མ་བལྟ་བདེ་བར་དེངས༔ གལ་ཏེ་བཀའ་ལས་འདས་གྱུར་ན༔ བདག་ཉིད་རྟ་མཆོག་ཧེ་རུ་ཀ༔ སྤྲུལ་པའི་ཁྲོ་བོའི་ཚོགས་བཅས་ཀྱིས༔ ཁྱེད་རྣམས་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ སརྦ་བིགྷྣཱན་གཙྪ༔ ཞེས་དང་དྲག་སྔགས་དང་ཐུན་གྱིས་གཟིར། མདོས་གླུད་ཆུ་བོའི་གཞུང་ངམ་འདྲེ་ལྔ་བདུད་གཅོད་ཀྱི་སར་རྒྱང་རིང་དུ་བསྐྱལ། སྲུང་འཁོར་བསྒོམ། བསྒྲུབ་བྱ་ལ་སྤྲོ་ན་ཚེ་དབང་བསྐུར་བའམ། ཚེ་འགུགས་བསྐུལ་ལ་རྒྱས་གདབ་ཅིང་ [18b] བཀྲ་ཤིས་རྒྱས་པར་བརྗོད་པས་གྲུབ་བོ། ཡང་འདི་དང་འབྲེལ་བར་བླ་བསླུའི་ཆོ་ག་མདོར་བསྡུས་བྱ་བར་འདོད་ན། གུང་དུ་ཚེ་རྟེན་གྱི་དཀྱིལ་འཁོར་བཤམས་པའི་མདུན་སོགས་ཕྱོགས་གང་བདེར། རིན་པོ་ཆེའི་སྣོད་ཆུ་སྣས་བཀང་བར་བླ་ལུག་ཕོ་མོའི་སྐྱེ་མཆེད་དོད་པར་བཟོས་པའི་ཁོག་པར་གྲོ་གའམ་ཤོག་གུར་གསེར་རམ་མཚལ་གྱིས་བསྒྲུབ་བྱའི་མིང་བྱང་བྲིས་པ་དང་། བླ་གཡུ་འོད་འབར་བ། ནས་དཀར་ལོ་གྲངས་བཅས་དར་དམར་གྱིས་དྲིལ་བ་བཅུག་སྟེ་བཞག་པ་དང་། ཉེ་ལེགས་སུ་བསྒྲུབ་བྱའི་འདྲ་གླུད་ཡས་སྟག་རྣམས་སྔར་བཤད་པ་བཞིན་འདུ་བྱས་ལ། ཚེ་སྒྲུབ་ཀྱི་གཞུང་བསྲངས་ཏེ་བཟླས་པ་དང་། ཨོཾ་རྫབ་རྫབ་རྫུབ་རྫུབ་བྷ་དྲ་སློང་སློང་ནྲྀ་ཁུག་ཛ་ཛཿ ཞེས་བཏགས་པ་ཅི་མང་བཟླས་མཐར་ཚེ་འགུགས་བསྐུལ། དེ་ནས་ཡས་གླུད་བྱིན་གྱིས་བརླབ་པ་ནས་བསྔོ་བའི་བར་གོང་བཞིན་བཏང་ལ་ལོ་གྲངས་སོགས་ཚར་ཅི་རིགས་བསགས་རྗེས། རང་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པ་འཕྲོས། གདོན་བགེགས་རྣམས་ལ་ཕོག་པས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱས། འོད་ཟེར་ཚུར་འདུས་པས་བླ་ཚེ་ཉམས་པ་ཐམས་ཅད་འོད་དང་ཐིག་ལེ་ཡི་གེའི་རྣམ་པར་རྟེན་དང་སྒྲུབ་བྱར་ཐིམ་པས་བླ་ཚེ་སོར་ཆུད། བཀྲག་མདངས་རྒྱས་ཤིང་བརྟན་གཡོའི་ཚེ་བཅུད་ཐོབ་པར་བསམ་ལ། མདའ་དར་གཡབ་ཅིང་ཚེ་འགུགས་བསྐུལ་ཏེ་གོང་གི་སྔགས་ཅི་རིགས་བཟླས་མཐར་སླར་ཡང་བདེན་སྟོབས་དམོད་པས་འགུགས་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་ [19a] བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི༴ མ་ཧཱ་གུ་རུ་རྡོ་རྗེ་ཚེ་དཔག་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ༴ བཀའ་སྡོད་ཆོས་སྐྱོང་མ་མོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་། གྲོང་ཁྱེར་ཆེན་པོའི་སྲང་མདོ། ཁྲོམ་ཆེན་པོའི་འདུས། ལྷ་སྲིན་གདུག་རྩུབ་ཅན་གནས་པའི་ས་ནས། ཚེ་དང་ལྡན་པ་མིང་རུས་ལོ་ཁམས་འདི་ཞེས་བྱ་བའི་ བླ་ཚེ་ཉམས་པ་དང་། ཡར་བ་དང་། སྟོར་བ་དང་། བྲོས་པ་དང་། འཁྱམས་པ་དང་། གདོན་ཆེན་གྱིས་འཕྲོག་པ། གདོན་ཆུང་གིས་བརྐུས་པ། བྱད་མ་ལྷ་སྲུང་གིས་ཁྱེར་བ་ཐམས་ཅད་ད་ལྟ་ཉིད་དུ་རང་གནས་སུ་ཁུག་ཅིག །ཅེས་ལན་གསུམ་ལ་སོགས་པས་བཀུག་ཅིང་། བར་སྐབས་སུ། ན་མོ་མཆོག་གསུམ་རྩ་བ་གསུམ་གྱི་བྱིན་རླབས་དང་། །དྲང་སྲོང་རིག་འཛིན་ལྷ་ཡི་བདེན་ཚིག་དང་། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པ་ཡིས། །རྟེན་འབྲེལ་ལེགས་ཉེས་མ་འདྲེས་གསལ་གྱུར་ཅིག །ཅེས་དང་། རྟེན་འབྲེལ་སྙིང་པོ་བཟླ་བཞིན་བླ་ལུག་བསྐོར་བས་ལན་གཅིག་མ་ཡིན་པར་རྟེན་ལ་ཁ་ཕྱོགས་ན་ཁུག་པའི་རྟགས་སོ། །མཐར་གླུད་རྫོང་བཏབ་ལ་ལམ་བསྟན་ཏེ་ཡས་གླུད་ཕྱི་རོལ་དུ་བསྐྱལ། དྲག་སྔགས་ [19b] སོགས་ཀྱིས་བསྐྲད་ཅིང་སྲུང་འཁོར་བསྒོམ། སླར་ཡང་ཚེ་དབང་བསྐུར་བའམ་ཚེ་འགུག་ས་བསྐུལ་ལ་བླ་རྟེན་རྣམས་བསྒྲུབ་བྱའི་ལག་ཏུ་གཏད་དེ་རྒྱུན་དུ་འཆང་བར་གདམས་ཤིང་ཚེ་སྦ་བསྟིམ་རྒྱས་གདབ། །བཀྲ་ཤིས་རྒྱས་པར་སྤེལ་བས་གྲུབ་བོ།། །།གཉིས་པ་རྒྱས་པའི་སྲེག་བླུགས་ཀྱི་སྒོ་ནས་ཚེ་སྤེལ་བ་ནི། ཤིས་པའི་ས་ལས་ཐབ་སྟེགས་གྲུ་བཞི་པའི་ངོགས་སུ་རྡུལ་ཚོན་སེར་པོས་ཐབ་ཁུང་ཁྲུ་གང་གྲུ་བཞི་པའི་ལྟེ་བར་རིན་པོ་ཆེས་མཚན་པ། དེ་རྒྱབ་མཆུ་དང་ཁ་ཁྱེར་སོར་བརྒྱད་རེ་བཅད་པར་མེ་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་རིན་པོ་ཆེའི་ཕྲེང་བ། དེ་རྒྱབ་ཟུར་བཞིར་ཟླ་ཕྱེད་རྡོ་རྗེ་རེ་རེ་མགོ་ཕྱིར་བསྟན་དུ་བྲིས་ལ་མེ་ཏོག་སེར་པོ་གཅལ་དུ་བཀྲམ། འཕྲལ་མགྱོགས་ལྟ་བུར་བྲིས་ཐབ་མི་འགྲུབ་ན་ཐབ་སྟེགས་སེར་པོ་གྲུ་བཞི་པའི་དབུས་སུ་མེ་ཏོག་སེར་པོའི་ཚོམ་བུ་གཅིག་བཀོད་པས་ཀྱང་རུང་། གང་ལྟར་ཡང་དེར་ཡམ་ཤིང་གི་རྒྱུ་ལས་བྱུང་བའི་ཤིང་ཁྲུ་གང་བས་གྲུ་བཞིར་བརྩིག །རང་གི་གཡོན་ཕྱོགས་སུ་མཆོད་གཏོར་སྨན་རཀ་ཆུ་གཉིས་ཉེར་སྤྱོད། འབུལ་གཏོར་སེར་པོ་གྲུ་བཞི་པད་འདབ་ཅན་རྒྱན་ལྡན། གཡས་ཕྱོགས་སུ་བསྲེག་རྫས་ཡམ་ཤིམ་སྟར་གའམ་ཤུག་པ་སོགས་འབྲས་བུ་ཅན་གྱི་ཤིང་མཐེ་བོང་གི་ཚད་ཁྲུ་གང་བ་སྦྲང་དང་མར་ཁུས་ཉུག་བ། འབྲུ་མར་གྱི་ཁུ་བ། རིན་ཆེན། འབྲུ་སྣ། གོས་སྣ་སོགས་ཅི་འབྱོར་པ་དང་། ཁྱད་པར་གྱི་རྫས་དཱུརྦ་མང་དུ་བསགས། མདུན་དུ་རྡོ་དྲིལ། དགང་བླུགས། བསང་ཆུ་རྣམས་བཞག །སྒྲུབ་པ་པོ་ཆས་གོས་སེར་པོ་བགོས་ཏེ་འཇམ་པའི་སྟན་ལ་ཁ་བྱང་དུ་ཕྱོགས་པར་བཟང་པོའི་འདུག་སྟངས་ཀྱིས་འཁོད་དེ་ལྷའི་རྣལ་འབྱོར་ལ་གནས་པས། བསང་ཆུ་རྟ་སྔགས་ཀྱིས་ [20a] བྱིན་བརླབ་ལ། ཨོཾ་མ་ཧཱ་བཛྲ་ཧཱུཾ་གིས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་། ཨོཾ་བཛྲ་གཎྜེ་ཨཱཿས་དྲིལ་བུ་གསིལ་ཞིང་དཀུར་བསྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭབྷཱ་ཝ་ཨཏྨ་ཀོ་ཉ་ཧཾ་གིས་རྡོ་དྲིལ་བསྣོལ་བའི་ཁྱུད་རྒྱ་དང་བཅས་དམ་ཚིག་གསུམ་བཟུང་། མཆོད་རྫས་རྣམས་ལས་བྱང་ལྟར་བྱིན་བརླབ། བསྲེག་རྫས་ལ་བསང་ཆུ་འཐོར་ཞིག རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་བསྲེག་རྫས་ཀུན། །ངོ་བོ་ཟག་མེད་བདུད་རྩི་ལ། །རྣམ་པ་ལྷ་ཚོགས་དགྱེས་སྐོང་རྫས། །དཔག་མེད་འདོད་ཡོན་ཆར་འབེབས་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་བརླབ། ཨོཾ་ཨགྣེ་ཛྭ་ལ་རཾ། ཞེས་མེ་དུ་བ་མེད་པར་འབར་བ་གཡས་སུ་བསྐོར་ནས་ཐབ་ཏུ་བཅུག །ཧཱུཾ་ཧཱུཾ་ཧཱུཾ་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར། ཧཱུཾ་ལན་བདུན་གྱིས་བླུགས་གཟར་གྱི་མར་ཁུས་མེ་གསོ། ཐབ་རྟ་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་མདུན་དུ། །བྷྲཱུཾ་ལས་རྒྱས་པའི་ཐབ་ཁུང་ནི། །ཚད་དང་མཚན་ཉིད་ཡོངས་རྫོགས་པ། །མེ་ཕུང་སེར་གསལ་འབར་བའི་དབུས། །པདྨ་ཉི་ཟླའི་གདན་སྟེང་དུ། །ཧྲཱིཿལས་རྡོ་རྗེ་ཚེ་དཔག་མེད། །དྲི་མེད་ནོར་བུ་ཆུ་ཤེལ་མདངས༔ ཞེས་སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་དུ་བཏང་ལ། ཚེ་བདག་དགྱེས་པའི་ལྗགས་དང་ནི། །གཟར་བུའི་ཁ་ལ་ཧྲཱིཿཡིས་མཚན། །བདུད་རྩིའི་རྒྱུན་གྱིས་རབ་མཉེས་ཏེ། །འཆི་མེད་དངོས་གྲུབ་སྟེར་བར་གྱུར། ཅེས་དམིགས་ལ་རྩ་སྔགས་ཀྱིས་དགང་བླུགས་བདུན་ལ་སོགས་པ་ [20b] འབུལ་ཞིང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་གསོལ་ལ་མེ་པྲ་བརྟག །དེ་ནས་ཡམ་ཤིང་དང་མར་ཁུ་ལ་སོགས་པའི་བསྲེག་རྫས་གཞན་རྣམས་རྩ་སྔགས་ལ། ཛྭ་ལ་རཾ་ཨཱ་ཡུརྫྙཱ་ན་སདྡྷི་ཧོཿ ཞེས་བཏགས་པ་ཁོ་ནས་འབུལ་ཞིང་། བར་སྐབས་སུ་སྤེལ་ཚིག་ཀྱང་གོང་བཞིན་ལས། མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར། རྫས་རྣམས་རྫོགས་མཐར་ཡུངས་ཀར་ལ་རྩ་སྔགས་བཟླས་པ་ཐབ་ཏུ་འཐོར་ཞིང་དགང་བླུགས་སྐབས་ལྟར་ཕྲིན་ལས་གསོལ། དེ་ལྟར་བསྲེག་རྫས་བདུད་རྩིའི་དྭངས་མ་དགྱེས་པ་ཆེན་པོས་བཞེས་ཏེ་མཉེས་ཤིང་ཚིམས་ནས་འབར་བའི་འོད་ཟེར་གསེར་མདོག་འདོད་རྒུ་རིན་པོ་ཆེའི་རང་བཞིན་ཅན་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་བདག་གཞན་གྱི་ཚེ་བསོད་དཔལ་ཡོན་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཡིད་བཞིན་རྩོལ་མེད་དུ་འགྲུབ་པར་མོས། སླར་ཡང་གོང་བཞིན་དགང་བླུགས་ལན་གསུམ་དུ་ཕུལ་ལ་མཆོད་ཅིང་བསྟོད། གཏོར་མ་རྩ་སྔགས་ལ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་དབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་སོགས་ཀྱིས་འདོད་དོན་གསོལ། འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ། །སྲེག་བླུགས་དམ་ཚིག་ལས་འདས་ཤིང་། །ཆོ་ག་ལྷག་ཆད་འགལ་འཁྲུལ་སོགས། །ཉེས་པའི་ [21a] ཚོགས་རྣམས་བཟོད་མཛད་གསོལ། ཞེས་དང་ཡིག་བརྒྱས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་ནས། བཛྲམུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། མེ་རང་ཞིར་བཏང་སྟེ་ཐལ་སོལ་རྣམས་བང་མཛོད་དུ་སྦ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ།། །། ༈ །གསུམ་པ་ཟབ་མོའི་བཅུད་ལེན་གྱི་སྒོ་ནས་ཚེ་སྲོག་བསྐྱེད་པ་ནི། པོ་ཅོང་སོགས་ཅོང་ཞི་བཟང་པོ་ནས་ཙམ་དུ་བརྡུང་ལ་ཆུ་གཙང་གིས་ཡང་ཡང་བཤལ། འབྲིའི་འོ་མས་འདམ་བཏགས་བྱ། དབང་ལག་སོར་མོ་ལྔ་པ་ཁོ་ན་ཆུ་བསིང་ནས་བཀྲུ། མིའམ་འབྲིའི་འོ་མར་ཁུ་བ་རང་ཐིམ་ལན་དགུར་བཙོ། ཆང་གིས་སྦོལ། དེ་གཉིས་ཆ་མཉམ་པ་ལ་འབྲས་གསུམ་བཟང་དྲུག་རྩ་བ་ལྔ་སོགས་ཚེ་རྫས་དང་ཆོས་སྨན་ཁ་ཚར་སྦྱར། འོ་མའི་ཁཎྚ་མངར་གསུམ་བཅས་རིལ་བུ་ལུག་རིལ་ཙམ་དུ་དྲིལ། ཐོད་པ་བཟང་པོར་བླུགས་ལ་ལྷར་བསྐྱེད་དེ་ཚུལ་བཞིན་དུ་བསྒྲུབ། ཁྱད་པར་གྱི་སྔགས། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཱ་ས་ཡཱ་ན་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུཾ་ཧྲཱིཿཋཱ་༔ ཞེས་ཁྲི་ལ་སོགས་པར་བཟླ། རྟགས་བྱུང་བ་ན། ལྷ་རིལ་བུར་བསམ་ལ་འགྲུབ་ན་རགས་པའི་བཟའ་བཏུང་རྒྱུན་བཅད་དེ་ཡར་ངོའི་ཚེས་གཅིག་ནས་ཐོ་རངས། གུང་། སྲོད་ཀྱི་དུས་སུ་རིལ་བུ་རེ་རེ་ཆང་ངམ་ཆུ་བསྐོལ་ཚ་མོས་ཕུལ། ཚེ་སྒྲུབ་ཀྱི་བསྒོམ་བཟླས་དང་རླུང་སྦྱོར་འཁྲུལ་འཁོར་རྒྱུན་མི་ཆད་པ་འབད། བདུན་རེ་བསྟེན་པས་ལོ་རེའི་ཚེ་གེགས་སེལ། ཡུན་དུ་བསྟེན་ན་རྡོ་རྗེའི་ལུས་སུ་འགྱུར་བར་གསུངས་སོ། །འཆི་མེད་སྒྲུབ་པའི་གདམས་ [21b] སྲོལ་ངོ་མཚར་ཕུལ། །ཟབ་གཏེར་གཞུང་གི་མུ་ཁྱུད་རྣམ་མཛེས་པར། །འཐད་ལྡན་ཡན་ལག་རྩིབས་སྟོང་མངོན་བཀྲ་བ། །ཚེ་རིག་འཁོར་ལོས་སྒྱུར་པའི་ཕྱག་ཆར་མཚོན། །དམ་པའི་གསང་གསུམ་རྡོ་རྗེའི་ཆོས་སུ་བརྟན། །ལུས་ཅན་རིང་འཚོའི་ཆུ་གཏེར་རྣམ་པར་འཕེལ། །སྐལ་བཟང་ཕན་བདེའི་དགའ་ཚལ་ཡོངས་བཞད་དེ། །བཀྲ་ཤིས་སྣང་བས་ཞིང་ཀུན་མཛེས་བྱེད་ཤོག །དེ་ལྟར་ཚེ་ཁྲིད་རྡོ་རྗེའི་ཕྲེང་བའི་སྒྲུབ་ཐབས་ཕྲིན་ལས་དང་བཅས་པ་འཆི་མེད་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ནི། སྐྱབས་གནས་གཅིག་གིས་བསྡུས་པའི་རྡོ་རྗེའི་མཆེད་པོ་སྡོམ་བརྩོན་དགེ་བའི་བཤེས་གཉེན་མཐུ་སྟོབས་རྣམ་པར་རྒྱལ་བའི་གསུང་གིས་ཡང་དང་ཡང་དུ་བསྐུལ་བར་མཛད་པ་ཡིད་ལ་སིམས་པའི་ཐོག །ཉེ་ཆར་རྣམ་འདྲེན་འཁོར་ལོའི་མགོན་པོ་གར་དབང་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་ཞལ་སྔ་ནས་བཀའ་ལུང་གསེར་གྱི་པདྨོ་སྤྱི་བོའི་རྒྱན་དུ་ལྷུང་བ་དད་པ་རྒྱ་མཚོས་མངོན་པར་མཆོད་པའི་སླད་དུ། གཏེར་གཞུང་རྩ་བའི་དགོངས་པ་རིགས་མཐུན་རྡོ་རྗེའི་ཚིག་གིས་རྣམ་པར་བཀྲལ་ཞིང་ཉེ་བར་མཁོ་བའི་ཕྲིན་ལས་ཇི་ལྟར་རིགས་པས་ཀྱང་མི་འགལ་བར་བརྒྱན་ཏེ། ལྷ་རིགས་ཀྱི་སྔགས་བན་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཞི་བཅུ་རྩ་གཉིས་པའི་ཐོག་ཏུ་སོན་པས་སྐྱོང་གི་ལོ་མགོ་ཟླ་ཕྱི་མའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཟང་པོ་ལ། མཆིམས་ཀྱི་ཀོང་ཡུལ་ལྗོན་པའི་ལྗོངས་ཀྱི་ཐིག་ལེ་བུ་ཆུ་བདེ་ཆེན་སྟེང་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བ་ལས། ཐོག་མའི་ཡི་གེ་བ་ནི་རྣམ་པར་དགེ་བའི་ཤེས་རབ་གསལ་ཞིང་ཟབ་མོའི་ལམ་ལ་གཞོལ་བའི་སྐལ་བ་ཅན་བློ་གྲོས་སྣང་བ་རབ་ཏུ་རྒྱས་པའི་སྡེས་བགྱིས་པའོ། །འདིས་ཀྱང་དཔལ་ [22a] ལྡན་བླ་མཆོག་གི་ཞབས་པད་བསྐལ་པ་རྒྱ་མཚོར་རྟག་ཅིང་བརྟན་པ་དང། འགྲོ་བ་ཐམས་ཅད་འཆི་མེད་ཡེ་ཤེས་དྭངས་མའི་སྐུ་ཚེ་ལ་མངའ་དབང་འབྱོར་པའི་རྒྱུར་གྱུར་ཅིག། །། ཨཱ་ཡུརྫྙཱ་ན་སིདྡྷི་རསྟུ།། །། ༈ སྭསྟི། ཟབ་ལམ་ཚེ་ཁྲིད་མན་ངག་ནོར་བུའི་རྒྱལ། །འཕྲུལ་ཆེན་སྤར་གྱི་རྒྱལ་མཚན་རྩེར་མཆོད་བྱེད། །ཟུར་རིགས་ཨོ༵་རྒྱན༵་རིང་ལུགས་འཛིན་པ་སྟེ། །དགེ་བས་འགྲོ་ཀུན་རྡོ༵་རྗེ༵འི་སྲོག་འགྲུབ་ཤོག །ཅེས་པའང་བཛྲ་ཛྙཱ་ནས་རྗེས་སུ་ཡི་རངས་བས་བརྗོད་པ་ཤུ་བྷཾ།། །།