དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སྦྱིན་མའི་སྒྲུབ་ཐབས་ཁྲིགས་སུ་བསྡེབས་པ་འཆི་མེད་བདུད་རྩིའི་བུམ་བཟང་།

From Dudjom Wiki
DJYD-KABUM-08-NYA-010
Wylie title dam chos sprul sku'i snying thig las sgrol dkar yid bzhin 'khor lo sbyin ma'i sgrub thabs khrigs su bsdebs pa 'chi med bdud rtsi'i bum bzang DJYD-KABUM-08-NYA-010.pdf
Location bdud 'joms rin po che bka' 'bum
Volume 8, Text 10, Pages 357-371 (Folios 1a1 to 8a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dam chos sprul sku'i snying thig las sgrol dkar yid bzhin 'khor lo sbyin ma'i sgrub thabs khrigs su bsdebs pa 'chi med bdud rtsi'i bum bzang. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 8: 357-371. Kalimpong: Dupjung Lama, 1979-1985.
Side notes Recto: las byang   Verso: bdud 'dul sgrol dkar
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre Activity Manual - las byang
Cycle དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ (dam chos sprul sku snying thig)
Deity sgrol dkar yid bzhin 'khor lo
Colophon

།དེ་ལྟར་རིག་འཛིན་ཆེན་པོ་བདུད་འདུལ་གླིང་པའི་གཏེར་བྱོན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མའི་སྒྲུབ་ཐབས་ཁྲིགས་སུ་བསྡེབས་པ་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ་འདི་ནི། རིགས་ལྡན་གྱི་ཤེས་རབ་མ་ལྷ་ལྕམ་ཀུན་བཟང་བདེ་ཆེན་མཚོ་མོའི་བཞེད་པ་སྐོང་བའི་སླད་དུ། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་བདུན་དུ་སོན་པ་རྣམ་གནོན་ལྕགས་འབྲུག་གི་ལོ་གྲོ་བཞིན་ཟླ་བའི་ཡར་ངོའི་རྒྱལ་བ་གཉིས་པའི་དུས་ཚེས་བཟང་པོ་ལ། སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་སྦས་ཡུལ་དཔལ་འབྲས་མོ་གཤོངས་ཀྱི་སྐྱེད་མོས་ཚལ་ཉམས་དགའ་བའི་གནས་སུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་འགྲོ་བ་ཐམས་ཅད་འཆི་མེད་འཕགས་མའི་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་རྒྱུར་གྱུར་ཅིག། སརྦ་དཱ་མངྒལཾ།།

de ltar rig 'dzin chen po bdud 'dul gling pa'i gter byon sgrol dkar yid bzhin 'khor lo tshe sbyin ma'i sgrub thabs khrigs su bsdebs pa 'chi med bdud rtsi'i bum bzang zhes bya ba 'di ni/___rigs ldan gyi shes rab ma lha lcam kun bzang bde chen mtsho mo'i bzhed pa skong ba'i slad du/___rig pa 'dzin pa'i myu gu 'jigs bral ye shes rdo rjes rang lo sum cu rtsa bdun du son pa rnam gnon lcags 'brug gi lo gro bzhin zla ba'i yar ngo'i rgyal ba gnyis pa'i dus tshes bzang po la/___slob dpon chen pos byin gyis brlabs pa'i sbas yul dpal 'bras mo gshongs kyi skyed mos tshal nyams dga' ba'i gnas su grub par bgyis pa ste/___'dis kyang 'gro ba thams cad 'chi med 'phags ma'i ye shes kyi sku 'grub pa'i rgyur gyur cig/___sarba dA mang+galaM//

[edit]
༄༅། །དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སྦྱིན་མའི་སྒྲུབ་ཐབས་ཁྲིགས་སུ་བསྡེབས་པ་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བར་བཞུགས་སོ།། །།


༄༅། །ཨོཾ་སྭསྟི། མཛེས་སྐུ་ཟླ་ཤེལ་གཞོན་ནུའི་འཁྲི་ཤིང་ལས། །ཚེ་དབང་བདུད་རྩིའི་དོ་ཤལ་འབུམ་འཛག་པས། །འཆི་བདག་མུན་དཔུང་མཐར་བྱས་དགེ་ལེགས་ཀྱི། །ཀུནྡའི་ལང་ཚོ་སྤེལ་དེས་ཤིས་པ་སྩོལ། །འཆི་མེད་རིག་འཛིན་གྲུབ་པའི་ཐུགས་ཀྱི་བཅུད། །ངོ་མཚར་འཕགས་མའི་སྒྲུབ་ཐབས་བདུད་རྩིའི་རྒྱུན། །སྐལ་བཟང་མི་ཤིགས་དྭངས་མའི་སྲོག་བསྒྲུབ་ཕྱིར། །ལེགས་བཤད་བུམ་བཟང་བཅུད་དུ་འདི་ན་ལེན། །དེའང་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མྱུར་དུ་སྩོལ་བ་ལ་ལྷ་གཞན་གང་གིས་ཀྱང་བསྐྲུན་དུ་མེད་པ་འཆི་མེད་འཕགས་མའི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པར་འདོད་པས། སྦྱོར་བ་གནས་དབེན་ཅིང་གཙང་ལ་ཡིད་དུ་འོང་བར། དུས་ཉི་མ་བྱང་ [2a] བགྲོད་ཀྱི་ཟླ་བའི་ཡར་ངོའི་ཚེས་བརྒྱད་དམ་མར་ངོའི་ཚེས་བཅུ་སོགས་གཟའ་སྐར་བཟང་པོའི་སྔ་དྲོའི་ཆར། བཀྲ་ཤིས་པའི་ས་ལ་མཎྜལ་གྲུ་བཞི་དབུས་སུ་པད་དཀར་འདབ་བརྒྱད་མུ་ཁྱུད་ལྔ་ལྡན་མཛེས་ཤིང་ཡིད་དུ་འོང་བར་བྲི། དེར་མཉྫིའི་སྟེང་རིན་པོ་ཆེའི་བུམ་པ་མཚན་ལྡན་དར་དཀར་པོའི་མགུལ་ཆིངས་ཅན་གྱི་ནང་གཏན་འཁྱིལ་མཚོའམ་རྒྱུན་འབབས་གངས་ཆུ་བུ་མོ་གཙང་མས་བླངས་པ་ལྔ་ཚན་ལྔའི་རྫས་ཀྱིས་བཀང་བའི་ཁ་རྒྱན་ལྗོན་ཤིང་འབྲས་བུ་ཅན་གྱིས་སྤྲས་པ་བཀོད། ཁ་རྒྱན་གྱི་གསེབ་བམ་ཕྱོགས་གང་བདེར་འཕགས་མའི་དམ་ཚིག་གི་སྐུ་རི་མོར་བྲིས་པའམ་འབུར་དུ་དོད་པ་བཤམ། དེའི་མདུན་དུ་གཏོར་མ། གཡས་སུ་ཚེ་རིལ། གཡོན་དུ་བདུད་རྩི། མཐར་མཆོད་པའི་བྱེ་བྲག་གིས་ལེགས་པར་བསྐོར། གལ་ཏེ་དེ་ཙམ་མ་ལྕོགས་ན། སྟེགས་བུ་རས་དཀར་གྱི་ [2b] ཁེབས་ལྡན་སྟེང་དུ། མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པའི་དབུས་སུ་བུམ་པ་གཏོར་མ་སྐུ་གཟུགས་གང་ཡང་རུང་བ་གཅིག་གི་མཐར་ཉེར་སྤྱོད་བཤམས་ཀྱང་འཐུས་ལ། སྤྱིར་བདག་བསྐྱེད་རྒྱུན་གྱི་རྣལ་འབྱོར་ཙམ་ལ་སྤྲོས་པ་མེད་པ་ཏིང་ངེ་འཛིན་ཁོ་ནས་ཀྱང་འགྲུབ་བོ། །དེ་ལྟར་སྟ་གོན་གྲུབ་ནས། གཞི་བདག་དང་འབྱུང་པོའི་ཚོགས་རྣམས་གཏོར་མས་བརྔན་ལ་སྲུང་འཁོར་ཟབ་མོ་བསྒོམ། དྲི་བཟང་གི་ཆུས་ཁྲུས་བྱས་ཤིང་བདེ་བའི་སྟན་ལ་དགའ་ཞིང་གུས་པའི་སེམས་ཀྱིས་འཁོད་དེ། ན་མོ༔ ཀུན་བཟང་བཀའ་བརྒྱུད་སྣང་མཐའ་མན་ཆད་དང་༔ དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་སོགས༔ གཏན་གྱི་རེ་ལྟོས་གྱུར་པའི་སྐྱབས་གནས་ལ༔ བདག་གཞན་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ། མ་གྱུར་ནམ་མཁའི་མཐའ་ཁྱབ་སེམས་ཅན་རྣམས༔ དུས་མིན་འཆི་བ་མ་ལུས་བཟློག་པ་དང་༔ འགྲོ་དྲུག་སེམས་ཅན་སངས་རྒྱས་ཐོབ་བྱའི་ཕྱིར༔ བདག་ཉིད་བརྩེ་ལྡན་འཕགས་མ་སྒྲོལ་མ་ཡི༔ སྒྲུབ་ཐབས་ཟབ་མོ་ཉམས་སུ་ལེན་པར་བྱ༔ ཞེས་ལན་གསུམ་གྱིས་སེམས་བསྐྱེད། ཧོཿ འཕགས་མ་དཀོན་མཆོག་འཁོར་བཅས་ལ༔ རབ་ཏུ་དད་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ ལས་དང་ཉོན་མོངས་ཅི་མཆིས་བཤགས༔ འགྲོ་དོན་མཛད་ལ་རྗེས་ཡི་རང་༔ [3a] ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་བསོད་ནམས་ཅི་བསགས་པ༔ འགྲོ་ཀུན་ཡོངས་ལ་བསྔོ་བར་བགྱི༔ ཞེས་ཚོགས་བསགས། མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱངས། སྟོང་པའི་ངང་ལས་གནས་ཁང་འོག་མིན་གཡུལ་ལོ་བཀོད་པའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་ནམ་མཁའ་མཛོད་ཀྱི་རང་བཞིན་རྒྱལ་བའི་ཞིང་ཐམས་ཅད་ཁྱབ་པར་གྱུར་པར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་ནས་ ཤཔྡའི་བར་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ། ཨོཾ་མ་ཧཱ་ཤཱུནྱ་ཛྙཱ་ན་བཛྲ་སྭབྷཱ་ཨཱཏྨ་ཀོ྅ཧཾ། བདག་སྣང་ཐམས་ཅད་མི་དམིགས་སྟོང་པའི་ངང་༔ སྟེང་འོག་ཕྱོགས་ཀུན་རིན་ཆེན་འབར་བའི་དལ༔ འོད་ཟེར་ལྔ་ལྡན་ཀུན་ནས་རབ་འཁྲུགས་པ༔ མི་ཤིགས་སྲ་བརྟན་གསེར་འཁོར་རྩིབས་སྟོང་གཏམས༔ དེ་དབུས་ནོར་བུ་ཆུ་ཤེལ་གཞལ་ཡས་ཁང་། །འདོད་ཡོན་ཕུན་ཚོགས་བདེ་བ་ཅན་གྱི་དབུས། །རང་སེམས་མ་འགས་སྟོང་པའི་རང་རྩལ་ལས༔ པད་དཀར་ཟླ་སྟེང་ཏཱྃ་ཡིག་དཀར་གསལ་ [3b] ནི༔ རིང་ཆ་ཚེག་དྲག་ཅན་ལས་ལྔ་ལྡན་གྱི༔ འོད་འཕྲོས་འཕགས་མཆོད་སེམས་ཅན་ལས་སྒྲིབ་སྦྱངས༔ ཚུར་འདུས་བདག་ཉིད་ཡིད་བཞིན་འཁོར་ལོ་ནི༔ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་པུས་སྟེང་མཆོག་སྦྱིན་ཕྱག་རྒྱ་ཅན༔ གཡོན་པ་ཨུཏྤལ་དཀར་པོའི་ཡུ་བ་ཉིད༔ མཐེབ་སྲིན་གྱིས་འཛིན་སྙན་གཡོན་མེ་ཏོག་རྒྱས༔ དཔྲལ་བ་ཕྱག་ཞབས་ཞི་བའི་སྤྱན་རས་མཚན༔ ཞབས་གཉིས་རྡོར་སྐྱིལ་བཅུ་དྲུག་ལང་ཚོ་ཅན༔ དབུ་སྐྲ་མཐོན་མཐིང་སེར་འབོལ་སྤྱི་བོར་བཅིངས༔ ཟར་བུ་འཕྱང་ཞིང་མེ་ཏོག་ཕྲེང་བས་སྤྲས༔ དར་ཟབ་ལི་ཁྲིའི་མདོག་ཅན་སྐུ་སྟོད་གསོལ༔ ལེ་བརྒན་དམ་པོའི་སྐུ་སྨད་ཤམ་ཐབས་ཅན༔ ཅོད་པན་ནམ་མཁའི་མདོག་ཅན་རླུང་གིས་གཡེང་༔ སྣ་ཚོགས་རིན་པོ་ཆེ་ཡིས་དབུ་བརྒྱན་ཅིང་༔ ཕྱག་གདུབ་ཞབས་གདུབ་རིན་ཆེན་དོ་ཤལ་མཛེས༔ འཇའ་ཟེར་སྣ་ལྔའི་ཀློང་དུ་འགྱིང་བག་ལྡན༔ ཙིཏྟ་པད་དམར་འདབ་བརྒྱད་ཁ་ཟུམ་པའི༔ ནང་དུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་ལྟེར༔ ཕ་ལམ་ལས་གྲུབ་འཁོར་ལོ་རྩིབས་བརྒྱད་པ༔ མུ་ཁྱུད་དང་བཅས་ཟླ་བའི་མདོག་ཅན་དབུས༔ ཏཱྃ་ཡིག་དཀར་པོ་རིང་ཆ་ [4a] ཚེག་དྲག་བཅས༔ ཕྱི་རིམ་རྩིབས་བརྒྱད་གསང་སྔགས་འབྲུ་བརྒྱད་དང་༔ རྩིབས་འཁོར་མུ་ཁྱུད་སྔགས་ཕྲེང་སྤེལ་ཚིག་བསྐོར༔ རང་སྒྲ་དང་བཅས་གཡས་སུ་འཁོར་བར་གྱུར༔ ཨོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པུཎྱེ་པུཥྚིཾ་ཀུ་རུ་ཡེ་སྭཱཧཱ༔ ཏཱྃ་ཡིག་དཀར་པོས་འོད་འཕྲོས་པས༔ སྟོང་པའི་ངང་ལས་རང་མདུན་དལ༔ པད་དཀར་འདབ་སྟོང་ཟླ་བའི་སྟེང་༔ ཏཱྃ་ཡིག་ལས་བྱུང་ལྷ་མོ་ནི༔ ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ༔ སྐུ་མདོག་གངས་རི་ཉི་ཤར་ལྟར༔ ཞལ་གཅིག་ཕྱག་གཉིས་འཛུམ་བཅས་བཞད༔ སྤྱན་དཀྱུས་རིང་ཞིང་ནུ་མ་འབུར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དབུ་སྐྲ་རལ་པ་མཐོན་མཐིང་ཅན༔ ཕྱག་གཡས་མཆོག་སྦྱིན་པདྨ་དཀར༔ གཡོན་པས་མཉམ་བཞག་ཚེ་བུམ་འཛིན༔ ལོངས་སྤྱོད་རྒྱན་རྫོགས་གཟི་བྱིན་འབར༔ དབུ་གཙུག་འོད་དཔག་མེད་པས་མཚན༔ ཉ་རྒྱས་ཟླ་བའི་རྒྱབ་ཡོལ་མཛད༔ འཇའ་འོད་སྣ་ལྔའི་ཀློང་དཀྱིལ་བཞུགས༔ ཐུགས་ཀར་མན་ཤེལ་ལས་གྲུབ་པའི༔ སྣ་ཚོགས་རྡོ་རྗེ་ཟླ་བའི་སྟེང་༔ འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས༔ དེ་དབུས་ཏཱྃ་ཡིག་དཀར་པོའི་མཐར༔ སྔགས་ཕྲེང་ཆོས་འཁོར་བསྐོར་བར་གསལ༔ གནས་གསུམ་ཟླ་བ་པད་ཉི་ལ༔ [4b] ཨོྃ་དཀར་ཨཱཿདམར་ཧཱུྃ་མཐིང་མཚན༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས༔ སངས་རྒྱས་དྲང་སྲོང་རིག་འཛིན་ཚོགས༔ སྒྲོལ་མ་ཉེར་གཅིག་སྐུར་བཞེངས་ནས༔ བདག་མདུན་ལ་ཐིམ་དབང་རྫོགས་གྱུར༔ ཞེས་བདག་མདུན་དམ་ཚིག་པ་གསལ་བཏབ་ལ། ཨོཾ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ པོ་ཏ་ལ་དང་གཡུ་ལོ་བཀོད་པའི་གནས༔ ཕྱོགས་བཅུའི་སངས་རྒྱས་རིག་འཛིན་གྲུབ་པའི་ཚོགས༔ ཚེ་དབང་རིག་འཛིན་ཚེ་ཡི་རིག་འཛིན་རྣམས༔ རྗེ་བཙུན་སྒྲོལ་མའི་རྣམ་པར་སྐུར་བཞེངས་ལ༔ ཐུགས་དམ་དབང་གིས་མ་ཐོགས་མྱུར་དུ་གཤེགས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་ནས་ཀྱང་༔ བརྩེ་ལྡན་ལྷ་མོ་ཁྱོད་ལ་གསོལ་འདེབས་ཀྱིས༔ སྒྲུབ་མཆོག་བདག་ལ་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་ཨཱ་རྱ་ཏཱ་རེ་བཛྲ་ས་མ་ཡ་ཛཿཛཿཞེས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ། པདྨ་ཀ་མ་ལཱ་ཡ་སྟྭཾ༔ གྱིས་དབྱེར་མེད་དུ་བཞུགས་པར་མོས། ཨཱརྱ་ཏཱ་རེ་ན་མོ་པུ་རུ་ཤཱ་ཡ་ཧོཿ ས་ཕྱག་བྱ། ཧཱུྃཿ སྟོང་གསུམ་འཇིག་རྟེན་ཕྱོགས་དུས་ཐམས་ཅད་དུ༔ ལྷ་རྫས་འདོད་ཡོན་མཆོད་པའི་བྱེ་བྲག་ནི༔ དངོས་སུ་འབྱོར་དང་ཡིད་ཀྱིས་ལེགས་སྤྲུལ་ཏེ༔ རྒྱལ་ཡུམ་འཕགས་མའི་ཚོགས་ལ་དབུལ་བར་བགྱི༔ འགྲོ་ [5a] ཀུན་ཚོགས་གཉིས་ཡོངས་སུ་སྨིན་པར་ཤོག༔ ཨོྃ་ཨཱཿཧཱུྃ་ཏཏཱ་རེ་དེ་བ་ཌཱ་ཀི་ནཱི་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ ནེཝིདྱཱ་ ཤཔྡ་ཧཱུཾ༔ ཞེས་མཆོད། ཨོཾ་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ༔ འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ༔ ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ༔ ལྷ་མོ་ཁྱོད་ལ་རྟག་ཏུ་འདུད༔ འཁོར་བ་ལས་སྒྲོལ་ཏཱ་རེ་མ༔ ཏུཏྟཱ་ར་ཡིས་འཇིགས་བརྒྱད་སྒྲོལ༔ ཏུ་རེས་ནད་རྣམས་ཀུན་ལས་སྒྲོལ༔ སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ འཁོར་ལོ་དཀར་པོ་འོད་ཟེར་དཀར༔ རྩིབས་བརྒྱད་གསང་སྔགས་འབྲུ་བརྒྱད་པོ༔ ཡོངས་སུ་བསྐོར་བའི་རྣམ་པ་ཅན༔ འཁོར་ལོ་ཅན་ལ་ཕྱག་འཚལ་བསྟོད༔ པད་དཀར་ཟླ་བའི་གདན་སྟེང་དུ༔ མཉམ་ཉིད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་རྒྱན་རྣམས་མ་ལུས་རྫོགས༔ མཆོག་སྦྱིན་མཛད་ལ་ཕྱག་འཚལ་བསྟོད༔ སྟོན་ཀའི་ཟླ་བའི་མདོག་འདྲ་ཞིང་༔ ཉི་མ་འབུམ་ལས་གཟི་མདངས་ཆེ༔ ཟླ་བ་དག་ལ་རྒྱབ་ཡོལ་མཛད༔ རིན་ཆེན་རྒྱན་གྱིས་རྣམ་པར་སྤྲས༔ འཇའ་ཟེར་སྣ་ལྔའི་ཀློང་དུ་བཞུགས༔ ཚེ་བུམ་ཨུཏྤལ་འཛིན་ཕྱག་འཚལ༔ བརྩེ་ལྡན་ལྷ་མོ་ཚེ་དབང་མྱུར་སྩོལ་མ༔ བདག་ཉིད་རྩེ་གཅིག་གུས་པས་ཁྱེད་བསྒྲུབ་ཀྱིས༔ ནད་གདོན་སྡིག་ [5b] སྒྲིབ་བཀྲ་མི་ཤིས་ཀུན་དང་༔ མི་དང་མི་མིན་འགལ་རྐྱེན་ཉེར་འཚེ་སོགས༔ གློ་བུར་བརྒྱད་དུ་ཚེ་ཡི་བར་ཆད་ཀུན༔ བརྩེ་ལྡན་ལྷ་མོ་ཁྱེད་ཀྱིས་ཞི་བར་མཛོད༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཅེས་བསྟོད་ཅིང་གསོལ་བ་གདབ། ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་ཟེར་ཁ་དོག་ལྔ་ལྡན་རབ་འཕྲོས་པས༔ མདུན་བསྐྱེད་ལྷ་མོའི་རྒྱུད་བསྐུལ་སྔགས་ཕྲེང་བསྐོར༔ དེ་ལས་འོད་ཟེར་ནམ་མཁའ་གང་བར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་དྲང་སྲོང་རིག་པ་འཛིན༔ སར་གནས་བྱང་སེམས་འཇིག་རྟེན་བརྟན་གཡོ་ཡི༔ ཚེ་བཅུད་ནུས་སྟོབས་མ་ལུས་ཐམས་ཅད་ཀུན༔ ཡི་གེ་ཨ་ནྲྀ་ཏཱཾ་གསུམ་རྣམ་པ་རུ༔ སྟོང་ཁམས་མ་ལུས་ཐེམ་མེར་རབ་ཁེངས་ནས༔ མདུན་བསྐྱེད་ལ་ཐིམ་སྟོབས་དང་གཟི་བརྗིད་འབར༔ ཐུགས་ཀྱི་བདུད་རྩི་ལྔ་ལྡན་འོད་ཟེར་རྒྱུན༔ བར་མ་ཆད་པར་བདག་ཉིད་ཐུགས་ཀར་ཐིམ༔ ནད་གདོན་སྡིག་སྒྲིབ་བར་ཆད་ཀུན་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་མངའ་ཐང་རྒྱས༔ རང་ལུས་འོད་ཕུར་གཟི་བརྗིད་མདངས་དང་ལྡན༔ འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་གྱུར༔ ཅེས་པའི་དོན་ནན་ཏན་དུ་བསྒོམ་བཞིན་པས། ཨོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པུཎྱེ་པུཎྱེ་པུཥྚིཾ་ཨ་ཡུཿཔུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཟླས་པའི་ [6a] སྐྱོན་ཐམས་ཅད་སྤངས་ལ་གཙོ་བོར་བཟླ་ཞིང་། སྐབས་སུ། ཨོྃ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཨཱ་ཡུར་ཛྙཱ་ན་སིདྡྷི་ཕ་ལ་ཧཱུཾ༔ ཞེས་པའང་ཅུང་ཟད་རེ་བཟླ། ཐུན་གྱི་མཐར་མདུན་བསྐྱེད་སྒྲུབ་རྟེན་ལ་དམིགས་ཏེ། ཧཱུྃ། ཆོས་ཀྱི་དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང༔ མཁྱེན་བརྩེ་ཐུགས་རྗེ་རོལ་པའི་ཕྱག་རྒྱ་སྔགས༔ ལྷམ་མེར་རྟག་ཏུ་གསལ་མཛད་བརྟན་པར་བཞུགས༔ བདེ་ལེགས་ཡིད་བཞིན་འབྱུང་བའི་བཀྲ་ཤིས་ཤོག༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ༔ ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་རྣལ་འབྱོར། ཧཱུྃ༔ ཆོས་རྣམས་གཞི་མེད་རྩ་བ་བྲལ༔ རིག་སྟོང་ཡེ་ཤེས་སྙིང་པོ་ཅན༔ སྤྲོ་དང་བསྡུ་བར་མི་དམིགས་ཀྱང་༔ ཀུན་རྟོག་སྦྱངས་ཕྱིར་དབྱིངས་སུ་མུཾ༔ ཞེས་ལྟ་བ་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་ཤིང་ཐུན་མཚམས་ཁྱེར་སོ་གསུམ་གྱི་རྣལ་འབྱོར་ལམ་དུ་བསླང་། དགེ་འདིས་བདག་གི་ཚོགས་གཉིས་རྫོགས། །མྱུར་དུ་སྒྲོལ་མའི་ས་མཆོག་བརྙེས། །འགྲོ་ཀུན་སྒྲིབ་པ་གཉིས་སྤངས་ཏེ། །འཆི་མེད་རིག་འཛིན་ཐོབ་པར་ཤོག །ཅེས་རིམ་གཉིས་དགེ་བ་འགྲོ་ལ་བསྔོ་བས་རྒྱས་གདབ། མེ་ཏོག་གི་ཆར་དབབ་ལ། རང་བྱུང་འཆི་མེད་ལྷ་མོ་རྡོ་རྗེའི་སྐུ༔ ཐུགས་རྗེ་ཐོགས་པ་མེད་པའི་བྱིན་རླབས་མཐུས༔ དུས་གསུམ་རྒྱལ་བའི་ཚེ་དཔལ་རྡོ་རྗེའི་སྲོག༔ སྐལ་ལྡན་བདག་ [6b] ལ་རྫོགས་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན། དཀར་གསུམ་གཙོ་བོར་བྱས་པའི་ཟླུམ་གཏོར་མར་ཁུས་བྱུག་པ་ལ་མཐེབ་ཀྱུས་བསྐོར་བ་སྣོད་གཙང་མར་བཤམས་ནས་ཆང་ངམ་ཆུས་བྲན་ཏེ། རྃ་ཡྃ་ཁྃ་གིས་མ་དག་པ་ཐམས་ཅད་བསང་སྦྱངས། ཨོཾ་ཨཱཿཧཱུྃ་གིས་གཏོར་མ། སྣོད་བཅུད་ཕུན་སུམ་ཚོགས་ཤིང་འདོད་ཡོན་དུ་མས་བརྒྱན་པ་ནམ་མཁའ་དང་མཉམ་པར་གྱུར་པར་མོས། འཁོར་འདས་ཀྱི་སྣོད་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས། བཅུད་མ་ལུས་ཤིང་ལུས་པ་མེད་པ་བཅོམ་ལྡན་འདས་མའི་རང་བཞིན་དུ་གྱུར་ཅིང་། དེ་ཐམས་ཅད་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ་ལ། ཨོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨི་དཾ་བ་ལིཾ་ཏ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་བདུན་ནམ་ཉེར་གཅིག་གིས་ཕུལ་མཐར། འཁོར་བ་ལས་སྒྲོལ་ཏཱ་རེ་མ༔ ཞེས་སོགས་ཀྱིས་བསྟོད་ཅིང་འདོད་དོན་འགྲུབ་པར་གསོལ་བ་གདབ། ཡི་གེ་བརྒྱ་པས་ནོངས་པ་བཤགས་ལ་འཁོར་འདས་དག་པ་འོད་གསལ་གྱི་འཁོར་ལོ་རྫོགས་པའི་རིམ་པ་ལ་བསྡུ། བསྔོ་སྨོན་བཀྲ་ཤིས་ཀྱི་རྒྱས་གདབ་པར་བྱའོ། །དེ་ཡང་བཅོམ་ལྡན་འདས་མ་བསྙེན་པའི་ཚད་ནི། དུས་ཞག་བདུན་ནས་ཉེར་གཅིག་དང་ཟླ་བ་སོགས་གང་ཡང་རུང་སྟེ། ཞག་བདུན་ཙམ་ཞིག་བརྩོན་པས་ཀྱང་༔ དུས་ [7a] མིན་འཆི་བ་ངེས་པར་ཟློག༔ ཅེས་གསུངས། གྲངས་ནི་ཁྲིའམ་འབུམ་མམ་བྱེ་བ་སོགས་པ་བཟླས་པས་སྐལ་པ་དང་བློའི་རིམ་པས་དུས་མ་ཡིན་པའི་འཆི་རྐྱེན་མཐའ་དག་སེལ་ནས་ཚེ་ཚད་ལ་བསྐྱལ་བ་དང་། ཚེ་ཚད་ལྷག་པར་བསྲིང་བ་དང་། འཆི་མེད་རིག་འཛིན་ཐོབ་པ་རྣམས་སུ་འགྱུར་སྟེ། ཡེངས་མེད་རྩེ་གཅིག་འབུམ་ཕྲག་གཅིག༔ བཟླས་ན་ཚེ་ཡི་རིག་འཛིན་ཐོབ༔ ཅེས་གསུངས་སོ། །རྟགས་ཀྱི་བསྙེན་པ་ནི། རྩ་བར། རབ་དངོས་སུ་ཞལ་མཇལ༔ ལུང་བསྟན༔ འབྲིང་ཉམས༔ ཐ་མའང་རྨི་ལམ་དུ་ཞལ་མཇལ་ལུང་བསྟན༔ འོད་ཕུང་དཀར་པོ་མཐོང་བ་དང་༔ མེ་ཏོག་ཐུ་བ་དང་༔ ཤིང་ཐོག་ཟོས་པ་དང་༔ བདུད་རྩི་འཐུང་བ་དང་༔ ཉི་མ་ཤར་བ་དང་༔ བུ་མོ་དཀར་མོ་ཡིད་འོང་མས༔ རྒྱན་དང་ཕྲེང་བ་ལ་སོགས་དཀར་པོའི་རིགས་རྣམས་བྱིན་པ་དང་༔ མཆོད་རྟེན་དང་ཚྭ་ཚྭ་ལ་སོགས་མཐོང་བ་རྣམས་ཚེ་འགྲུབ་པའི་རྟགས་ངེས་ཅན་ཡིན་ནོ༔ ཞེས་གསུངས་པ་ལྟར་རོ། །དེ་ལྟར་འཕགས་མའི་དུས་གྲངས་མཚན་མའི་བསྙེན་པ་གང་ཡང་རུང་བ་གྲུབ་པའི་སྐབས་སུ་བབས་པ་ན། མདུན་གྱི་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་འཕགས་མར་གསལ་བའི་གནས་གསུམ་ལས་འོད་ཟེར་དམར་མཐིང་གསུམ་འཕྲོས་བ་རང་གི་གནས་གསུམ་དུ་ཐིམ་པས་འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྟན་ཐོབ་པར་མོས་ལ། ཨོཾ༔ ཡེ་ཤེས་ལྷ་མོ་དགྱེས་པའི་འོད་རབ་འབྱིན༔ འབྱུང་ལྔ་དབང་སྡུད་མཆོག་གི་བདེ་སྟེར་མ༔ ཡིད་བཞིན་ཚེ་འཕེལ་ཀུན་སྐྱོབས་ལྷ་མོ་དགོངས༔ སྒྲུབ་ [7b] མཆོག་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ བདུད་བཞི་འཇིགས་བརྒྱད་ཚེ་ཡི་བར་ཆད་སོལ༔ དཔལ་བཅུའི་དབང་ཐོབ་ལས་བཞི་གྲུབ་ཆེན་བརྒྱད༔ མ་ལུས་དེང་འདིར་ཐོགས་མེད་མཐུ་ཐོབ་ནས༔ འགྲོ་ཀུན་སྲིད་པའི་མཚོ་ལས་རབ་སྒྲོལ་ཞིང་༔ ཚེ་གཅིག་འཇའ་ལུས་ཆོས་སྐུ་མངོན་གྱུར་སྩོལ༔ རྩ་སྔགས་ཀྱི་ཤམ་བུར། མ་མ་ཀཱ་ཡ་ཝཱ་ཀྩིཏྟ་ས་མ་ཡ་ཨདྷི་ཥྛཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་བུམ་པ་གནས་གསུམ་དུ་གཏུགས་ཤིང་བུམ་ཆུ་དང་ཚེ་རིལ་ཚེ་ཆང་སོགས་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱད། མཐར་མདུན་བསྐྱེད་འཕགས་མ་རང་ལ་བསྟིམས་ཏེ་འཆི་མེད་གཉུག་མའི་ངོ་བོར་མཉམ་བར་བཞག་གོ། །འཕགས་མ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི། །སྒྲུབ་ཐབས་རྣམ་མང་རིན་ཆེན་ཕུང་པོའི་དབུས། །འཆི་མེད་མཚོ་སྐྱེས་བླ་མའི་གདམས་ངག་ཕུལ། །བསམ་འཕེལ་དབང་གི་རྒྱལ་པོ་འདི་ཁོ་ན། །འདིར་འབད་བསོད་ནམས་ཤིང་རྟས་ཉེར་དྲངས་པའི། །འཕགས་མའི་བྱིན་རླབས་ཟླ་བའི་འཛུམ་ཟེར་གྱིས། །འཆི་བདག་མུན་པའི་གཡུལ་ངོ་མཐར་བསྐྲད་དེ། །ལུས་ཅན་རིང་འཚོའི་ཆུ་གཏེར་རབ་སྤེལ་ཤོག །དེ་ལྟར་རིག་འཛིན་ཆེན་པོ་བདུད་འདུལ་གླིང་པའི་གཏེར་བྱོན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མའི་སྒྲུབ་ཐབས་ཁྲིགས་སུ་བསྡེབས་པ་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ་འདི་ནི། རིགས་ལྡན་གྱི་ཤེས་རབ་མ་ལྷ་ལྕམ་ཀུན་བཟང་བདེ་ཆེན་མཚོ་མོའི་བཞེད་པ་སྐོང་བའི་སླད་དུ། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ [8a] ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་བདུན་དུ་སོན་པ་རྣམ་གནོན་ལྕགས་འབྲུག་གི་ལོ་གྲོ་བཞིན་ཟླ་བའི་ཡར་ངོའི་རྒྱལ་བ་གཉིས་པའི་དུས་ཚེས་བཟང་པོ་ལ། སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་སྦས་ཡུལ་དཔལ་འབྲས་མོ་གཤོངས་ཀྱི་སྐྱེད་མོས་ཚལ་ཉམས་དགའ་བའི་གནས་སུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་འགྲོ་བ་ཐམས་ཅད་འཆི་མེད་འཕགས་མའི་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་རྒྱུར་གྱུར་ཅིག། སརྦ་དཱ་མངྒལཾ།། །།