ཟབ་ཆོས་ཡིད་བཞིན་འོད་འཕྲོ་ལས། བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་རྩ་བའི་སྒྲུབ་ཆེན་གྱི་དབུབ་རིག་འཛིན་གྲུབ་པའི་དགའ་སྟོན།

From Dudjom Wiki
DJYD-KABUM-08-NYA-021
Wylie title zab chos yid bzhin 'od 'phro las bla ma zhi ba snang srid zil gnon rtsa ba'i sgrub chen gyi dbub rig 'dzin grub pa'i dga' ston DJYD-KABUM-08-NYA-021.pdf
Location bdud 'joms rin po che bka' 'bum
Volume 8, Text 21, Pages 507-566 (Folios 1a1 to 30b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Zab chos yid bzhin 'od 'phro las bla ma zhi ba snang srid zil gnon rtsa ba'i sgrub chen gyi dbub rig 'dzin grub pa'i dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 8: 507-566. Kalimpong: Dupjung Lama, 1979-1985.
Side notes Recto: khog dbub   Verso: yid bzhin 'od 'phro
More details More details
Tertön རྡོ་རྗེ་ཐོགས་མེད་ (rdo rje thogs med)
Genre Structural Arrangement for Ritual Practice - sgrub khog
Cycle ཟབ་ཆོས་ཡིད་བཞིན་འོད་འཕྲོ་ (zab chos yid bzhin 'od 'phro)
Deity bla ma snang srid zil gnon
Colophon

།དེ་ལྟར་བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་རྩ་བའི་སྒྲུབ་ཆེན་གྱི་ཁོག་དབུབ་རིག་འཛིན་གྲུབ་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། སྔོན་ཆད་གཞུང་འདིར་ཕྱག་ལེན་རང་རྐང་ཚུགས་པའི་ཡིག་ཆ་མ་བཞུགས་སྟབས་ལམ་འདིའི་རིང་ལུགས་འཛིན་པ་རྣམས་ཀྱི་འཇུག་སྒོར་མེད་དུ་མི་རུང་བར་མཐོང་ནས་འཁྲུལ་མེད་རྡོ་རྗེའི་གསུང་གི་གསང་བ་ཁོ་ན་ལ་བརྟེན་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཁྲིགས་སུ་བསྡེབས་པར་བགྱིས་པ་སྟེ། འདིས་ཀྱང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལྷུན་གྲུབ་རིག་པ་འཛིན་པའི་ས་མཆོག་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

de ltar bla ma zhi ba snang srid zil gnon rtsa ba'i sgrub chen gyi khog dbub rig 'dzin grub pa'i dga' ston ces bya ba 'di ni/___sngon chad gzhung 'dir phyag len rang rkang tshugs pa'i yig cha ma bzhugs stabs lam 'di'i ring lugs 'dzin pa rnams kyi 'jug sgor med du mi rung bar mthong nas 'khrul med rdo rje'i gsung gi gsang ba kho na la brten te 'jigs bral ye shes rdo rjes khrigs su bsdebs par bgyis pa ste/___'dis kyang mtha' yas pa'i sems can thams cad lhun grub rig pa 'dzin pa'i sa mchog mngon du byed pa'i rgyur gyur cig___/sarba dA mang+ga laM//

[edit]
༄༅། །ཟབ་ཆོས་ཡིད་བཞིན་འོད་འཕྲོ་ལས། བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་རྩ་བའི་སྒྲུབ་ཆེན་གྱི་དབུབ་རིག་འཛིན་གྲུབ་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། ༄༅། །བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་རྩ་བའི་སྒྲུབ་ཆེན་གྱི་ཁོག་དབུབ་རིག་འཛིན་གྲུབ་པའི་དགའ་སྟོན་ཅེས་བྱ་བ། བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཡེ་ཤེས་ནི། །ཞིང་འདིར་རྡོ་རྗེ་སློབ་དཔོན་མཆོག་གི་གར། །དཀྱིལ་འཁོར་རབ་འབྱམས་སྤྲོ་དང་བསྡུ་བའི་དཔལ། །སྣང་སྲིད་ཟིལ་གྱི་གནོན་དེས་ཤིས་པ་སྩོལ། །རྒྱུད་ལུང་མན་ངག་ཟབ་དོན་རྒྱ་མཚོའི་བཅུད། །རིག་འཛིན་བྱེ་བའི་གཤེགས་ཤུལ་ཟླ་མེད་པ། །གསང་སྔགས་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཐབས། །མཆོག་ [2a] དངོས་གྲུབ་པའི་དགའ་སྟོན་འདི་ན་སྤྲོ། །དེའང་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་སྒྲུབ་པའི་ཐབས་ཟབ་རྨད་དུ་བྱུང་བ་བླ་མ་རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཚུལ་གསལ་བར་འགོད་པ་ལ་གསུམ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ། རྗེས་ལས་ཀྱི་རིམ་པས་སྒྲུབ་པ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། ཇི་སྐད་དུ། སྟོན་པ་གནས་དང་འཁོར་དང་དུས། །ཡོ་བྱད་ལ་སོགས་གཞིར་ལྡན་ནས། །ཞེས་གསུངས་པ་ལྟར། སྟོན་པ་རྡོ་རྗེ་སློབ་དཔོན་རང་བཞིན་ [2b] བརྒྱད་སོགས་མཚན་ཉིད་དང་ལྡན་ཅིང་ཁྱད་པར་འདི་ཉིད་ཀྱི་དབང་ལུང་བསྙེན་སྒྲུབ་ཉམས་ལེན་མཐར་ཕྱིན་པ། གནས་གུ་རུས་བྱིན་གྱིས་བརླབས་ཤིང་གྲུབ་ཐོབ་གོང་མའི་སྒྲུབ་གནས་བཀྲ་ཤིས་བྱིན་ཆགས་མཐུན་རྐྱེན་ཚང་ལ་དམ་ཉམས་སྡེ་འཁྲུགས་ལ་སོགས་པའི་གྲིབ་ཀྱིས་མ་གོས་པར། འཁོར་རྡོ་རྗེ་རྒྱལ་ཐེབས་དང་གཟུངས་མ་སོགས་ནས་རྡུལ་འཕྱག་ཡན་ཆད་གཞུང་བཤད་མཚན་ཉིད་དང་ལྡན་ལ་ཐ་ནའང་ནང་ཕན་ཚུན་དམ་སེལ་དང་ཐེ་ཚོམ་གྱི་སྐྱོན་མེད་ཅིང་དད་མོས་ཤེས་རབ་ལྡན་པས། དུས་རབ་བཞིའི་ཡར་ངོ་རྒྱལ་བའི་དུས་ཆེན་བཞི་དང་ཉ་སྟོང་བརྒྱད་གསུམ་ཁྱད་པར་ཡར་ངོའི་ཚེས་བཅུ་སོགས་གཟའ་སྐར་འཕྲོད་སྦྱོར་དགེ་བ། ཡོ་བྱད་བླ་མ་ཡི་དམ་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་རྟེན་སོགས་སྒྲུབ་པའི་རྟེན་རྫས་མཆོད་པའི་ཡོ་བྱད་ཉེ་བར་མཁོ་བའི་ཆ་རྐྱེན་གཞུང་ནས་ཇི་སྐད་བཤད་པ་བཞིན་ཉེ་བར་ཚོགས་པའོ། །གཉིས་པ་བསྒྲུབ་པའི་གཞུང་བསྲང་བ་ལ་གཉིས། སྔོན་དུ་འགྲོ་བའི་ལས་རིམ་དང་། དངོས་གཞི་ཇི་ལྟར་བྱ་བའོ། །དང་པོ་ལའང་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། སྒྲུབ་པ་ལ་འཇུག་པའི་སྔ་ལོགས་སུ་བསོད་ནམས་དཔུང་བསྐྱེད་ཅིང་བར་ཆད་བསལ་བའི་དོན་དུ་སཱཙྪ་ནང་གཞུག་དང་ལྡན་པ་གདབ། སྲོག་བསླུ་ཉེའུ་འདོན། ན་རཀ་དོང་སྤྲུགས་དང་ཡིག་བརྒྱ་མང་དུ་བཟླ། རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་སྐོང་མཆོད་གཏོར་རྒྱ་ཆེར་འབུལ། མགྲོན་བཞི་ལ་མཆོད་སྦྱིན་ཇི་ལྟར་རིགས་པ་ [3a] དང་། ལྷ་བསང་རྒྱགས་རྔན། སྡེ་བརྒྱད་ཆ་སྙོམས། དམ་སྲི་གླུ་མདོས་སོགས་གྲངས་ལྡན་བྱ། ཁྱད་པར་ཆོས་ཉིད་ཀྱི་དོན་རྟོགས་ཕྱིར་སྒྲུབ་ཁང་གི་ཤར་དུ་ཤེར་ཕྱིན། བདུད་འཇོམས་ཕྱིར་ལྷོར་སྟོབས་པོ་ཆེ། རྒྱུ་འབྲས་གོ་ཕྱིར་ནུབ་ཏུ་ལང་ཀར་གཤེགས་པ། བར་ཆད་ཞི་ཕྱིར་བྱང་དུ་ཏོག་གཟུངས་དང་གྲྭ་ལྔ་རྣམས་བཀླག །གཞན་ཡང་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་གཏོར་བཟློག་ཞག་གསུམ་མམ་ཉིན་རྫོགས་ལྟ་བུའི་ཞར་བྱུང་དམ་སྲི་མནན་ལིང་འོག་ནས་བྱུང་བ་ལྟར་བྲིས་པ་ལ་འགུགས་བསྟིམ་ནན་ཏུ་བསྒྲུབས་ཏེ་བྱེད་པ་བྱུང་ན་མཆོག་ཏུ་འགྱུར་རོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་དངོས་ལ་ལྔ། སའི་ཆོ་ག །མཚམས་གཅོད་པ། རྟེན་གྱི་དཀྱིལ་འཁོར་བཅའ་བ། སྒྲུབ་པ་པོ་རྣམས་ཕྲིན་ལས་ལ་འཇུག་པར་བྱ་བ། སྣོད་བཅུད་བྱིན་གྱིས་བརླབ་པའོ། །དང་པོ་ལའང་ལྔ་ལས། ཐོག་མར་སའི་མཚན་ཉིད་བརྟག་པ་ནི། སྒྲུབ་གནས་རྙིང་པ་ལ་མི་དགོས་པའི་ཕྱིར་འདིར་མ་སྨོས་ལ་ཤེས་པར་འདོད་ན་གཞན་དུ་བལྟའོ། །གཉིས་པ་ས་བསླང་བ་ནི། སྣང་བ་མི་ལས་བསླངས་ཟིན་པའི་དབང་དུ་བྱས་ཏེ་མི་སྣང་བ་ས་ལྷ་དང་ཡུལ་བདག་སྤྱི་ལས་བསླང་བ་ལ། དཀྱིལ་འཁོར་གང་དུ་བཞེངས་པའི་གནས་ཁང་གཙང་མར་བྱས་ལ་རྒྱན་གྱི་ཁྱད་པར་རྣམས་ཀྱིས་མཛེས་པར་བརྒྱན། སྟེགས་བང་རིམ་གཉིས་པ་ཁེབས་ལྡན་གྱི་བསྟར་དང་པོར་བདག་བསྐྱེད་མཆོད་པ་ས་བླང་གཏོར་མ་དཀར་པོ་རྒྱན་ལྡན་གྱི་གཡས་གཡོན་དུ་སྨན་རཀ །བསྟར་གཉིས་པ་གཡོན་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཀོད། དེའི་མདུན་ཕྱོགས་དཀྱིལ་ [3b] འཁོར་གང་ལ་བྱ་བའི་གཞི་སྟེགས་བྱི་དོར་བྱས་པའི་དབུས་སུ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་ས་ལྷའི་མཆོད་གཏོར་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་དང་། གཞི་བདག་སྤྱི་གཏོར་དཀར་དམར་རྒྱན་ལྡན་གསེར་སྐྱེམས་དང་བཅས། མཐའ་སྐོར་དུ་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམ། ཕྱོགས་གང་བདེར་ལས་བུམ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པ་དང་། ཉེ་ལོགས་སུ་དུང་ཞལ་དྲི་བཟང་གི་ཆུས་བཀང་བའང་བཞག །གཞན་ཡང་ས་གཟུང་གི་ཕུར་བུ་སོགས་འོག་གི་སྐབས་སོ་སོར་དགོངས་པའི་ཡོ་བྱད་ཐམས་ཅད་སྔ་ཚགས་སུ་ཚུད་པར་བྱའོ། །དེ་ནས་འདུས་པ་རྣམས་གྲལ་ལ་འཁོད་དེ་ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས། ལས་བྱང་རྒྱུན་གྱི་ཉམས་ལེན་སྙིང་པོ་དྲིལ་བ་ལྟར་བདག་གི་རྣལ་འབྱོར་གསལ་བཏབ་ལ་བཟླས་པ་ཅི་འགྲུབ་ཀྱི་མཐར་འོད་གསལ་དུ་བསྡུ་ཞིང་སླར་གཉུག་མའི་སྐུར་ལྡང་། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་ལས་ཀྱི་བུམ་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གི་རྣམ་པར་གསལ་བ། བུམ་བཅུད་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་ཡན་ལག་རགས་ལ་ལོ་འདབ་རྒྱས་པའི་སྙིང་པོར་པདྨ་དམར་པོ་འདབ་མ་བརྒྱད་རབ་ཏུ་གྱེས་པའི་སྟེང་དུ་ཟླ་བའི་གདན་ལ་ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། ངོ་བོ་རྟ་མགྲིན་ལ་རྣམ་པ་ [4a] ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཞག་གཅིག་ཕྱག་གཉིས་ཁྲོ་ཞིང་འཛུམ་པ་ལས་ཀྱང་མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཉིས་བདུད་རྩི་ཐབས་སྦྱོར་གྱི་བར་ནས་བུམ་པ་བདུད་རྩིས་བཀང་བ་བསྣམས་པ། ཞི་མ་ཁྲོའི་རྒྱན་ཆ་ལུགས་རྣམས་དང་ལྡན་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཨོཾ་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ཞེས་སྤྱན་དྲངས་ལ་བསྟིམ། སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས་པ་རྣམས་ཀྱིས་བུམ་པའི་བདུད་རྩིས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་ ཤཔྡའི་བར་སྦྱར་བས་མཆོད། ཧཱུཾ་ཧྲཱིཿ དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ༔ འཇིགས་རྔམས་གཏུམ་པས་ལོག་འདྲེན་འབྱུང་པོ་འདུལ༔ ཐབས་མཁས་རོལ་པ་འབར་བའི་ཆ་ལུགས་ཅན༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ཐུགས་ཀར་ཧྲཱིཿདམར་པོའི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བ་གཡས་བསྐོར་དུ་འཁོར་ཞིང་ [4b] སྔགས་འབྲུ་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་དམིགས་ལ་གཟུང་ཐག་བླངས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ༔ བརྒྱ་རྩ་བཟླས་ལ། ཁྲོ་བོ་ཆེན་པོས་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་ཕྲིན་ལས་བཅོལ། ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པས་ཆུ་ནུས་པ་དང་ལྡན་པར་མོས་ལ། ཕྱིན་ཆད་བསང་གཏོར་གྱི་བྱ་བ་ཐམས་ཅད་དེས་བྱའོ། །དེ་ནས་ས་ལྷའི་མཆོད་གཏོར་རྣམས། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷཱུཾ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་བྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤཔྡ་པཱུ་ཛ་ས་མ་ཡ་ཧཱུཾ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོ་སྤུངས༔ ཨོཾ་ཨཱཿཧཱུཾ༔ ལན་གསུམ་རྒྱ་དང་བཅས་པས་བརླབས། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་ལག་གཡས་ས་ལ་བརྡེག་པའི་ཚུལ་བྱ་ཞིང་། ཧཱུཾ་ཧཱུཾ་ཧྲཱིཿཧྲཱིཿཞེས་བརྗོད་པས། ས་དེ་བརྡོལ་བ་ལས་སའི་ལྷ་མོ་བརྟན་མ་སྐུ་མདོག་སེར་མོ་ཕྱག་གཡས་བུམ་པ་བསྣམས་ཤིང་གཡོན་དཔང་པོར་ཁས་ཆེ་བའི་ཕྱག་རྒྱ་ཅན། ལྟེ་བ་ཡན་ཆད་ས་སྟེང་དུ་ཐོན་པ་ [5a] དམ་ཡེ་དབྱེར་མེད་དུ་སྣང་བ་ས་བདག་གི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམ་ཞིང་། ཧཱུཾ༔ ཇི་ལྟར་སྔོན་གྱི་དཔང་མཛད་ལྟར༔ སེམས་ཅན་ཀུན་གྱི་དོན་བྱེད་ཕྱིར༔ བདག་གིས་བྱང་ཆུབ་ངེས་བསྒྲུབ་པས༔ མཆོད་འབུལ་དཔང་མཛོད་ས་འདི་ཞུ༔ བཅུ་གཉིས་ལོ་ཡི་རྟ་ལ་ཞོན༔ ཀོ་ལོང་ཆེ་བའི་ལྷ་དགུ་སོགས༔ འབྱུང་པོའི་ཚོགས་རྣམས་མ་ལུས་པ༔ ས་གླུད་མཆོད་སྦྱིན་འདི་བཞེས་ལ༔ ས་ཕྱོགས་འདི་དག་བདག་ལ་སྩོལ༔ གནས་རྟེན་གཞན་དུ་ཁྱེད་སྤོས་ལ༔ ས་དིར་བཀྲ་ཤིས་མཛད་དུ་གསོལ༔ སརྦ་བྷཱུ་ཏ་པཱུ་ཛ་གྲྀ་ཧྞ་ཁཱ་ཧི༔ ལན་གསུམ། ཤཱིནྟཾ་ཀུ་རུ་ཡེ་སྭཱཧཱ༔ ཞེས་བདེན་པ་བརྡར་ཏེ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བདུད་བཏུལ་ནས་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་ཡང་ས་གཞི་རིན་པོ་ཆེའི་སྟེང་དུ་མཛད་ཅིང་ལྷ་མོ་ཁྱོད་ཀྱིས་སྦྱིན་པར་བྱས་པ་ཡིན་པས༔ དེ་རྗེས་བདག་རྡོ་རྗེ་འཛིན་པས་ཀྱང་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱང་བ་དང་སློབ་མ་བྱང་ཆུབ་ཀྱི་ལམ་ལ་འཇུག་པའི་ཕྱིར༔ སྣང་སྲིད་ཟིལ་གནོན་རྩ་བ་གསུམ་གྱི་དཀྱིལ་འཁོར་འདེབས་པར་འཚལ་བས༔ སའི་བདག་པོ་འཁོར་དང་བཅས་པ་ཁྱེད་རྣམས་ས་གླུད་མཆོད་སྦྱིན་འདིས་ཚིམ་པར་མཛད་ནས་གནས་ [5b] འདིར་བཀྲ་ཤིས་བྱིན་བཙན་པར་མཛོད་ཅིག །ཅེས་གསོལ་བས། ལྷ་མོས་གནང་བ་བྱིན་ནས་ས་དེ་ཉིད་དུ་ཐིམ་པར་བསམ་ཞིང་གཏོར་མ་ཕྱི་རོལ་དུ་འབུལ། སླར་ཡང་ཞིང་སྐྱོང་ཡུལ་བདག་རྣམས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ་ནས། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག༔ སོགས་ལས་བྱང་གི་སྔོན་གཏོར་བཞིན་བདེན་ཚིག་ཕྲིན་ལས་བཅོལ་ཏེ་མཆོད་གཏོར་དང་གསེར་སྐྱེམས་ཕྱི་རོལ་དུ་ཕུལ་ལ་ཚོམ་བུ་དང་མཆོད་པ་རྣམས་བསྡུའོ། །གསུམ་པ་ས་གཟུང་བ་ནི། སློབ་དཔོན་གྱིས་སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་དར་དམར་གྱི་ཅོད་པན་ཅན་བཟུང་ནས་སྟེགས་བུའི་མདུན་དུ་འཁོད་ལ། རང་ཉིད་གུ་རུ་སྣང་སྲིད་ཟིལ་གནོན་དུ་གསལ་བའི་ཐུགས་ཀ་ནས་ཧྲཱིཿཡིག་མར་མེ་ལྟར་འབར་བ་འཕྲོས༔ ཕུར་བུ་ལ་ཐིམ་པས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་དབྱུག་ཐོ་དང་ཐོད་ཁྲག་འཛིན་པ་སྐུ་འཛིན་པ་སྐུ་སྨད་ཕུར་པའི་དཔལ་ཅན་དུ་གྱུར་པར་བསམ་ལ། ཨོཾ་ཧྲཱིཿབཛྲ་ཀྲོ་དྷཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ལན་བདུན་བཟླས་ནས་ས་གཞི་ལ་བཏབ་པས། དེ་ལས་འོད་ཟེར་འཕྲོས་ས་གཞི་ལ་ཁྱབ་པས་སྣང་སྲིད་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ་མོ། །བཞི་པ་ས་སྦྱོང་བ་ནི། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་ [6a] འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་སྣང་སྲིད་ཐམས་ཅད་འོག་མིན་པདྨ་དྲྭ་བའི་ཞིང་ཁམས་ཆེན་པོར་ཡོངས་སུ་རྫོགས་པར་གསལ་ལ་ཏིང་ངེ་འཛིན་རྩེ་གཅིག་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷ་རྨཿསྭབྷཱ་ཝ་ཤུདྡྷོ྅ཧཾ༔ ཞེས་བཟླ་ཞིང་ལག་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་བསམ་ལ་བསྐོར་ཞིང་རེག་པར་བྱའོ། །ལྔ་པ་ས་སྲུང་བ་ནི། ལས་བྱང་ལྟར་བགེགས་ལ་གཏོར་མ་སྦྱིན་ཅིང་བཀའ་བསྒོས་ཏེ་གུ་གུལ་ཡུངས་ཐུན་ཚམ་རྔམས་དྲག་པོ་དང་བཅས་རྒྱང་རིང་དུ་བསྐྲད། སློབ་དཔོན་གྱིས་ལས་ཕུར་ཐོགས་ལ། བདག་གི་ཐུགས་ཀ་ནས་ཁྲོ་བོ་བཅུ་སྤྲོས་པའི་ཚོགས་ཀྱིས་ས་གཞི་གང་བར་གྱུར། ཕུར་བུ་སྟོད་ཞལ་གསུམ་ཕྱག་དྲུག་ཕུར་བུ་འདྲིལ་བ། སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར་པར་བསམ་ལ། ཕུར་བུ་བསྒྲིལ་ཞིང་། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚན་བཛྲ་དྷ་རོད་ཨཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ལན་གསུམ། ཕུར་བུ་ལས་འཕྲོས་པའི་ཁྲོ་ཆུང་དང་མེའི་འོད་ཀྱིས་ས་གཞི་ཁེངས་པར་བསམ་ཞིང་། ལས་བྱང་བཞིན་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ་མོ། །གཉིས་པ་མཚམས་བཅད་པ་ལ་གསུམ་ལས། དང་པོ་ཕྱི་མཚམས་ [6b] བཅད་པ་ནི། སྒྲུབ་ཁང་གི་ཕྱི་རོལ་གྱི་ཕྱོགས་བཞིར་ཐོ་བཞི་ལ་རྒྱལ་ཆེན་སོ་སོའི་སྐུ་དང་སྔགས་བྱང་རྒྱལ་མཚན་ནམ་བ་དན་ཕྱོགས་མདོག་ཅན་བཙུགས། སོ་སོའི་མདུན་དུ་སྟེགས་བུར་གཏོར་མ་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་རེ་དང་། མདུན་དུ་གཡོན་ཕྱོགས་ནས་བརྩམས་པའི་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། སྒྲུབ་པ་པོ་རྣམས་རོལ་ཆས་དང་བཅས་སྒྲུབ་ཁང་ནས་འདོན་ཏེ་ཤར་གྱི་ཐོ་མདུན་དུ་འཁོད་ལ། མཆོད་གཏོར་རྣམས་སྔར་ས་སློང་སྐབས་ལྟར་བྱིན་བརླབས། ཐོ་སྐུ་རྟེན་དང་བཅས་པ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་དྷཱི་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་ཅིང་དྲི་ཟའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས་རྟེན་ལ་བསྟིམ། ཨོཾ་དྷྲི་ཥྚ་རཥྚ་ཡ་སྭཧཱ༔ ལན་བདུན། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤཔྡ་པྲ་ཏཱི་ཙྪ་སྭཱཧཱའི་བར་གྱིས་མཆོད། སྔགས་སྔ་མའི་མཐར། བ་ལིཾ་ཏ་ནཱ་ནཱ་ཁ་ད་ནྟུ་གྲྀ་ཧྞ་ཧཱུཾ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་བདུན་གྱིས་གཏོར་མ་ཕུལ། ཧཱུཾ༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་༔ ཞི་མཛད་དཀར་གསལ་པི་ཝཾ་བསྣམས༔ མཆོད་སྦྱིན་ [7a] གཏོར་མ་འདི་བཞེས་ལ༔ དྲི་ཟའི་གདོན་ཚོགས་མ་ལུས་སྲུངས༔ ཞེས་ཕྲིན་ལས་བཅོལ། རྩ་སྔགས་དང་། ཏིཥྛ་བཛྲས་བརྟན་བཞུགས་བྱའོ། །དེ་ནས་ལྷོར་ཕྱིན་ལ་མཆོད་གཏོར་བྱིན་བརླབས། རྟེན་བསང་སྦྱང་། སྟོང་པའི་ངང་ལས་བཻ་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་འཕགས་སྐྱེས་པོ་རལ་གྲི་འཛིན་ཅིང་གཤིན་རྗེའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ས་བསྟིམ། ཨོཾ་བཻ་རཱུ་དྷཱ་ཀཱ་ཡ་སྭཱ་ཧ༎ ལན་བདུན། ཨརྒྷཾ་སོགས་ཀྱིས་མཆོད། རང་སྔགས་ལ་གཏོར་སྔགས་སྦྱར་བ་ལན་གསུམ་དང་། ཧཱུཾ༔ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ མངོན་སྤྱོད་མདོག་སྔོན་རལ་གྲི་བསྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ གཤིན་རྗེ་གདོན་ཚོགས་མ་ལུས་སྲུངས་༔ ཞེས་དང་བརྟན་བཞུགས་སྔར་ལྟར་བྱ། ནུབ་ཏུ་ཕྱིན་ལ་མཆོད་གཏོར་བྱིན་བརླབས། རྟེན་བསང་སྦྱང་། སྟོང་པའི་ངང་ལས་བི་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་སྤྱན་མི་བཟང་དམར་པོ་སྤུ་གྲི་དང་སྦྲུལ་ཞགས་བསྣམས་ཤིང་ཀླུའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲས་མཱ་ཛཿས་སྤྱན་དྲངས། [7b] ཛཿཧཱུཾ་བཾ་ཧོཿ ས་བསྟིམ། ཨོཾ་བི་རཱུ་པཀྵྰ་ཡ་སྭཱཧཱ། ལན་བདུན། ཨརྒྷཾ་སོགས་ཀྱིས་མཆོད། རང་སྔགས་ལ་གཏོར་སྔགས་སྦྱར་བ་ལན་གསུམ་དང་། ཧཱུཾ༔ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་༔ དབང་ཆེན་མདོག་དམར་སྦྲུལ་ཞགས་འཛིན༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཀླུ་ཡི་གདོན་ཚོགས་མ་ལུས་སྲུངས༔ ཞེས་དང་བརྟན་བཞུགས་བྱ། བྱང་དུ་ཕྱིན་ལ་མཆོད་གཏོར་བྱིན་བརླབས། རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཀུ་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་རྣམ་ཐོས་སྲས་ལྗང་ནག་རྒྱལ་མཚན་དང་ནེའུ་ལེ་འཛིན་ཅིང་གནོད་སྦྱིན་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ས་བསྟིམ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱཧཱ། ལན་བདུན། ཨརྒྷཾ་སོགས་ཀྱིས་མཆོད། རང་སྔགས་ལ་གཏོར་སྔགས་སྦྱར་བ་ལན་གསུམ་དང་། ཧཱུཾ༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ ཡོན་ཏན་ལྗང་ནག་རྒྱལ་མཚན་འཛིན༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ གནོད་བྱེད་གདོན་ཚོགས་སྲུང་མཚམས་མཛོད༔ ཅེས་དང་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་བཅད་པ་ལ་གཉིས་ལས། དང་པོ་དམ་སྲི་མནན་པ་ནི། དུག་ཤོག་ལ་དམ་སྲིའི་ལིངྒ་བྱ་མཆུ་ཅན་ཡན་ལག་ལྕགས་ [8a] སྒྲོག་གིས་བསྡམས་པའི་སྙིང་གར་ཛ་ཏྲི་ཁ་སྤྲོད་ཀྱི་མཐར་མགྲིན་པ་ནས་བརྩམས་པའི་མགོ་ཕྱིར་བསྟན་གྱི། ཡ་མ་དམ་སྲི་གམ་པ་རི་མཱ་ར་ཡ་ཛཿནནཿ ཏྲིའུ་ཏྲིའུ་མཱ་ར་ཡ་ན་མ་ཤོ་ཛཿཁུག་ནནཿཞེས་དང་། གཟུགས་ཀྱི་མཐར་ཡིག་མགོ་ནང་དུ་བསྟན་ལ། དུས་དྲུག་དང་བཅུར་རྒྱུ་བའི་ཉུ་ལེ་དམ་སྲི་རྒྱལ་འགོང་འབྱུང་པོའི་ཚོགས་དང་བཅས་པའི་ལུས་ངག་ཡིད་གསུམ་མཐུ་སྟོབས་རྫུ་འཕྲུལ་ཐམས་ཅད་ནོན་ཅིག༔ བསྐལ་པ་མ་སྟོང་གི་བར་དུ་མ་ལྡང་ཞིག༔ ཨོཾ་ལཾ་ཧཱུཾ་ལཾ་སྟྭ་མྦྷ་ཡ་ནན༔ ཞེས་པ་རྣམས་ཀྱི་མཐར་ཛ་ཁྲམ་གྱིས་བསྐོར་ལ། སྒོའི་ཕྱི་རོལ་ཏུ་དོང་གྲུ་གསུམ་བྲུས་པར་གན་རྐྱལ་དུ་བཞག་པའམ། སྔར་ནས་བསྒྲུབས་པའི་མནན་ཐོད་ཡོད་ན་དེར་བཀོད། གསེར་སྐྱེམས་ཆས། སྐྱེར་ཕུར། ལྕགས་ཟངས་རྡོ་ཕྱེ་ཡུངས་དཀར་སོགས་ཀྱི་ཐུན་རྫས། གུ་གུལ། དུར་རྡོ་ལ་རི་གླིང་དང་རྒྱབ་ཏུ་རྡོ་རྗེ་རྒྱ་གྲམ་བྲིས་པ། ས་ཆུ་མེ་རླུང་། སཱ་ཙྪ་ནག་པོ་སོགས་ཉེར་མཁོའི་ཡོ་བྱད་རྣམས་འདུ་བྱ། སློབ་དཔོན་གྱིས་གསེར་སྐྱེམས་ཐོགས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ཞིང་། ཨོཾ་ཨཱཿཧཱུཾ༔ ཧ་ཧོ་ཧྲཱིཿ ལན་གསུམ། ཧཱུཾ༔ རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ ཁྱད་པར་དཔལ་ཆེན་དབང་དྲག་ཧེ་རུ་ཀཿ བཀའ་སྡོད་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ གསེར་སྐྱེམས་འདི་བཞེས་སྔགས་འཆང་མཐུ་དཔུང་བསྐྱེད༔ གཙང་རིགས་དཔལ་མགོན་སྣང་ [8b] སྲིད་ལྷ་འདྲེའི་ཚོགས༔ ཁྱད་པར་ས་ཕྱོགས་འདིར་གནས་ལྷ་ཀླུ་སོགས༔ གཉུག་མར་གནས་དང་གློ་བུར་ལྷགས་པ་ཀུན༔ གསེར་སྐྱེམས་འདི་བཞེས་སྔགས་འཆང་སྡོང་གྲོགས་མཛོད༔ ས་བདག་རྗེ་བློན་འབངས་འཁོར་བཅས་པ་དང་༔ ལོ་ཟླ་ཞག་དུས་གནས་འགྱུ་ལེགས་ཉེས་སྟོན༔ ཀོ་ལོང་སྡོམ་པའི་རིགས་ཀུན་གསེར་སྐྱེམས་བཞེས༔ རུ་ང་ཀུན་སྤོངས་མཐུན་པའི་སྡོང་གྲོགས་མཛོད༔ ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་འབུལ། མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀོ྅ཧཾ། རང་ཉིད་བདུད་འདུལ་མ་ཧཱ་གུ་རུ་གཟི་བརྗིད་དུས་མཐའི་མེ་ལྟར་འབར་བའི་སྐུར་གྱུར་པར་བསམ་ལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། འགུགས་པའི་རྒྱ་དང་བཅས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། [9a] ཁྱད་པར་བླ་མ་རིག་འཛིན་བདུད་འདུལ་དབང་དྲག་འབར་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་དངོས་གྲུབ་བསྒྲུབ་པ་ལ་བར་དུ་གཅོད་པའི་ཡ་མ་དམ་སྲི་སྒབ་འདྲེ་རྒྱབ་བརྟེན་དང་བཅས་པ་སྐད་ཅིག་རང་དབང་མེད་པར་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་ལན་གསུམ་གྱིས་དགུག་གཞུག་བྱས་ལ། འོག་གི་འདོན་ཚིག་དང་བསྟུན་ཏེ་ཕུར་པ་གདབ། ཐུན་རྫས་བྲབ། གུ་གུལ་བདུག །རོ་གཡམ་གྱིས་མནན་ཅིང་། ཧཱུཾ༔ དམ་སྲི་བྱ་བའི་སྡིག་ཅན་ཁྱོད༔ བླ་མ་ལ་བསྡོས་དཀོན་མཆོག་དམོད༔ བསྟན་པ་བཤིག་ཅིང་ཡོངས་ལ་འཚེ༔ བཀའ་ལས་འདའ་བྱེད་དམ་སྲི་ཁྱོད༔ མཚོན་ཆ་འབར་བས་དུམ་བུར་གཏུབ༔ ལས་ཀྱི་གཤིན་རྗེའི་ལྟོ་བར་བཅུག༔ གླིང་བཞི་རི་རབ་འོག་ཏུ་མནན༔ བྱང་ཆུབ་བར་དུ་མ་ལྡང་ཞིག༔ དམ་སྲི་མཱ་ར་ཡ་ནན༔ སླར་ཡང་ས་ཆུ་མེ་རླུང་འབྱུང་བ་རིམ་པ་དགུ་དང་སཱཙྪ་ནག་པོས་མནན་ཏེ། ཧཱུཾ༔ ཆོས་སྐུ་ཉག་གཅིག་ཐབས་ཤེས་སྐུ་གསུང་ཐུགས༔ ཚད་མེད་བཞི་དང་ཡེ་ཤེས་རྣམ་པ་ལྔ༔ ཕྱིན་དྲུག་ཡན་ལག་བདུན་དང་རྣམ་ཐར་བརྒྱད༔ [9b] ཐེག་པ་རིམ་དགུ་ས་བཅུའི་དབང་ཕྱུག་རྒྱལ༔ དོན་རྟོགས་གཉིས་མེད་ཆེན་པོའི་རྒྱས་གདབ་བོ༔ ཨོཾ་ཨཱཿཧཱུཾ་ལཾ་སྟྭམྦྷ་ཡ་ནན༔ ཞེས་རྒྱས་གདབ་པས་ནམ་ཡང་འདའ་བ་མེད་པར་བསམ་ཞིང་། མཆེད་ལྕམ་རྣམས་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ལས་བྱང་བཞིན་རྟ་བྲོ་བརྡུང་ངོ་། །གཉིས་པ་སྒོ་བྱང་གདགས་པ་ནི། ཕྱི་སྒོའི་གོང་དུ་ལུག་གི་སོག་པ་ལ་གཤིན་རྗེ་མངོན་རྟོགས་ལྟར་བྲིས་པ་རྒྱབ་ཏུ་སྐྱེར་ཕུར་སྔགས་བྱང་ཅན་བཏགས། དམར་གཏོར་དང་ཆུ་གཉིས་ཉེར་སྤྱོད་བཤམས་པ་སྔར་ལྟར་བྱིན་གྱིས་བརླབས། རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་བེ་ཅོན་དང་ཁྲམ་ཤིང་འཛིན་པ་ཁྲོ་གཏུམ་འཇིགས་པའི་ཆས་ཅན་མ་ཧེ་ཉི་ཟླ་པདྨའི་གདན་ལ་བཞེངས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་སྤྱན་དྲངས་ཏེ་བསྟིམ། ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊཿ ལན་བདུན་བཟླས་ལ། ཨརྒྷཾ་ནས། ཤཔྡའི་བར་གྱིས་མཆོད། སྙིང་པོའི་ཤམ་དུ། བ་ལིཾཏ་ཏ་ནཱ་ནཱ་གྲྀཧྞ་ཧཱུཾ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་ཕུལ་ནས། ཧཱུཾ༔ གསང་ཆེན་ལྷུན་གྲུབ་ཕོ་བྲང་དུ༔ བཅོམ་ལྡན་རྡོ་རྗེས་བཀའ་སྩལ་བཞིན༔ ལས་ཀྱི་ཁྲོ་བོ་ཆེན་པོ་ལ༔ སྒྲུབ་ཁང་སྒོ་སྲུང་གཉེར་དུ་གཏད༔ སྒྲུབ་ལ་བར་དུ་གཅོད་པ་ཀུན༔ ས་འདི་ཡན་ཆད་མ་བཏང་ཞིག༔ དཀྱིལ་ [10a] འཁོར་སྐྱོང་བའི་སྲུང་མ་རྣམས༔ རྡོ་རྗེའི་ཡལ་ག་མ་ཐུབ་པར་སྲུངས༔ ཞེས་ཕྲིན་ལས་བཅོལ་ལ་བརྟན་བཞུགས་བྱ། ནང་སྒོར་ར་སོགས་ལ་བདུད་རྩི་འཁྱིལ་བའི་སྐུ་དང་སྐྱེར་ཕུར་སྔགས་ལྡན་བཀོད། མཆོད་གཏོར་བཤམ་ཞིང་བྱིན་བརླབས་སྔར་ལྟར་ལ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་པད་ཉིའི་གདན་ལ་ཧཱུཾ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རལ་གྲི་དང་རྒྱ་གྲམ་འཛིན་པ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་མེ་དཔུང་འབར་བའི་ཀློང་དུ་བཞེངས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུཾ་གིས་མཚན་པ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿཧཱུཾ་བཾ་ཧོཿ ཞེས་སྤྱན་དྲངས་ཏེ་བསྟིམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུཾ་ཕཊ༔ ལན་བདུན་བཟླས་ལ། ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོ་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ་ཏེ། ཧཱུཾ༔ ཁྲོ་བོ་བདུད་རྩི་འཁྱིལ་བའི་སྐུ༔ སྤྲུལ་པའི་འོད་ཟེར་དགྲ་བགེགས་འདུལ༔ དངོས་གྲུབ་བདུད་རྩིའི་རྒྱ་མཚོར་འཁྱིལ༔ དམ་སྲི་ཐལ་བའི་རྡུལ་དུ་རློག༔ ཅེས་ཕྲིན་ལས་བཅོལ་ལ་བརྟན་བཞུགས་བྱའོ། །གསུམ་པ་ནང་མཚམས་བཅད་པ་ལ་གཉིས་ལས། དང་པོ་མ་ཏྲཾ་བསྒྲལ་བ་ནི། མ་ཏྲཾ་གི་གཟུགས་སྔོ་སྐྱ་མགོ་གསུམ་ལག་དྲུག་རྐང་པ་བཞི་པ་དཀྱིལ་འཁོར་གྱི་གཞིར་མགོ་ལྷོ་ནུབ་ཏུ་བསྟན་ཏེ་ [10b] གན་རྐྱལ་དུ་བཞག །སློབ་དཔོན་དྲག་པོའི་ཆས་སུ་བཞུགས་ཏེ་ཤར་ནས་ནུབ་ཏུ་ཕྱོགས་པས་འཁོད་ལ། མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀོ྅ཧཾ། རང་ཉིད་བདུད་འདུལ་མ་ཧཱ་གུ་རུ་དྲེགས་པ་ཐམས་ཅད་ཀྱི་རྗེ་བཙུན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གྱུར་པར་བསམ་ལ། དཀྱིལ་འཁོར་གྱི་ས་མི་དམིགས་པ་ལས་མཱ་ཏྲཾ་རུ་དྲ་མཱ་ར་ཡ་ཛཿ ཞེས་པས། བདུད་པོ་མ་ཏྲཾ་རུ་དྲ་མགོ་གསུམ་ལག་དྲུག་ཁ་དོག་ཐལ་སྐྱ་གཟུགས་ཆེ་ལ་མི་སྡུག་པ་འདར་ཞིང་དངངས་པའི་རྣམ་པ་ཅན་དུ་གསལ་བར་བསམ་ཞིང་། རང་གི་དུག་གསུམ་གྱི་རང་མདངས་རུ་དྲ་སྡེ་གསུམ་དུ་ཤར་བའི་ངེས་པ་བསྐྱེད་པ་ལས་ཕྱི་ནས་འགུགས་བསྟིམ་མི་དགོས་པར་བཞེད། དྲག་སྔགས་སོ་ལྔ་པ་བརྗོད་ལ་ཕུར་སྐོར་ཚམ་རྔམས་དང་བཅས་ཏེ། ཧཱུཾ༔ མ་ཏྲཾ་བྱ་བའི་མ་རུངས་པ༔ སྔོན་ཡང་སྒྲུབ་ལ་བར་དུ་བཅད༔ དཔའ་བོ་ཆེན་པོས་བསྒྲལ་ནས་ཀྱང་༔ ཁོག་པ་གཞལ་ཡས་ཁང་དུ་བརླབས༔ བདག་མེད་ཕུར་པས་བསྣུན་ཏེ་བསྒྲལ༔ ཨོཾ་མཧཱ་པཱུ་ཛྙཱ་ཏ་ཛྙཱ་ན་བཛྲ་ཨཱཏྨ་ཀོ྅་ཧཾཿ ཞེས་ཕུར་པ་བཏབ་ཅིང་རལ་གྲིས་ལྷུ་ཕྲལ་ལ་སྟེགས་བུའི་ལྷོ་ནུབ་ཏུ་མགོ ། ནུབ་ཏུ་སྙིང་། ནུབ་བྱང་ལག་གཡོན། བྱང་དུ་རྐང་གཡོན། བྱང་ཤར་དུ་གསང་གནས། ཤར་དུ་རྐང་གཡས། ཤར་ལྷོར་ལག་གཡས། ལྷོར་གློ་བ་སྟེ་ཕྱོགས་མཚམས་སོ་སོར་བཀོད། མ་ཏྲཾ་རུ་དྲ་ཨེ་རཱ་ [11a] ཙ་མ་དྷ་ལ་བྷཱུཾ༔ རང་གི་ཐུགས་ཀ་ནས་བྷཱུཾ་འཕྲོས་ཁོག་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོར་ལྷུན་གྱིས་གྲུབ་པར་བསམ་ཞིང་། ཧཱུཾ་ཧཱུཾ་ཧཱུཾ་ཧ་ཧ་ཧ་ཕཊ་ཕཊ་ཕཊ༔ ཅེས་བརྗོད་བཞིན་དུ་དཔལ་ཆེན་པོའི་འགྱིང་བ་དང་བཅས་ཏེ་དཀྱིལ་འཁོར་གྱི་གཞི་ལ་གཡས་སུ་བསྐོར་ཞིང་སྲོག་རྩའི་སྒོ་ནས་གཞལ་ཡས་ཁང་གི་ནང་དུ་ཞུགས་པར་བསམ་ལ། གཉིས་པ་ཕུར་བུ་གདབ་པ་ནི། སློབ་དཔོན་གྱི་མདུན་དུ་སེང་ལྡེང་གི་ཕུར་བུ་ཙན་དན་དམར་པོས་ཁ་དོག་བསྒྱུར་ཞིང་དར་གྱི་ཅོད་པན་བཅིངས་པ་བཅུ་བཤམ། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དང་ཤར་ནུབ་ཀྱི་ཕྱི་རོལ་རྣམས་སུ་ཕུར་གདན་བཅུ་ཡང་བཀོད། ཀཱི་ལ་ཡའི་སྔགས་ལན་གསུམ་བཟླས་པས་ཕུར་པ་རྣམས་གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། རཀྟས་བྱུག་པ་རྣམས་བྱས་ལ། བསང་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ཡིག་བཅུ་ཡོངས་སུ་གྱུར་པ་ལས་ཕུར་བུ་རྣམས་ཁྲོ་བོ་བཅུ་སྟོད་ཁྲོ་བོའི་གཟུགས་ལ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་གྱི་གནས་གསུམ་ཨོཾ་ཨཱཿཧཱུཾ་གིས་མཚན་པའི་འོད་ཀྱིས་ཡེ་ཤེས་པ་བཛྲ་ས་མཱ་ཛ༔ ཛཿཧཱུཾ་བཾ་ཧོཿ ཨོཾ་བཛྲ་ཀཱ་ལ་ཝཱ་ཀ་ཙིཏྟ་ཥིཉྩ་ཧཱུཾ༔ རང་གི་ཐུགས་ཀ་ནས་ཁྲོ་བོ་ཊཀྐིརཱ་ཛ་སྤྲོས་ཏེ་ཕྱོགས་སྐྱོང་བཀུག་ནས་སྟེང་འོག་ཕྱོགས་མཚམས་སོ་སོར་ཨེ་བཅུ་བཀོད་པ་ལ་གཟིར་བར་བསམ་ལ། སློབ་དཔོན་གྱིས་གཡས་ཐོ་བ་དང་། གཡོན་ཕུར་བུ་རྣམས་རིམ་པར་ཐོགས་ལ་འབར་ [11b] བའི་སྟངས་སྟབས་དང་བཅས། སྟེང་ཕྱོགས་ཚངས་པ་བསྣོལ་བའི་སྟེང་༔ ཁྲོ་བོའི་རྒྱལ་པོ་ཧཱུཾ་ཀཱ་ར༔ རབ་འཇིགས་ལྕགས་ཕུར་ཚྭ་ཚྭ་འཕྲོ༔ ལྷ་ཡི་གདོན་ཚོགས་མ་ལུས་པ༔ ཧཱུཾ་ཀཱ་ར་ཡིས་མཚམས་བཅད་དོ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ༔ ཤར་ཕྱོགས་དྲི་ཟ་བསྣོལ་བའི་སྟེང་༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ རབ་འཇིགས་ལྕགས་ཕུར་ཚྭ་ཚྭ་འཕྲོ༔ དྲི་ཟའི་གདོན་ཚོགས་མ་ལུས་པ༔ རྣམ་པར་རྒྱལ་བས་མཚམས་བཅད་དོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཕཊ༔ ཤར་ལྷོ་མེ་ལྷ་བསྣོལ༴ ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ཅན༔ རབ་འཇིགས༴ མེ་ལྷའི་གདོན༴ དབྱུག་སྔོན་ཅན་གྱིས༴ ཨོཾ་བཛྲ་ཀྲོ་དྷ་ནྰྀ་ལ་ནྜ་ཧཱུཾ་ཕཊ༔ ལྷོ་ཕྱོགས་གཤིན་རྗེ༴ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ རབ་འཇིགས༴ གཤིན་རྗེའི༴ གཤིན་རྗེ་གཤེད་པོས་མཚམས༴ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་ཕཊ༔ ལྷོ་ནུབ་སྲིན་པོ༴ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན༔ རབ་འཇིགས༴ སྲིན་པོའི༴ མི་གཡོ་མགོན་པོས༴ ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་ཕཊ༔ ནུབ་ཕྱོགས་ཀླུ་གདོན༴ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ རབ་འཇིགས༴ ཀླུ་ཡི༴ རྟ་མགྲིན་རྒྱལ་པོས༴ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུཾ་ཕཊ༔ ནུབ་བྱང་རླུང་ [12a] ལྷ་བསྣོལ༴ ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ༔ རབ་འཇིགས༴ རླུང་ལྷའི༴ འདོད་པའི་རྒྱལ་པོས༴ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ་ཕཊ༔ བྱང་ཕྱོགས་གནོད་སྦྱིན༴ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ རབ་འཇིགས༴ གནོད་སྦྱིན༴ བདུད་རྩི་འཁྱིལ་བས༴ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུན་དྷ་ལི་ཧཱུཾ་ཕཊ༔ བྱང་ཤར་དབང་ལྡན༴ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ རབ་འཇིགས༴ དབང་ལྡན༴ ཁམས་གསུམ་རྣམ་རྒྱལ༴ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ༔ འོག་ཕྱོགས་ས་བདག༴ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ༔ རབ་འཇིགས༴ ས་བདག༴ སྟོབས་པོ་ཆེ་ཡིས༴ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་ཕཊ༔ ཅེས་ཁྲོ་བཅུའི་ཕུར་པ་རྣམས་མ་ནོར་བར་ཕྱོགས་མཚམས་སྟེང་འོག་རྣམས་སུ་གདབ་པས། ཁྲོ་བོ་བཅུ་ལས་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་འཕྲོས། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་ཁང་དུ་གྱུར་པར་བསམ་མོ། །བཞི་པ་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ་ལྔ་ལས། དང་པོ་སྟ་གོན་བྱ་བ་ནི། སྨིན་དབང་གཙོ་བོར་བཏོན་ན་ལྷ་དང་བུམ་པ་སློབ་མ་སྟ་གོན་རྣམས་བྱ་དགོས་པ་ཡིན་ཀྱང་ཚོགས་སྒྲུབ་ཙམ་ལ་དེ་དག་མི་དགོས་པས་བཀའ་བརྒྱད་བདེ་འདུས་སོགས་ཡོངས་གྲགས་ཕྱག་ལེན་གཞན་ལས་ཀྱང་མི་འབྱུང་མོད། ལྷ་སྟ་གོན་ནི་ [12b] གཙོ་བོར་དཀྱིལ་འཁོར་འབྲི་བར་གནང་བར་ཞུ་བའི་དོན་ཡིན་པས་གྲུབ་ན་ལེགས་པ་ལ་ལྷག་སྐྱོན་དུ་མི་འགྱུར་བས་གསང་བ་སྤྱིའི་འགྲོས་ལྟར་སྐབས་འདིར་བྱ་བ་སྤྲོ་ན། དཀྱིལ་འཁོར་གྱི་གཞི་ལ་དྲིའི་ཐེག་ལེ་གཙོ་བོའི་གནས་སུ་གྲུ་བཞི་དང་འཁོར་གྱི་གནས་སུ་ཟླུམ་པོ་རེ་བྱས་པའི་སྟེང་དུ་རྩ་སྔགས་བཟླས་བཞིན་པར་མེ་ཏོག་གི་ཚོམ་བུ་བཀོད། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ་དང་། ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམ། ལས་བྱང་ལྟར་མཆོད་པ་བྱིན་གྱིས་བརླབ། ལྷ་བསྐྱེད་ནས་བརྩམས་བསྟོད་པའི་བར་དུ་བཏང་ནས། ཐལ་མོ་སྦྱར་ཏེ། ཀྱེ་ཀྱེ་དགོངས་ཤིག་དཀྱིལ་འཁོར་ལྷ་ཡི་ཚོགས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་དང་༔ སྐལ་ལྡན་བུ་མཆོག་རྗེས་སུ་འཛིན་པའི་ཕྱིར༔ བདག་ཀྱང་རྡོ་རྗེའི་རིག་པ་འཛིན་རྣམས་ཀྱིས༔ རྩ་གསུམ་དཀྱིལ་འཁོར་ཟབ་མོ་འབྲི་འཚལ་གྱིས༔ ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པས་ལྷས་གནང་བའི་མཚན་མ་ཐོབ་པར་བསྒོམ། འདེགས་པའི་རྒྱ་དང་བཅས། ཨོཾ་བཛྲ་ཨུཏྟིཥྛ། ཞེས་བརྗོད་པས། ལྷ་རྣམས་བར་སྣང་འོད་ཀྱི་གུར་ཁང་དུ་བཞུགས་པར་མོས་ལ་ཚོམ་བུ་དང་མཆོད་གཏོར་རྣམས་བསྡུའོ། །གཉིས་པ་ཆག་ཆག་གདབ་པ་ནི། དུང་ཕོར་རམ་ཀཱ་པ་ལར་དྲི་བཟང་གི་ཆུ་དང་བདུད་རྩི་ཨ་མྲྀ་ཏ་སྦྱར་བ་ཐོགས་ཏེ། ཧཱུཾ༔ རྣམ་རྟོག་དངོས་ནི་རྩ་བ་ལྔ༔ དུག་ལྔ་འཁོར་བའི་རྟགས་ཀྱི་རྒྱ༔ [13a] ཡེ་ཤེས་ལྔ་རུ་སྦྱར་ནས༔ དཀྱིལ་འཁོར་སྣ་ལྔ་ཡོངས་སུ་རྫོགས༔ གུ་ཧྱ་ཙཀྲ་ཛྙཱ་ན་མཎྜ་ལ་ཧཱུཾ༔ ཨོཾ་ད་རི་ད་ར་ཡེ་བྷྱཿ ཨོཾ་བྷཱུཾ་ཏྲཱཾ་ཧྲཱིཿཨཱཿཞེས་བརྗོད་ཅིང་བདུད་རྩིས་དཀྱིལ་འཁོར་གྱི་གཞི་ལ་བྱང་ཤར་ནས་གཡས་བསྐོར་དུ་སྙོམས་པར་བྱུག་གོ །གསུམ་པ་ཐིག་གདབ་པ་ནི། དཀྱིལ་འཁོར་གྱི་ཉིས་འགྱུར་ཚད་ཀྱི་རས་དཀར་སྐུད་པ་ལྔ་བསྒྲིལ་ཕྲ་སྦོམ་སྒོའི་པཉྩ་རེ་ཁཱ་དང་མཉམ་པ་འདུ་བྱ། སློབ་དཔོན་ནུབ་ནས་ཤར་དང་། གཟུངས་མའམ་དེར་མངའ་གསོལ་བའི་ཐིག་གཡོག་ཤར་ནས་ནུབ་ཏུ་ཕྱོགས་པས་འཁོད་དེ། བདག་ཉིད་གུ་རུ་སྣང་སྲིད་ཟིལ་གནོན་དང་གཟུངས་མ་དབྱིངས་ཕྱུག་བདེ་ཆེན་མཚོ་རྒྱལ་དུ་གསལ་བ་སོ་སོའི་གནས་ལྔར་རིགས་ལྔ་ཡབ་ཡུམ་གྱིས་མཚན་པར་བསམ་ཞིང་། ཐིག་སྣེ་ལྟེ་བར་བཟུང་ལ། ཧཱུཾ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ གསང་བ་ཡེ་ཤེས་ཐིག་གདབ་མཛོད༔ མཚན་ལྡན་གཟུངས་མ་གཟུགས་མཛེས་མ༔ གསང་བ་རྡོ་རྗེའི་ཐིག་གདོབ་ཅིག༔ ཅེས་རིགས་ལྔ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་སྤྲིན་ཡུམ་གྱི་མཁར་སྐར་མདའ་ལྟར་སྦྲེང་བས་རྒྱལ་བའི་ཕོ་བྲང་རང་བྱུང་དུ་གྲུབ་པར་བསམ། ཛྙཱ་ན་མ་དྷ་ལ་བྷཱུཾ༔ ཞེས་བརྗོད་བཞིན་གནམ་ཐིག་བཏབ་པས་སྔགས་དང་ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་སད་པར་བྱས། ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བར་མོས། དེ་ནས་ས་ལ་ལས་ཀྱི་ཐིག་གདབ་པ་ནི། ཧཱུཾ༔ [13b] སྣང་སྲིད་ཟིལ་གནོན་དཀྱིལ་འཁོར་ལྷ༔ མགོན་པོའི་ཡེ་ཤེས་དུས་འདིར་ཐོབ༔ གསང་བ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ བྱང་ཆུབ་སེམས་ཀྱི་ཐིག་སྤྲོས་པས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་གསལ༔ ཅེས་བརྗོད་ལ་ལས་ཐིག་རྫོགས་པར་གདབ་སྟེ། ཐིག་ཚོན་གྱི་རིམ་པ་རྣམས་ཇི་ལྟར་བྱ་བའི་ཚུལ་ལོགས་སུ་སྨོས་པ་ལས་ཤེས་སོ། །བཞི་པ་ཚོན་བཀྱེ་བ་ནི། ཚོན་སྣོད་དབུས་མཐིང་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་གུ་བཞག་པར་ཨོཾ་ཧཱུཾ་སྭཱ་ཨཱཿཧཱཿལྔ་བྲིས་ལ་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་རེག་སྟེ། རིགས་ལྔ་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཁ་དོག་ལྔ་ལྡན་ལ་རྣམ་པ་རིན་པོ་ཆེའི་རྡུལ་ཚོན་འོད་འབར་བར་བསམ་ལ་འབྲུ་ལྔ་བརྒྱ་རྩ་བརྗོད། ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷཱུཾ༔ ཞེས་བརྗོད་ཅིང་དབུས་ཀྱི་ཕུར་ཁུང་རིམ་པས་མཐིང་ལྗང་དཀར་སེར་དམར་པོ་རྣམས་བླུགས་ལ་བཀང་སྟེ་འབྱུང་བ་རིམ་བརྩེགས་སུ་ཕོ་བྲང་བཞེངས་པར་བསམ། སློབ་དཔོན་ཤར་དུ་ཕྱོགས་པས་རེ་ཁཱ་གཅིག་དྲངས་ཏེ། ཧཱུཾ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་ངང་༔ རྩ་བ་གསུམ་གྱི་སྐུ་ཐོབ་ཕྱིར༔ ཡེ་ཤེས་ལྔ་ཡི་ཚོན་བཀྱེའོ༔ ཞེས་བརྗོད་ཅིང་ལས་སློབ་སོགས་ཀྱིས་དཀྱིལ་འཁོར་སྒོ་གྲུ་རྟ་བབས་དུར་ཁྲོད་རྡོ་ར་མེ་རི་ལྷ་མཚན་རྫོགས་ཤིང་ཡིད་དུ་འོང་བའི་བཀོད་པ་ཁྱད་པར་ཅན་དུ་ལེགས་པར་བྲིའོ། །གལ་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་མི་འགྲུབ་པའི་ཚེ་ཐིག་ཚོན་གྱི་བྱ་བ་རྣམས་དོར་ནས་གོང་གི་ཆག་ཆག་གྲུབ་པ་དང་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། གང་ལྟར་ཡང་ [14a] མཐར་སློབ་དཔོན་གྱིས་དཀྱིལ་འཁོར་བསྐོར་ཞིང་ཡིག་བརྒྱ་དང་རྟེན་འབྲེལ་སྙིང་པོ་བཟླས་པས་རབ་ཏུ་གནས་པར་བྱས་ལ། ཧཱུཾ༔ སྣང་སྲིད་ཟིལ་གནོན་རྩ་གསུམ་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ལ༔ འགྲོ་བ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར༔ གཟུགས་བརྙནཞེས་སྔར་ནམ་མཁར་བཏེགས་པའི་ལྷ་རྣམས་དཀྱིལ་འཁོར་ལ་ཐིམ་པར་མོས། དེ་དག་གིས་ཉིན་དང་པོའི་བྱ་བ་གྲུབ་བོ། །ལྔ་པ་རྒྱན་འགོད་པ་ནི། བདག་བསྐྱེད་མཆོད་གཏོར་སྨན་རཀ་ཉེར་སྤྱོད་བཅས་ལོགས་གང་དེར་བཤམ། དཀྱིལ་འཁོར་མདུན་ཕྱོགས་སྟེགས་ཡངས་པར་རྒྱན་འགོད་བྱ་རྒྱུའི་རྫས་རྣམས་ཉེར་བསྡོག་བྱ་སྟེ། དེའང་ཡབ་ཀྱི་རྟེན་དུ་གུ་རུའི་སྐུ་ཚབ་གཏེར་བྱོན་སོགས་བྱིན་ལྡན་རིན་པོ་ཆེའི་ཟེའུ་ཁང་དུ་བཞུགས་པ། ཡུམ་གྱི་རྟེན་དུ་ཁ་ཊྭྰྃ་ཀ་དར་སྣ་ལྔས་བརྒྱན་པ། ཞི་བའི་རྟེན་དུ་རྡོ་རྗེ་དང་དྲིལ་བུ་དར་དཀར་དམར་གྱིས་བསྣོལ་མར་བཅིངས་པ། དྲག་པོའི་རྟེན་དུ་གནམ་ལྕགས་ཀྱི་ཕུར་པ་ཁྲོ་ཞལ་ཅན་དར་སྣས་བརྒྱན་པ། གསུང་རྟེན་དུ་རྒྱུད་དམ་སྒྲུབ་ཐབས་ཀྱི་གླེགས་བམ་དར་དམ་གྱི་ན་བཟས་དྲིལ་བ། ཐུགས་རྟེན་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་རང་བྱུང་གི་ཤེལ་རྡོ་ཟུར་དྲུག་པ། ཐུན་མོང་གི་རྟེན་དུ་སྒྲུབ་གཏོར་ནོར་བུ་འབར་བ་རྒྱན་སྤྲོས་ཅན་ལ་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། རྣམ་བུམ་ཉེར་ལྔའི་བཅུད་ལྡན་ཁ་ [14b] རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པ། ཐོད་པ་མཚན་ལྡན་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་མཆོག་དབང་ནས་འབྱུང་བ་ལྟར་བྲིས་པས་བཀབ་པ། བཀྲ་ཤིས་ཚེའི་འབྲང་རྒྱས་ཚེ་གཏོར་བུམ་གཟུགས་ཉི་ཟླ་ནོར་བུས་མཚན་པ། བཅུད་ལེན་གྱི་རིལ་བུ་དང་ཚེའི་ཛ་གད། ཚེ་མདའ་རྒོད་སྒྲོ་མ་དར་སྣ་ལྔ་དང་མེ་ལོང་སོགས་བཏགས་པ་རྣམས་དང་། ཁྱད་པར་གཏེར་གཞུང་ལས། རིན་ཆེན་བུམ་པའི་ནང་དུ་ནི༔ རིན་ཆེན་འབྲུ་སྨན་སྣ་ཚོགས་དང་༔ གནས་ཆེན་ས་རྡོ་ཆུ་སྣའི་རིལ༔ རིག་འཛིན་གྲུབ་ཐོབ་གདུང་རུས་དང་༔ བྱིན་རླབས་དམ་རྫས་ཁྱད་འཕགས་དང་༔ ཁྱད་པར་སངས་རྒྱས་རིང་བསྲེལ་གཞུག༔ ཅེས་གསུངས་པ་ལྟར་མྱང་གྲོལ་སིདྡྷི་རིལ་བུ་སྦྱོར་བ་ལ། སངས་རྒྱས་བྱང་སེམས་རྣམས་ཀྱི་གདུང་དང་རིང་བསྲེལ། རིག་འཛིན་གྲུབ་ཐོབ་རྣམས་ཀྱི་གདུང་རུས། བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ། རིག་འཛིན་གོང་མ་རྣམས་ཀྱིས་བསྒྲུབས་པའི་སེལ་མེད་ཀྱི་དམ་རྫས་ཨ་མྲྀ་ཏ་རྣམས་ལ་གཞི་བྱས། གནས་ཆེན་ཁྱད་འཕགས་ལས་བྱུང་བའི་ཅུ་གང་དང་སིནྡྷུརས་མཚོན་ས་སྣ་ཆུ་སྣ། གསེར་དངུལ་བྱེ་རུ་མུ་མེན་མུ་ཏིག་སྟེ་རིན་པོ་ཆེ་ལྔ། ནས་འབྲས་གྲོ་སྲན་དཀར་སོ་བ་སྟེ་འབྲུ་ལྔ། ཤུ་དག་དབང་ལག་སླེ་ཏྲེ་ཀཎྜ་ཀཱ་རི་ཨ་རུ་ར་སྟེ་སྨན་ལྔ། ལན་ཚྭ་མར་སྦྲང་བུ་རམ་ཏིལ་སྟེ་སྙིང་པོ་ལྔ། ཙན་དན་དཀར་དམར་གུར་གུམ་ག་བུར་ལི་ཤི་སྟེ་དྲི་རྣམས་དང་། རྟག་ཏུ་རིགས་གསུམ། བྱ་རྒོད་ཀྱི་ཤ་ཅུང་ཟད་བཅས་སྦྱར་ཏེ་རིལ་བུ་ཡུངས་དཀར་རམ་ [15a] སྲན་མ་ཙམ་དུ་དྲིལ་ལ་རྩི་དམར་པོ་གསོལ་བ་རིན་པོ་ཆེའི་བུམ་པར་བླུགས་ཏེ་ཁ་བཅད་པར་རིགས་ལྔའི་དབུ་རྒྱན་གསོལ། གཞན་ཡང་མཆོད་པ་རྒྱན་ཆས་གཏོར་མ་སོགས་འོག་ནས་འབྱུང་བའི་ཉེ་བར་མཁོ་བའི་རིགས་རྣམས་ཚོགས་པར་བྱས་ལ། འདུས་པ་རྣམས་ཀྱིས་བརྒྱུད་འདེབས་སྔོན་གཏོར་ནས་བརྩམས་ཕྲིན་ལས་ཀྱི་གཞུང་བསྲང་ལ་བཟླས་པ་ཅི་འགྲུབ་བྱ། འཛབ་ཀྱི་མཆོད་བསྟོད་གྲུབ་པ་དང་སྒྲུབ་རྫས་རྣམས་ལ་གུ་གུལ་བདུག་ཅིང་ཡུངས་ཐུན་བྲབ་ལ། ཨོཾ་ཡཀྴ་ཀ་ལ་ཧཱུཾ༔ ཞེས་སོགས་དྲག་སྔགས་ཚམ་རྔམས་དང་བཅས་པས་བགེགས་བསྐྲད། དེ་ནས་སློབ་དཔོན་གྱིས་ཐོག་དྲངས་ཏེ་རྒྱལ་ཚབ་གཟུངས་མ་རྒྱལ་ཐེབས་སོགས་ཀྱིས་རིམ་པར་མྱང་གྲོལ་རིལ་བུའི་ཕོ་བྲང་། རྣམ་བུམ། སྐུ་གསུང་ཐུགས་རྟེན། གསང་ཐོད། མེ་ལོང་། གཏོར་ཆེན། འཕན་གདུགས་རྒྱལ་མཚན། ཚོན་སྐུད་སྟོད་སྨད་སྒབ་སྐོར། ཁྲོ་བཅུའི་ཕུར་པ། རལ་གྲི་བཞི། མདའ་དར་མེ་ལོང་ཅན་བཞི། མར་མེ་བཅུ་གསུམ། མ་ཏྲཾ་སྣོད་གཅིག་ཏུ་བཞག་པ་སོགས་སོ་སོར་ཐོགས་ཏེ་འཛབ་དབྱངས་བཟླ་བཞིན་དུ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་བའི་མཐར་མདུན་དུ་འཁོད་ལ། ཧཱུཾ༔ སྣང་སྲིད་ཟིལ་གནོན་རྩ་གསུམ་དཀྱིལ་འཁོར་དུ༔ བསྒྲུབ་པའི་རྫས་མཆོག་ཡིད་འོང་བཀོད་པ་ནི༔ རྣམ་རྒྱལ་བུམ་པ་ཕོ་བྲང་གཞལ་ཡས་ཁང་༔ རྩ་གསུམ་ལྷ་ཚོགས་བཞུགས་པའི་གནས་སུ་གསལ༔ བླ་མ་ཡི་དམ་སྐུ་འབག་ [15b] སྐུ་ཡི་རྟེན༔ དམ་རྫས་བདུད་རྩི་གསུང་མཆོག་གསང་བའི་རྫས༔ ཕྱག་མཚན་ཤེལ་དཀར་དྲི་མེད་སྐྱོན་བྲལ་ཐུགས༔ ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་སྤྲིན་གཏིབས༔ སྨན་རཀ་གཏོར་ཚོགས་ཐུགས་དམ་གཉན་པོ་སྐོང་༔ རྡོར་དྲིལ་རྔ་དུང་རོལ་མོ་མཆོད་པའི་སྒྲ༔ ཕུར་པ་རལ་གྲི་མདའ་དར་བར་ཆད་སེལ༔ མེ་ལོང་ཚོན་སྐུད་རྒྱན་རྫོགས་རྟགས་ཀྱི་རྒྱ༔ གདུགས་དང་རྒྱལ་མཚན་མཛེས་ཤིང་ཡིད་དུ་འོང་༔ ཡོལ་བ་བླ་བྲེ་ལྡ་ལྡི་སྣ་ཚོགས་བྲེས༔ དབུ་རྒྱན་ཅོད་པན་རྒྱན་རྫོགས་ཕྲིན་ལས་རྫོགས༔ མཚན་ལྡན་གཟུངས་མ་ཡིད་འོང་བདེ་བའི་ལམ༔ བཟླས་པའི་གྲོགས་དང་གིང་ཆེན་འདོད་པ་སྒྲུབ༔ ཐམས་ཅད་ལྷུན་གྲུབ་བདེ་ཆེན་རོལ་པའི་ངང་༔ ཕོ་བྲང་གཞལ་ཡས་འདིར་ནི་རྣམ་པར་བཀོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཡོངས་རྫོགས་ཤོག༔ ཞེས་བརྗོད་ལ་ལྡིང་ཁྲི་བར་མའི་དབུས་ཀྱི་འཕྲུལ་སྟེགས་ལ་མྱང་གྲོལ་རིམ་བུམ། གཡས་སུ་རྣམ་རྒྱལ་བུམ་པ། གཡོན་དུ་གསང་ཐོད་མེ་ལོང་བཅས། རྒྱབ་ཏུ་གཏོར་ཆེན། མདུན་དུ་ཚེ་འབྲང་ཚེ་རིལ་ཚེ་ཆང་མདའ་དར་སོགས་འགོད། ལྡིང་ཁྲི་གོང་མའི་དབུས་སུ་གུ་རུའི་སྐུ་ཚབ་དང་གཡས་གཡོན་མདུན་རྒྱབ་རྣམས་སུ་སྐུ་གསུང་ཐུགས་རྟེན་གཞན་རྣམས་རིམ་པར་བཀོད། དཀྱིལ་འཁོར་གྱི་རྡོ་རའི་སྟེང་དུ་སྲུང་བའི་ཕུར་བུ་བཅུ་པོའང་སྔར་གདབ་པའི་གོ་རིམ་ལས་མ་འཆུགས་པ་དང་། མ་ཏྲཾ་ [16a] ཡང་དེ་བཞིན་དུ་བཀོད། བང་རིམ་འོག་མའི་ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་གཏོར་མ་བཞི། དེ་རྒྱབ་ཤར་དུ་ཆུ་གཉིས་ཉེར་སྤྱོད། ལྷོར་འདོད་ཡོན་རྣམ་ལྔ། ནུབ་ཏུ་རིག་མ་ལྔ། བྱང་དུ་ཁྲག་གི་མཆོད་ཡོན་སོགས་དྲག་པོའི་མཆོད་རྫས་རྣམས་བཤམས། གཞན་ཡང་དཀྱིལ་འཁོར་གྱི་ཕྱོགས་བཞིར་རལ་གྲི་བཞི་དང་། མཚམས་བཞིར་མདའ་དར་མེ་ལོང་ལྡན་པ་བཞི་རྣམས་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ། སྟེང་དུ་གདུགས། ཟུར་བཞིར་རྒྱལ་མཚན། ལོགས་བཞིར་འཕན་དང་བ་དན་རུ་མཚོན། དར་གྱི་དྲྭ་ཕྱེད། སྟག་གཟིག་གི་སྒབ་དཀྲིས་སོགས་ཕྱག་ལེན་ལྟར་མཛེས་བརྗིད་ལྷུན་ཆགས་པར་བཀྲམ། མདུན་ཕྱོགས་ཀྱི་སྟེགས་བུའི་དབུས་སུ་མཆོད་གཏོར་ནོར་བུ་འབར་བའི་དབྱིབས་ཅན་འཁོར་བཤོས་ཕྲན་བཞི་དང་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར་བ། དེའི་གཡས་ནས་གཡས་སུ་ཆོས་སྐྱོང་ཕོ་རྒྱུད་སྤྱིའི་གཏོར་སྤུངས། མགོན་པོ་མ་ནིང་། ཆོས་རྒྱལ་སྐུ་ལྔ། ཆད་མདོ། སྨན་ཐོད་རྣམས་དང་། གཡོན་ནས་གཡོན་དུ་ལྷ་མོ་མོ་རྒྱུད་སྤྱིའི་གཏོར་སྤུངས། རེ་ཏཱི་མཆེད་བཞི། བཙན་དམར། བརྟན་མ། རཀྟའི་སྣོད་བཅས་བཤམ། དེའི་མདུན་དུ་གཡས་ནས་བརྩམས་ཏེ་ཞི་བའི་ཉེར་སྤྱོད་དང་གཡོན་ནས་བརྩམས་ཏེ་དྲག་པོའི་ཉེར་སྤྱོད་གཉིས་མཇུག་སྤྲོད་ཕྲེང་ཚར་དང་། སྨན་རཀ་གཏོར་མ་ཉེར་སྤྱོད་སོགས་མཆོད་པ་བརྒྱ་རྩའི་རིགས་ཡོད་ནའང་མཐའ་སྐོར་སྟེགས་བུ་རིམ་པ་ཅན་ལ་གོ་རིམ་མ་འཆོལ་བར་བཀོད། དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་ལྕགས་ཧོམ་དུ་ཉུ་ལེའི་ལིངྒ། ལས་ཕུར་སྟགས་ [16b] བཅས། ཡུངས་དཀར་སོགས་ཐུན་རྫས་རྣམས་དང་། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམས་ཏེ་ནང་མཆོད། རྡོར་དྲིལ། ལས་བུམ། ཌཱ་མ་རུ། མེ་ཏོག་སྣོད། གཡབ་དར། ཡུངས་ཐུན་རྣམས་རིམ་པ་བཀོད། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་སྔོན་གཏོར། ཚོགས་ཀྱི་ཡོ་བྱད། སྲུང་མའི་གཏོར་སྤུངས། ཆད་མདོ་བརྟན་པ་སོགས་ཕྲིན་ལས་ལ་དགོས་པའི་རིགས་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ཏེ། མཆོད་རྫས་རྣམས་ལ་སྤྱི་ཁྱབ་ཏུ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་རེ་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ཞིང་ ཡེ་དྷརྨཱ་བརྗོད་ལ་མེ་ཏོག་འཐོར་རོ། །འདི་ཉིན་སྔ་དྲོ་རྡོ་རྗེ་རྒྱལ་ཐེབས་དཔོན་སློབ་ཁ་ཤས་ཀྱིས་ཞི་བའི་སྦྱིན་སྲེག་བྱའོ། །བཞི་པ་སྒྲུབ་པ་པོ་རྣམས་ཕྲིན་ལས་ལ་འཇུག་པར་བྱ་བ་ལ་གསུམ་ལས། དང་པོ་མངའ་གསོལ་ཞིང་གནས་སུ་འགོད་པ་ནི། ལས་རྡོར་གྱིས་ཐོད་ཆང་མར་ཟེགས་ཅན་དང་ཕུད་སྐྱོགས་ཐོགས། རྒྱལ་ཚབ་བམ་རྒྱལ་ཐེབས་ཀྱི་གཙོ་བོས་གྲལ་གཤམ་ནས་བཞེངས་ཏེ་གཏོང་ཐུན་སྔོན་དུ་འགྲོ་བས་དབྱངས་སྙན་བོར་ལེན་ཚུལ་གྱིས། ཧཱུཾ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ [17a] སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ བསྟན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ ཧཱུཾ༔ བླ་མའི་གདུང་འཚོབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབས་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པར་མངའ་གསོལ་དགྱེས་པར་བཞུགས༔ གཉིས་མེད་བདེ་སྐྱེད་མཚན་ཉིད་རབ་ཏུ་བཟང་༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ ཕྲིན་ལས་གཞུང་བསྲང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨ་མངའ་གསོལ་དགྱེས་པར་བཞུགས༔ བར་གཅོད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་མཆོག་མངའ་གསོལ་དགྱེས་པར་བཞུགས༔ ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང་༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ ཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁས༔ རྡོ་རྗེ་དུས་མཚམས་མངའ་གསོལ་དགྱེས་པར་བཞུགས༔ ཕུད་གཙང་གཡོས་མཁས་ཕྱི་ [17b] ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཚང་མངའ་གསོལ་དགྱེས་པར་བཞུགས༔ གཡོས་མཁས་ལྷག་ཆད་མེད་ཅིང་གཙང་སྦྲར་ལྡན༔ རྡོ་རྗེ་བྱན་མོར་མངའ་གསོལ་དགྱེས་པར་བཞུགས༔ གསལ་དག་ཛཔྲ་མཁས་དད་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་མཆེད་ལྕམ་མངའ་གསོལ་དགྱེས་པར་བཞུགས༔ ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུ་ལེ་སྐྲོད༔ རྡུལ་འཕྱག་སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་པའི་ཚིག་དང་བསྟུན་ལ་བདུད་རྩིའི་སྐྱེམས་སོ་སོར་དྲང་ངོ་། །གཉིས་པ་བསྲེ་བསྣན་བྱ་བ་ནི། དབང་མ་ཐོབ་ཅིང་སྔོན་ཆད་སྒྲུབ་གྲལ་དུ་མ་ཞུགས་པའི་མཆེད་གསར་བུ་རྣམས་འདུ་ཁང་གི་ཟུར་ལྟ་བུ་སློབ་དཔོན་གྱི་གསུང་ཐོས་སར་ལོགས་སུ་ཕྱེ། ལས་བྱང་ལྟར་སྨན་རཀ་གཏོར་གསུམ་བྱིན་རླབས་བྱས་ལ། སྐད་ཅིག་གིས་མདུན་གྱིས་ནམ་མཁར་གུ་རུ་སྣང་སྲིད་ཟིལ་གནོན་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས་དང་བཅས་པ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་བཞུགས་པར་བསམ་ཞིང་། རྩ་གསུམ་ཆོས་སྐྱོང་རྣམས་ཀྱི་སྙིང་པོའི་མཐར། ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་བཏགས་ལ་རྐང་ཐོན་དུ་འབུལ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀ་ནས་ཧཱུཾ་ལས་ལས་ཀྱི་ཧེ་རུ་ཀ་རྔམས་ཤིང་བརྗིད་པ་འཕྲོས། དེའི་ཐུགས་ཀ་ [18a] ནས་ཡཾ་མཐིང་ནག་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས་ཏེ་བདུད་རྩི་ལ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་ཡཀྴ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ༔ ཅེས་བརྒྱ་རྩ་བཟླས་པས་བྱིན་བརླབས། ཧཱུཾ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ འདུ་བ་ལ་ནི་མ་གཏོགས་པ༔ འབྱུང་པོ་ཐམས་ཅད་མི་གནས་ཏེ༔ རང་རང་གནས་སུ་མྱུར་དུ་དེངས༔ ཞེས་དང་ལས་སྔགས་སུམྦྷ་ནི་གུ་གུལ་ཡུངས་ཐུན་བཅས་པས་བགེགས་བསྐྲད། བླ་མ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། ཧྲཱིཿ རྒྱུ་ལམ་འབྲས་བུ་དབྱེར་མེད་པའི༔ རིན་ཆེན་གྲུ་གཟིངས་ལྟ་བུའི་ལམ༔ ཐེག་མཆོག་སྒོ་འདིར་འཇུག་གོ་ཅོག༔ ལྟ་སྤྱོད་དྲི་མེད་དམ་ཚིག་བསྲེ༔ ཞེས་བརྗོད་ལ། མཆེད་གསར་པ་རྣམས་ཀྱིས་སྤྱི་བོར་རྡོ་རྗེ་བཞག །བྱིན་གྱིས་བརླབས་པའི་བདུད་རྩི་སྦྱིན་ཅིང་། ཧཱུཾ༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང་༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་ལ༔ གལ་ཏེ་སྙིང་རིང་བརྙས་གྱུར་ན༔ ཡཀྴ་རྡོ་རྗེ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ཁྲག་གཞིབ་ [18b] སྟེ་འཐུང་༔ སྙིང་ལ་ཡང་དག་རབ་གནས་པའི༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་བསྲུང་མཆོག་ཉམས་ན་བརླག༔ ས་མ་ཡ་ཨི་དན་ན་ར་ཀན་པཀྴ་སི་ཡཀྴ་ཧཱུཾ༔ གསར་རྙིང་གྲལ་བསྲེས་ཏེ་རང་གྲལ་དུ་འཁོད་དུ་བཅུག་ལ། དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདུས་པ་ཡིན་པས་དམ་ཚིག་གཞུང་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ རྣམ་དག་ལྟ་སྤྱོད་བླ་མའི་བཀའ༔ རྒྱུད་ལས་མི་འགལ་དམ་ཚིག་མཆོག༔ འདི་ནས་ཀུན་མཁྱེན་མ་ཐོབ་བར༔ སྲོག་ཕྱིར་མི་གཏོང་དངོས་གྲུབ་སྩོལ༔ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུཾ་ཨཱཿཞེས་བརྗོད་དུ་བཅུག་ལ་བདུད་རྩི་མཆེད་གསར་རྙིང་གཉིས་ཀར་གཡས་གཡོན་བསྣོལ་མར་དྲང་། དམ་ཚིག་གི་བསླབ་བྱ་སྤྱི་ལྟར་རྒྱས་པར་བཤད་པའམ་བསྡུ་ན། ཀྱེ༔ འདུས་པའི་མཆེད་ལྕམ་ཐམས་ཅད་ཉོན་ཅིག༔ སྒྲུབ་ཆེན་གྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ནས་ཉེ་རིང་ཕྱོགས་ལྟུང་ཕྲ་མ་ཚོད་ལེན་ལོག་ཆོས་ལོག་ལྟ་བག་མེད་ཀྱི་བྱ་བ་བྲེ་མོའི་གཏམ་སྨྲ་བ་ལོག་སྤྱོད་ཆང་དང་ལེ་ལོ་གཉིད་དང་རྨུག་པ་འཐབ་རྩོད་སོགས་སྒོ་གསུམ་གྱི་བྱ་བ་ཁ་ན་མ་ཐོ་བ་ཐམས་ཅད་སྡོམ་ཞིང་༔ བརྩོན་འགྲུས་དག་ [19a] སྣང་མོས་གུས་དད་པ་ངེས་འབྱུང་སོགས་དང་༔ བླ་མ་ལ་གུས་ཤིང་རྡོ་རྗེ་རྒྱལ་ཐེབས་དང་གཟུངས་མ་རྡོ་རྗེའི་མཆེད་དང་ལྕམ་དྲལ་ཐམས་ཅད་ལ་གུས་ཤིང་གདུང་སེམས་དང་ལྡན་པར་མཛོད་ཅིག༔ གསང་བའི་དཀྱིལ་འཁོར་འདི་ལྟ་བུར་ཞུགས་ནས་མཆོག་གི་དངོས་གྲུབ་དམ་པ་རྩེ་གཅིག་ཏུ་སེམས་པ་མ་གཏོགས་མཐུ་སྟོབས་ཕྲ་མོའི་དངོས་གྲུབ་བསྒྲུབས་པར་མ་སེམས་ཤིག༔ གསང་སྔགས་ཀྱི་ཆོས་ནི་ཨུ་དུམ་ཝ་རའི་མེ་ཏོག་གམ་ཡིད་བཞིན་ནོར་བུ་བས་ཀྱང་ཆེས་དཀོན་པ་བསྐལ་པ་རྒྱ་མཚོར་རྙེད་པར་མི་འགྱུར་བའི་ཕྱིར་ན་དེང་འདིར་བརྩོན་པས་བསྒྲུབ་པར་གྱིས་ཤིག༔ ཅེས་བསྒོའོ། །གསུམ་པ་ཆས་སུ་འཇུག་པ་ནི། ཞི་ཆས་དར་བེར། རིན་ཆེན་རྩེ་བྲན། དར་གྱི་ཅོད་པན། མགུར་ཆུ། དོ་ཤལ། སྐ་རགས། རྡོར་དྲིལ་བཅས་གཟུགས་སུ་བཅོས་པའམ་དངོས། ཁྲོ་ཆས་ཐོད་པ་ཚར་གསུམ་ཕྲེང་བ་གླང་ཀོ་སྦྲུལ་ཆུན། ཞིང་ལྤགས། སྟག་ཤམ། དཔལ་འབར་མེ། མཚལ་དང་ཁྲག་ཆེན་བསྲེས་པ། དཀར་དང་ཐལ་ཆེན་བསྲེས་པ། ས་སེར་དང་ཞག་ཆེན་བསྲེས་པ་རྣམས་ཐོགས་ལ། རྒྱལ་ཚབ་པས་གཏོང་ཐུན་སྔོན་དུ་འགྲོ་བས་དབྱངས་བོར་ལེན་གྱིས། ཧཱུྃ༔ གདོད་ནས་མ་སྐྱེས་ཐུགས་རྗེ་ཞི་བའི་དབྱིངས༔ སེམས་ཅན་དོན་ལ་ [19b] སྤྲུལ་བསྒྱུར་སྣ་ཚོགས་ཀྱི༔ ཐབས་དང་ཤེས་རབ་ཕྱག་རྒྱའི་རྟགས་མཆོག་དང་༔ ཡེ་ཤེས་ལྔ་ལྡན་མཛེས་པའི་རྒྱན་ཆ་འདིས༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དང་༔ དཔའ་བོ་དཔའ་མོ་རྣམས་ལ་མངའ་གསོལ་ལོ༔ ཞེས་ཞི་ཆས་རྣམས་རྡོ་རྗེ་རྒྱལ་པོ་ནས་བརྩམས་ཏེ་རིམ་པར་འབུལ། ཧཱུཾ༔ ཐོད་ཕྲེང་སྐུ་གསུང་ཐུགས་ཀྱི་རྟགས་ཀྱི་རྒྱན༔ སྟོབས་བཅུའི་དོན་གྱི་ཐེག་ཆེན་ཀོ་རློན་རྒྱན༔ དྲེགས་པའི་བདུད་འདུལ་སྦྲུལ་གྱི་ཆུན་འཕྱང་ལྡན༔ ཚུལ་ཁྲིམས་གོ་ཆ་སྟོང་ཉིད་གཡང་གཞིའི་གོས༔ རྟག་ཆད་མཐའ་བྲལ་དཔའ་བོའི་སྟག་ཤམ་མཛེས༔ གཟིག་ཤམ་དོན་དམ་བཅུད་ཀྱི་རྒྱན་དུ་ཆེ༔ ཆགས་བྲལ་སྒྱུ་མར་རོལ་པ་རཀྟས་མཚན༔ གདུག་ཅན་མཐར་བྱེད་ཐལ་བའི་ཚོམ་བུར་ལྡན༔ ཐུགས་རྗེ་ཡེ་ཤེས་དབྱིངས་འདུལ་མེ་ཕུང་འབར༔ ཁྲོ་རྒྱལ་དུར་ཁྲོད་རབ་འཇིགས་ཆས་སུ་བཞུགས༔ རང་རང་རྟགས་ཀྱི་ཆ་ལུགས་རྫོགས་པ་དང་༔ ཉོན་མོངས་མ་སྤངས་རང་དག་རྒྱན་དུ་ཆེ༔ དཀྱིལ་འཁོར་ལྷ་རྣམས་དགྱེས་ཕྱིར་ཕྱག་རྒྱར་འབུལ༔ ཅེས་ཁྲོ་ཆས་རྣམས་སློབ་དཔོན་ནས་བརྩམས་འདུས་པ་ཀུན་ལ་འགྲིམ་ཞིང་རྒྱན་གོས་བགོ་བའི་ཚུལ་བྱ། དཔྲལ་བར་རཀྟའི་ཉི་ཟླ། [20a] མཁུར་ཚོས་གཉིས་ལ་ཐལ་ཆེན་གྱི་རྡོ་རྗེ་ཕྱེད་པ་རེ། ཁ་ལ་ཞག་གི་པདྨ་འདབ་རྒྱད་རྣམས་བྲིས། དེ་ནས་ཐམས་ཅད་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་མ་ཧཱ་བཛྲ་ཧཱུཾ༔ ཞེས་རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གཎྜེ་ཨཱཿཞེས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾཿ ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་རོལ་མོའི་སྒྲ་རྒྱ་ཆེར་བསྒྲག་གོ །ལྔ་པ་ཡེ་ཤེས་དབབ་ཅིང་སྣོད་བཅུད་བྱིན་རློབ་པ་ནི། སློབ་དཔོན་ལས་བྱེད་པ་རྣམས་དཀྱིལ་འཁོར་གྱི་མདུན་དུ་འཁོད། སྒྲུབ་པ་པོ་རྣམས་ཞྭ་གོས་སོགས་གཟི་བྱིན་བསྐྱེད། དར་སྣའི་གཡབ་མོ་དང་དྲི་བཟང་གི་སྤོས་བཏུལ། རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་སྙན་པའི་དབྱངས་ཀྱིས་འགྱུར་བ་དང་བཅས། ཧཱུཾ་ཧྲཱིཿ བདེ་བ་ཆེན་པོའི་ཞིང་ཁམས་སུ། །བརྟན་གཡོ་ཀུན་གྱི་ཁྱབ་བདག་ཆེ། །ཐོག་མའི་འདྲེན་པའི་འོད་མི་འགྱུར། །ཆོས་ཀྱི་སྐུ་ཡིས་བྱིན་ཕོབ་ཅིག །ཡེ་ཤེས་འོད་ལྔའི་གཞལ་ཡས་སུ། །སྐུ་ལྔ་མི་འགྱུར་སྤྱན་རས་གཟིགས། །ངེས་པ་ལྔ་ལྡན་ཟུང་འཇུག་སྐུ། །ལོངས་སྤྱོད་རྫོགས་སྐུས་བྱིན་ཕོབ་ཅིག །དུས་གསུམ་རྒྱལ་བ་ཐམས་ཅད་ལས། །རྨད་བྱུང་ཐུགས་རྗེས་འགྲོ་བ་འདུལ། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ། །པདྨ་འབྱུང་གནས་བྱིན་ཕོབ་ [20b] ཅིག །རབ་འབྱམས་རྒྱལ་ཀུན་བསྐྱེད་པའི་ཡུམ། །ཟབ་ཡངས་ཐེག་པའི་མཛོད་ཀུན་འཛིན། །སྐལ་ལྡན་བྱིན་རློབ་ལུང་སྟོན་མཛད། །མཁར་ཆེན་མཚོ་རྒྱལ་བྱིན་ཕོབ་ཅིག །ཨོ་རྒྱན་དངོས་ཀྱིས་བྱིན་བརླབས་ཤིང་། །ཡིད་བཞིན་འོད་འཕྲོའི་བཀའ་བབས་གཏད། །རྣམ་གྲོལ་ཡེ་ཤེས་སྐུ་བརྙེས་པ། །གཡུ་སྒྲ་སྙིང་པོས་བྱིན༴ པད་འབྱུང་ཐུགས་རྗེའི་སྒྱུ་འཕྲུལ་ལས། །སྙིགས་དུས་གདུལ་དཀའ་འདུལ་བའི་ཕྱིར། །ཟབ་གཏེར་བསྟན་པ་སྤེལ་མཛད་པའི། །རྡོ་རྗེ་ཐོགས་མེད་བྱིན༴ ། གུ་རུའི་ལུང་བསྟན་ཇི་བཞིན་དུ། །བདག་དོན་མངོན་གྱུར་ཚད་མེད་ཀྱི། །ཐུགས་རྗེས་འགྲོ་བའི་དོན་མཛད་པའི། །ཆོས་བདག་སྐྱེས་བུས་བྱིན༴ ། རང་ལས་ཡེ་ཤེས་ཤར་བའི་སྐུ། །མཆོག་གི་དངོས་གྲུབ་སྟེར་མཛད་ཅིང་། །མི་འབྲལ་རྩེ་གཅིག་ཐུགས་དམ་ཅན། །ཡི་དམ་ལྷ་ཡིས་བྱིན༴ གནས་ལུགས་དྭངས་མའི་སྲོག་ཟིན་པས། །སྒྲུབ་པ་པོ་ལ་མི་གཡེལ་འཁོར། །བརྩེ་གདུང་བྱམས་པའི་ཕྲིན་ལས་མཛད། །མཁའ་འགྲོ་སྲུང་མས་བྱིན༴ ། རིག་འཛིན་བརྒྱུད་པ་ཐུགས་རྗེ་ཅན། །ལུས་ལ་སྐུ་ཡིས་བྱིན་གྱིས་རློབས། །བདེ་དྲོད་རང་འབར་བྱིན་གྱིས་རློབས། །ངག་ལ་གསུང་གིས་བྱིན་གྱིས་ [21a] རློབས། །ནུས་པ་ཐོབ་པར་བྱིན་གྱིས་རློབས། །ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས། །གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །རྟོགས་པས་བདག་བརྒྱུད་གྲོལ་བ་དང་། །མཁྱེན་བརྩེས་གཞན་དོན་ནུས་པ་ཡིས། །བདག་གཞན་དོན་གཉིས་ལྷུན་གྲུབ་པར། །རིག་འཛིན་བརྒྱུད་པས་བྱིན་གྱིས་རློབས། །རྩ་གསུམ་དམ་ཅན་ཆོས་སྐྱོང་ཚོགས། །ཐུགས་རྗེ་ཐུགས་དམ་མ་གཡེལ་བར། །བྱིན་རླབས་ནུས་པའི་ཆར་ཆེན་ཕོབ། །དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ། །རྣལ་འབྱོར་བདག་ལ་དབང་ཞིག་སྐུར། །སྒྲུབ་རྫས་རྣམས་ལ་བཅུད་ཅིག་སྩོལ། །སྣང་གསལ་མར་མེར་མདངས་ཤིག་ཕྱུངས། །གཏོར་མཆོད་རྣམས་ལ་བྱིན་གྱིས་རློབས། །སྒྲུབ་གནས་གཉན་པོར་གཟི་བྱིན་སྐྱེད། །མཆོག་ཐུན་དངོས་གྲུབ་ཆབ་ལྟར་ཕོབ། །ཐོད་ཕྲེང་རྩལ་གྱི་ཤམ་དུ། ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་བཏགས་པ་བརྗོད་བཞིན་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཞིང་མོས་གུས་དྲག་པོས་ཐུགས་དམ་བསྐུལ་ཏེ་བདག་གནས་དཀྱིལ་འཁོར་ཡོ་བྱད་དང་བཅས་པ་ལ་བྱིན་དབབ་པས་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོའི་རོལ་པར་གྱུར་པར་མོས། མཐར་རང་གྲལ་དུ་འཁོད་དེ་ཐོད་ཕྲེང་རྩལ་གྱི་འཛབ་དབྱངས་ལན་གསུམ་མཐར་ལས་བྱང་ལྟར་བདག་བསྐྱེད་བསྡུ་ལྡང་ [21b] བསྔོ་སྨོན་བྱས་པས་ཉིན་གཉིས་པ་གྲུབ། དེ་ཡན་ཆད་ཀྱིས་བསྙེན་པ་དང་ཉེ་བར་བསྙེན་པའི་བྱ་བ་རྣམས་རྫོགས་པ་ཡིན་ནོ། །གཉིས་པ་སྒྲུབ་པ་དངོས་གཞིའི་ལས་རིམ་ལ་གསུམ། ཕྲིན་ལས་ཛཔྲ་བསྙེན་དང་བཅས་པས་དངོས་གྲུབ་བསྒྲུབ་པ། དེའི་བར་ཆད་བསལ་ཞིང་བྱིན་འབེབས་པ། དུས་གྲངས་རྟགས་ཀྱི་རིམ་པས་ཚད་བཟུང་བའོ། །དང་པོ་ནི། ཉིན་གསུམ་པ་ནས་བརྩམས་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་ཐུན་དྲུག་གམ་ཉིན་གཉིས་མཚན་གཉིས་ཏེ་ཐུན་བཞི་གང་བདེ་བྱ་བའི་ཉིན་ཐུན་དང་པོར་བརྒྱུད་འདེབས་དང་སྔོན་གཏོར་གཏོང་བ་ནས་བརྩམས་ཕྲིན་ལས་ཀྱི་སྔོན་འགྲོ་རྣམས་རྒྱས་པར་བཏང་། དངོས་གཞིའི་ཏིང་འཛིན་གསུམ་གྱིས་བདག་མདུན་དབྱེར་མེད་དུ་བསྐྱེད། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་བསྟིམ་ཞིང་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་བྱ། བཟླས་པའི་དབུར་སྔགས་ཀྱིས་མདུན་དཀྱིལ་ལ་འཛབ་ཁང་ཕྱེས་ཏེ་གཟུངས་ཐག་བླངས་ལ་བདག་མདུན་སྤྲོ་བསྡུའི་དམིགས་གནད་དང་བཅས་པ་རྩེ་གཅིག་ཏུ་བྱ། འདི་ནས་བཟུང་དངོས་གྲུབ་མ་བླང་གི་བར་ཉིན་མཚན་ཀུན་ཏུ་སྔགས་སྒྲ་སྐད་ཅིག་ཀྱང་མ་ཆད་པར་བྱ་དགོས་པས་ཐུན་པ་རྣམས་ཀྱིས་ཀྱང་རྒྱུན་ཁྱེར་ལྟ་བུས་མངོན་རྟོགས་གསལ་བཏབ་ལ་སྔགས་རྒྱུན་ལེན། སྐབས་འདིར་མྱང་གྲོལ་རིལ་བུའི་འཛབ་དགོངས་དམིགས་བསལ་མ་གསུངས་པས་ཏིང་ངེ་འཛིན་གྱིས་ཁྱབ་པར་བྱས་པས་འཐུས་མོད། སྤྱི་ལྟར་སྦྱོར་བར་སྤྲོ་ན། བུམ་པ་རང་བྱུང་འོད་ལྔའི་གཞལ་ཡས་ཁང་ཆེན་པོ་འཇའ་ཟེར་ [22a] ཐིག་ལེ་དྭངས་མར་འཁྲིགས་པའི་ཀློང་དུ་བུམ་བཅུད་རིལ་བུ་རྣམས་འགྲོ་འདུལ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཚོམ་བུ་རེ་རེ་ལས་ཀྱང་སྤྲུལ་པ་བསམ་གྱིས་མི་ཁྱབ་པར་འཕྲོ་བ་གང་འདུལ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྣམ་རོལ་ཅིར་ཡང་འཆར་བར་བསམ་ཞིང་། རང་གི་ཐུགས་སྲོག་སྔགས་ཀྱི་ཕྲེང་བ་ལས། །འོད་ཟེར་འཕྲོས་པ་གཟུངས་ཐག་ལམ་ནས་བརྒྱུད། །མདུན་བསྐྱེད་ལ་ཕོག་ཐུགས་རྒྱུད་རབ་ཏུ་བསྐུལ། །དེ་ལས་འོད་འཕྲོས་མཁའ་ཁྱབ་རྒྱལ་ཀུན་མཆོད། །གསང་གསུམ་བྱིན་རླབས་འོད་ཟེར་ཚུར་བསྡུས་ཏེ། །རིལ་བུ་ལ་ཐིམ་བྱིན་རླབས་གཟི་བྱིན་འབར། །འགྲོ་དྲུག་སྡུག་བསྔལ་མ་ལུས་ཡོངས་སྦྱངས་ནས། །ཁམས་གསུམ་འཁོར་བ་དོང་སྤྲུགས་མཐུ་ལྡན་གྱུར། །ཅེས་མོས་ལ། སྙིང་པོའི་མཐར། ཨ་ར་པ་ཙ་མི་ཏ་ཧྲི་ད་ཡ་སྭཱཧཱ༔ ཞེས་བཏགས་པ་གཙོ་བོར་བཟླ། སྲོག་ཕྱིར་མི་བཏང་སྒྲུབ་ལགས་བྱིན་གྱིས་རློབས༔ སྙིགས་མའི་དུས་ཀྱི་ཐ་མ་འདི་ཉིད་དུ༔ སངས་རྒྱས་རྣམས་ཀྱི་མཛད་པ་བདག་གིས་སྤྱད༔ བདག་གི་བསམ་པ་སྐྱོན་མེད་འགྲུབ་གྱུར་ཅིག༔ འདའ་ཀ་ཁྱོད་ཀྱི་གསང་བ་གསུམ་དུ་བསྲུང་༔ དམ་ཚིག་ཟུང་འབྲེལ་ཐུགས་དམ་ལུ་གུ་རྒྱུད༔ རིག་པ་སྲོག་བསྡུས་སྐུ་གསུམ་མ་ཐོབ་བར༔ ལུས་དང་སྲོག་གི་ཕྱིར་ཡང་མི་བཏང་ངོ༔ ས་ [22b] མ་ཡ་ཧཱུཾ༔ ཞེས་རྡོ་རྗེའི་དམ་བཅའ་བཟུང་། དེ་ནས་ཉུ་ལེ་བསྐྲད་ཅིང་བྱིན་འབེབས་བྱས་པས་ཐུན་དང་པོ་འགྲུབ། ཐུན་གཉིས་པ་ལ་མཆོད་པ་བྱིན་བརླབ་ནས་དབུ་བཟུང་ཉུ་ལེ་བསྐྲད་གཟིར་བྱིན་འབེབས་ཀྱི་བར་སྔར་དང་འདྲ། ཐུན་གསུམ་པར་ཡང་དེ་དང་མཚུངས་པ་ལས་བསྙེན་བསྟོད་དམ་བཟུང་བཅས་གྲུབ་པ་དང་། བཀའ་གཏེར་སྲུང་མའི་གཏོར་ཆོག་སྤྱི་དང་ཁྱད་པར་མ་ནིང་། རེ་ཏཱི་མཆེད་བཞི། སྐུ་ལྔ། བཙན་དམར་རྣམས་ཀྱི་གཏོར་འབུལ་རྒྱས་པར་བཏང། ཚོགས་མཆོད་འབུལ་ཞིང་ལྷག་མ་བཙོན་དུ་འཛིན། སྲུང་མའི་གཏོར་སྐྱོང་ཆད་བརྟན་རྟ་བྲོ་གཏང་རག་མཆོད་བསྟོད་ནོངས་བཤམས་བརྟན་བཞུགས་བསྔོ་སྨོན་ཤིས་བརྗོད་བཅས་གྲུབ་ནས། མུན་རུབ་ཙམ་དུ་འོག་ནས་འབྱུང་བ་ལྟར་ཉུ་ལེ་བསྐྲད་ཅིང་བྱིན་འབེབས་དང་ཛཔྲ་དབྱངས་བྱས་ལ་ཚོགས་གྲོལ། མཚན་ཐུན་དང་པོ་ལ་མཚམས་གཅོད་སྐྱབས་སེམས་ནས་དབུ་བཟུང་། གཞན་ཉིན་ཐུན་གཉིས་པ་དང་འདྲ་བ་ལས། ཐུན་མཇུག་སོ་སོར་བར་ཆད་བསལ་ཞིང་བྱིན་དབབ་པ་དང་། ཐོར་ཐུན་གཤམ་དུ་ཚོགས་མཆོད་རེའང་གྲུབ་ན་ལེགས། གཞན་ཡང་རྡོ་རྗེ་མཚམས་པ་དཔོན་སློབ་ཀྱིས་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་གཞུང་བསྲང་ལ་ཐུན་བརྡེག་པ་སོགས་མཚམས་གཅོད་དང་སྲུང་འཁོར་ལ་གཙོར་བཏོན། དཔོན་སློབ་ཁ་ཤས་ན་རག་སྐོང་བཤགས་དང་། ཁ་ཤས་ཀྱིས་པདྨ་ཚེ་དཔག་མེད་ཀྱི་གཞུང་བསྲང་བའམ་མི་ལྕོགས་ན་ཐུན་ལ་བར་ཆད་བསལ་ཞིང་བྱིན་རླབས་ཀྱི་གཟི་བྱིན་དབབ་པ་ནི། སློབ་དཔོན་ནམ་རྒྱལ་ཐེབས་སྔགས་ཆས་དང་ལྡན་པས་དཀྱིལ་འཁོར་གྱི་མདུན་དུ་འཁོད། [23a] ཧོམ་ཁུང་ཉུ་ལེའི་ལིངྒ་བཅས་པ་དང་། ལས་ཕུར་ཐུན་རྫས་སོགས་བཀོད་ལ། པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅ཧཾ། ཞེས་པས། སྣང་སྲིད་ཐམས་ཅད་ཁྲོ་བོ་རོལ་པའི་དཀྱིལ་འཁོར་དུ་གསལ་བའི་ང་རྒྱལ་བརྟན་པོས། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བླ་མ་རིག་འཛིན་བདུད་འདུལ་དབང་དྲག་འབར་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ [23b] ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ཁུག་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུཾ་བྃ་ཧོཿ ཞེས་ལན་གསུམ་གྱིས་འགུགས་གཞུག་བྱས་ལ། །གིང་པ་ལས་ཀྱི་ཕོ་ཉར་གསལ་བའི་ཐུགས་ལས་མཚོན་ཆའི་ཆར་བབས་པས་གནོད་བྱེད་རྡུལ་དུ་བརླག་པར་བསམ་ཞིང་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུཾ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུཾ༔ ང་ནི་པདྨ་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དྲག་པོའི་ལྷ་ཚོགས་འདུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་བུ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུཾ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ༔ ཅེས་སློབ་དཔོན་གྱིས་དྲག་སྔགས་ཕུར་སྐོར་བཅས་པས་གདབ་ཅིང་། ཊཀྐི་རྣམས་ཀྱིས་ཐུན་གྱིས་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུཾ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ [24a] ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་མའི་ཟེར་ལྟར་འཕྲོ༔ སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ བུ་ཡུ་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུགས༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་འབྲུག་སྟོང་སྒྲོག༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོའི་ལྕགས་ཀྱུའི་རྩེ་ལ་མེ་ཆེན་འབར༔ བ་སྤུ་གནམ་ལྕགས་ཞུན་མའི་རྡོ་རྗེ་འཁྲུགས༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང་༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན༔ བདུད་ལ་ [24b] བབ་ན་སྙིང་ཁྲག་དྲོན་མོ་གསོལ༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་ལ་སོགས༔ ཕུང་པོ་དུམ་བུར་གཏུབ་ལ་དོན་སྙིང་སྲེག༔ དམ་ཉམས་ཉུ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ཧཱུཾ༔ གྲུ་བུ་གྲུ༔ ཨ་པ་ཙེ༔ རཱུ་པ་ཙེ༔ ནར་ཙེ༔ ཙ་མེ་ཐུན་ཐུན༔ ནཱ་ཤ་ཡ༔ སྟྭམྦྷ་ཡ༔ ཡཀྴ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན༔ ཞེས་དྲག་སྔགས་རོལ་མོ་རྫས་དང་རྡོ་ཐུན་སོགས་དང་ཁྱད་པར་གྱི་དབྱུགས་པས་བསྡིགས་ཤིང་བསྐྲད་པར་བྱའོ། །དེ་མ་ཐག་དངོས་གྲུབ་སྟེར་བའི་ལྷ་འབྱུང་ཕྱིར་བྱིན་དབབ་དགོས་པར་གསུངས་པས་སྔར་བཤད་པ་ལྟར་རམ་ལས་བྱང་ནས་འབྱུང་བ་སོགས་གང་འོས་ཀྱིས་བྱིན་འབེབས་རྒྱས་པར་བྱ་ཞིང་འཛབ་དབྱངས་ཀྱང་གྱེར་རོ། །གསུམ་པ་དུས་གྲངས་རྟགས་ཀྱི་རིམ་པས་ཚད་བཟུང་བ་ནི། དུས་ནི་སྨིན་སློབ་ལ་ཟླ་བ་དྲུག་དང་། མོས་སློབ་ཀྱི་དབང་དུ་མཛད་ནས་ཟླ་བ་གཅིག་གམ་ཞག་བདུན་ནམ་ཉིན་ཞག་གསུམ་གྱིས་མཐའ་བརྟེན་པར་བསྒྲུབས་པས་ཀྱང་དུས་དང་དབང་པོ་མཐུན་པར་དངོས་གྲུབ་ཅི་རིགས་པ་ཐོབ་པར་འགྱུར་བར་གསུངས་ཤིང་། གྲངས་དང་རྟགས་ནི་གསང་བ་སྤྱི་དང་ཁྱད་པར་འདི་ཉིད་ཀྱི་གཞུང་ལས་འབྱུང་བ་ལྟར་ཤེས་པར་བྱ་སྟེ། [25a] ལྟས་བཟང་གཏན་ལ་ཕེབས་པ་ན་དངོས་གྲུབ་བླང་བ་ལ་འཇུག་གོ །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ། བདག་དོན་དངོས་གྲུབ་བླང་བ། གཞན་དོན་དབང་བསྐུར་བ། མཇུག་སྡུད་མཐའ་རྒྱས་ཀྱི་རིམ་པའོ། །དང་པོ་ནི། སྒྲུབ་པ་སང་ཉིན་གྲོལ་རྒྱུའི་དེ་རིང་གི་དགོངས་ཐུན་ནས་དངོས་གྲུབ་བླང་བའི་རྫས་བཤམ་སྟེ། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་ལྡན་དཀར་པོའི་སྟེང་དུ་འབྲུ་དཀར་གྱི་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་ཁར་རིན་པོ་ཆེའི་སྣོད་དུ་ཆང་དང་ཨ་མྲྀ་ཏ་དཀར་མངར་འབྲུ་བཅུད་སྦྱར་བའི་འབྲང་རྒྱས་རིན་ཆེན་འབར་བའི་དབྱིབས་ཅན་གྱི་ཕྱོགས་བཞིའི་འབྲང་རྒྱས་ཀྱིས་བསྐོར་བཞག །དེ་སྟེང་མཉྫི་ལ་ཐོད་པ་མཚན་ལྡན་ཆང་བཟང་པོས་བཀང་བ་འགོད། མཐར་དངོས་གྲུབ་ཀྱི་རྫས་ཟླ་གམ་དབང་གིས་ཟས་ལ་དུའམ་ཁུར་བ། རྡོ་རྗེ་ཚེའི་ཟས་འབྲང་རྒྱས། བཀྲ་ཤིས་དག་པའི་ཟས་ཟླ་རྒྱས་དང་ཟླ་ཕྲུམ། གལ་ཕྱེ། ཤིང་ཏོག་གི་རིགས། མཱཾ་ས། མ་ད་ན་སོགས་བཟའ་བཅའ་བཏུང་བའི་རིགས་གྱུར་མ་ཚང་བ་མེད་པས་བསྐོར་ལ་རྫས་རྣམས་དར་དམར་མཐིང་གི་ཁེབས་ཀྱིས་བཀབ་ལ་བཞག །འདི་ཉིན་པདྨ་རྒྱལ་ཐེབས་དཔོན་སློབ་ཁ་ཤས་ཀྱིས་དབང་གི་སྦྱིན་བསྲེག་ཀྱང་བྱ། དེ་ནས་ཕྱིར་ནངས་ཐོར་ཐུན་སྔ་བར་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བཟླས་པ་གྲུབ་ནས་གཟུངས་ཐག་བསྡུས་ལ་བསྙེན་རྒྱུན་སྔ་མ་གྲོལ། ཐུན་པ་རྣམས་ཀྱིས་རྩ་བསྙེན་ལ་དངོས་གྲུབ་བླང་བའི་སྔགས་བཏགས་པ་བཟླ། སྲུང་མའི་གཏོར་འབུལ་གྲུབ་ [25b] པ་དང་། དངོས་གྲུབ་ལ་མི་དབང་བའི་ལྟ་ཉན་གྱི་བགེགས་བསྐྲད་པ་ནི། ཧཱུཾ༔ དངོས་གྲུབ་སྒྲུབ་ལ་བར་གཅོད་བྱེད་པ་ཡི༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས༔ ཆེ་མཆོག་དབང་ཆེན་རྡོ་རྗེ་ཐོད་ཕྲེང་གིས༔ བསྐྲད་གཟིར་མནན་ནས་རྡུལ་དུ་བརླག་པར་མཛོད༔ ཅེས་དང་དྲག་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད་ལ་ལས་བྱང་ལྟར་སྲུང་འཁོར་བསྒོམ། ཡེ་ཤེས་སྐུ་མཆོག་སོགས་བརྗོད་མེད་དོན་བཤགས་དང་ཡི་གེ་བརྒྱ་པ་མང་དུ་བཟླས་པས་ནོངས་པ་བཤགས། སྤོས་དང་རོལ་མོར་བཅས་ལས་བྱང་བཞིན་བྱིན་འབེབས་བྱས་མཐར། སྣང་སྲིད་ཟིལ་གནོན་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་རང་འོད་ཀྱི་ཤེས་རབ་མ་དང་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། འགྲོ་བའི་རྒྱུད་སྦྱངས། བདེ་བར་གཤེགས་པ་རྣམས་ལ་ཕོག་པས་དགྱེས་པ་བསྐྱེད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཚུར་འདུས་བདག་ལ་ཐིམ་པས་གསལ་ཞིང་བརྟན་པར་བྱས། རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར་པར་བསམ་ལ། དངོས་གྲུབ་རྫས་ཀྱི་ཁར་གཟུངས་ཐག་བཞག་པའི་སྣེ་མོ་ནས་བཟུང་ལ་བསྙེན་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུཾ༔ ཞེས་བཏགས་པ་བརྒྱ་སྟོང་ཅི་ [26a] འགྲུབ་བཟླ། བཟླས་པ་འགྲུབ་ནས་གཟུངས་ཐག་བསྡུས་ལ་ཁེབས་བསལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་དངོས་གྲུབ་འབྲུ་གསུམ་གྱི་ཚུལ་དུ་བར་མ་ཆད་པར་རང་གི་གནས་གསུམ་དུ་ཐིམ་པར་གྱུར་པར་མོས་ལ། སྐྱ་རེངས་འཆར་བ་དང་བསྟུན་རྒྱལ་ཚབ་སོགས་ཀྱིས་མྱང་གྲོལ་རིལ་བུའི་ཕོ་བྲང་། རྣམ་རྒྱལ་བུམ་པ། སྐུ་གསུང་ཐུགས་རྟེན། ལས་བཞིའི་འབྲང་རྒྱས་སོགས་རྫས་རྣམས་རིམ་པར་བཏེགས་ལ་དངོས་གྲུབ་བླང་བ་དངོས་ནི། ཧཱུཾ༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ དང་པོར་བསྙེན་ཅིང་བར་དུ་མི་གཡེལ་བསྒྲུབས༔ ད་ལྟ་དོན་དམ་གཉིས་མེད་ངང་དུ་གཅིག༔ དེང་སང་སྐྱ་རེངས་དང་པོ་ཤར་ལ་ཉེ༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས་ལ་ཁད༔ བཟླས་བརྗོད་བསྙེན་པའི་ཞག་གྲངས་ཀྱང་ཐེམ༔ དངོས་གྲུབ་སྩོལ་བའི་དུས་ལ་ད་བབ་པས༔ སྐལ་ལྡན་བདག་ཅག་རྣམས་ལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུཾ་སརྦ་སིདྡྷི་ཕ་ལ་ ཧོཿ ཞེས་དང་ཕྲིན་ལས་རང་གཞུང་གི་དངོས་གྲུབ་བསྐུལ་ཚིག་བརྗོད་ལ། རྡོ་རྗེ་རྒྱལ་པོ་ནས་བརྩམས་མཆེད་ལྕམ་འདུས་པ་ཐམས་ཅད་ལ་དངོས་གྲུབ་ཀྱི་རྫས་བཀྱེ། སྒྲུབ་རྟེན་རྣམས་གནས་གསུམ་དུ་གཏུགས་ཤིང་དམ་རྫས་རྣམས་ལ་ལོངས་སྤྱད་པས་སྟན་ཐོག་དེ་ཉིད་དུ་དངོས་གྲུབ་རྣམ་གཉིས་བདེ་བླག་གི་ཆུལ་གྱིས་ཐོབ་པར་བསམ་ [26b] ལ་བདེ་སྟོང་གི་ཉམས་བསྐྱང་ངོ་། །སྐབས་འདིར་གཙོ་བོ་རྡོ་རྗེ་སློབ་དཔོན་ནམ་རིན་ཆེན་རྒྱལ་ཐེབས་དཔོན་སློབ་ཁ་ཤས་ཀྱིས་རྒྱས་པའི་སྦྱིན་སྲེག་བྱ་ཞིང་ཚོམ་བུ་དང་དངོས་གྲུབ་ཀྱི་ཕུད་སོགས་མེ་ཐབ་ཏུ་འབུལ། དེ་ནས་ལས་བྱང་གི་ཚོགས་བྱིན་རླབས་ནས་བརྩམས་ཚོགས་མཆོད་བསྐང་བཤགས་རྒྱས་པར་བྱ་ཞིང་། ཞལ་བསྟབ་སྐབས་སུ་ཉུལ་ལེའི་ལིངྒ་མེར་བསྲེགས་ནས་ཐལ་བ་ཆོས་སྐྱོང་གཏོར་མར་བསྟབ། ཚོགས་ལ་རོལ་ཏེ་ལྷག་མ་བསྡུས་ལ་སྔར་བཙོན་འཛིན་བྱས་པའི་ལྷག་མ་དང་ལྷན་ཅིག་ལྷག་ཆོག་བྱས་པའི་མཐར་འབེབས་རིང་རྐང་གླིང་བཤུགས་པའི་སྒྲས་མཚོན་པར་ལྷག་ལེན་གིང་པས་རྒྱུག་དུར་གར་སྟབས་ཀྱིས་ཁྱེར་ཏེ་སྒྲུབ་ཁང་ཕྱི་རོལ་ལྷོ་ནུབ་གོམ་པ་བདུན་ཅུའི་མཚམས་སུ་བསྐྱལ། བཀའ་སྲུང་གཏོར་འབུལ་ཆད་མདོ་བརྟན་སྐྱོང་བྱས་ལ་རྒྱུན་བཞག་གི་གཏོར་མ་རྣམས་མེ་སྒྲོན་བཅས་ཡང་ཐོག་ལྟ་བུར་འབུལ་ཞིང་རྟ་བྲོ་བརྡུང་། དཀྱིལ་འཁོར་བཏང་རག་གི་མཆོད་བསྟོད་རྒྱས་པར་བྱའོ། །གཉིས་པ་གཞན་དོན་དབང་བསྐུར་བ་ནི། སྨིན་བྱེད་རྩ་བའི་དབང་བསྐུར་ཉིད་དམ་སློབ་མ་ཐུན་མོང་བ་ལ་གཏོར་དབང་སྙིང་པོ་བསྡུས་པ་ཙམ་སྟེ། རྒྱས་བསྡུས་སྐབས་སུ་གང་བབས་པ་བཞིན་ལེགས་པར་བསྐུར་རོ། །དེ་དག་གིས་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་རིམ་པ་རྣམས་རྫོགས་པ་ཡིན་ནོ། །གསུམ་པ་མཇུག་མཐའ་རྒྱས་ཀྱི་རིམ་པ་ལ་ལྔ་ལས། དང་པོ་གཏེར་སྦེད་ནོངས་བཤགས་བསྡུ་རིམ་དང་བཅས་པ་ནི། བཀྲ་ཤིས་པའི་རྟེན་འབྲེལ་དུ་གཏེར་བུམ་བྲེ་གང་ཤོང་བའི་ནང་དུ་ལྔ་ཚན་ལྔ་དང་དར་ཟབ་སྨན་འབྲུ་རིན་ཆེན་ [27a] ཟས་སྣ་རྣམས་དང་སྒྲུབ་གཏོར་གྱི་ཆ་ཤས་ཀྱིས་བཀང་སྟེ་ཁ་བཅད་པ་ཐོགས་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ཏེ། ཧཱུཾ༔ འབྱུང་བ་ལྔ་ནི་སངས་རྒྱས་དངོས༔ ས་ཡི་ལྷ་མོ་ཁ་ཕྱེས་ཤིག༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བཞི༔ སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ༔ སྙིང་པོ་རིན་ཆེན་དར་ཟབ་འབྲུ༔ སྨན་སྣ་དམ་རྫས་གཏོར་མ་ཡི༔ ཡིད་བཞིན་གཏེར་མཆོག་འདི་སྦས་པས༔ འདིར་འདུས་རྣལ་འབྱོར་བདག་ཅག་རྣམས༔ བླ་མེད་བྱང་ཆུབ་མ་ཐོབ་བར༔ སྐྱེ་རྒ་ན་འཆིའི་དུས་བྱུང་ཚེ༔ གཏེར་མཆོག་འདི་ཡི་བྱིན་རླབས་ཀྱིས༔ བདེ་ཐོབ་ལོངས་སྤྱོད་ལྡན་པར་ཤོག༔ ནད་དང་མུ་གེ་མཚོན་ལ་སོགས༔ འཇིགས་པ་བརྒྱད་ལས་ཐར་བ་དང་༔ སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡི༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཕྱག་རྒྱ་ལྔ་ཡིས་རྒྱས་གདབ་པས༔ ཡོན་ཏན་མཐའ་རྒྱས་བཀྲ་ཤིས་ཤོག༔ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་བྷཱུཾ༔ ཞེས་བརྗོད་ལ་སྒྲུབ་ཁང་གི་ཕྱོགས་གང་བདེར་སྦ་ཞིང་བཀྲ་ཤིས་བརྗོད་དོ། །དེ་ནས་ལས་བྱང་གི་བཟོད་གསོལ་དང་ཡིག་བརྒྱ་ལན་གསུམ་བཟླས་པས་ནོངས་པ་བཤགས། རྡུལ་ཚོན་གྱི་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། ཨོཾ་ཨཱཿཧཱུཾ༔ སྤྲུལ་པའི་དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་མོས། རས་བྲིས་ཀྱི་དཀྱིལ་འཁོར་ཡིན་ན་ཡེ་ཤེས་བརྟན་བཞུགས་ [27b] བྱ། བདག་སྐྱེད་ཉེར་བསྡུ་བྱས་ལ་སྐད་ཅིག་གིས་གཉུག་མའི་ལྷར་ལྡངས་ཏེ། རང་ལུས་འབྱུང་ལྔ་སྐྱེ་མཆེད་སོགས༔ ཡེ་ནས་རང་བྱུང་དཀྱིལ་འཁོར་ལ༔ དབྱེར་མེད་ལྟ་སྤྱོད་ཟུང་འབྲེལ་ནས༔ ཀུན་ཀྱང་འདྲེན་པའི་སྤྱོད་ལམ་བྱ༔ ཅེས་དང་། རང་ལུས་ལྷར་གསལ་བ་མེ་དཔུང་གི་དཀྱིལ་ན་ཡོད་པའི་ང་རྒྱལ་བྱས་ལ། ཨོཾ་བཛྲ་རཀྵ་ཧཱུཾ༔ བཛྲ་ཀཱ་ཝ་ཙི་ཧཱུཾ༔ བཛྲ་བཛྲ་ཧཱུཾ༔ ཞེས་རྡོ་རྗེའི་གོ་ཆ་ཞུ་ལུགས་སུ་གྱོན་པར་བསམ་ཞིང་། ངོ་བོ་སྟོང་ཞིང་བདག་མེད་ཅིང་༔ ཅིས་ཀྱང་མི་འགྱུར་མི་ཤིགས་པའི༔ སྟོང་པའི་གོ་ཆ་བླ་ན་མེད༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན༔ གནོད་བྱེད་བགེགས་ཀྱིས་ག་ལ་ཚུགས༔ ཧཱུཾ་ཧཱུཾ་ཨ་ཨཱཿཞེས་བརྗོད་ལ་སྤྱོད་ལམ་རྣམ་བཞིར་ལྷའི་ང་རྒྱལ་དང་མ་བྲལ་བར་བྱའོ། །གཉིས་པ་མཚམས་དཀྲོལ་བ་ནི། རྒྱལ་ཐོ་བཞི་དང་སྒོ་བྱང་ཕྱི་ནང་གི་མཆོད་གཏོར་བཅས་འདུ་བྱ། ཕྱི་རོལ་དུ་ཤར་གྱི་ཐོ་རྩར་ཕྱིན་ལ་བྱིན་བརླབས་སྔར་བཞིན་བྱ། རྒྱལ་ཆེན་སོ་སོའི་རང་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད་ནས། ཧཱུཾ༔ རྒྱལ་བའི་སྤྱན་སྔར་ཁས་བླངས་བསྟན་པ་སྲུངས༔ ཤར་ཕྱོགས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ ཟབ་ཅིང་རྒྱ་ཆེ་གཟིགས་པའི་སྤྱན་ཡངས་པོ༔ འཇིག་རྟེན་སྐྱོང་བ་གཏང་རག་མཆོད་སྦྱིན་བཞེས༔ རང་རང་གནས་སུ་གཤེགས་པར་མཛད་ [28a] དུ་གསོལ༔ བཛྲ་མུཿ ཞེས་གཤེགས་སུ་གསོལ་ལ་ཐོ་བྱང་བསྡུ། ཕྱོགས་གཞན་གསུམ་ལ་དེས་འགྲེས་ཏེ་སོ་སོའི་སྔགས་བརྗེ་བ་དང་། ཕྲིན་བཅོལ་ཚིག་རྐང་གཉིས་པ་ལ། ལྷོ་ཕྱོགས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ ཞེས་དང་། ནུབ་ཕྱོགས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ ཞེས་དང་། བྱང་ཕྱོགས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཞེས་བསྒྱུར། སྒོ་བྱང་ཕྱི་ནང་ལའང་སྔར་ལྟར་བྱིན་བརླབས་དང་སོ་སོར་རང་སྔགས་ཀྱིས་གཏོར་མ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་སོགས་ཀྱིས་ཕྲིན་ལས་བཅོལ་ནས། བཛྲ་མུཿས་གཤེགས་སུ་གསོལ་ལོ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། སློབ་དཔོན་ནམ་རྒྱལ་ཚབ་པ་དཀྱིལ་འཁོར་གྱི་ཟུར་དུ་འཁོད་ལ། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐྰི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷཱ་ར་ཨ་ཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ༔ ཞེས་ལག་གཉིས་སྐམ་པའི་རྒྱ་དང་བཅས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུངས་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ༔ ཞེས་ཕུར་རྩེ་འོ་མས་བཀྲུ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་དཀྲོལ་ཞིང་ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་གཡས་པའི་རྡོ་རྗེས་ཤར་ནས་དབུས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་བསྡུ་ཞིང་ཚོམ་བུ་སྤྱི་བོར་མཆོད། ལྷག་མ་རྣམས་བཀུར་སྟི་ཆེན་པོ་དང་ [28b] བཅས་ཀླུ་ཆོག་དང་འབྲེལ་བར་ཆུ་ཀླུང་ཆེན་པོར་གཤེགས་སོ། །བཞི་པ་བཟོད་གསོལ་གཏང་རག་འབུལ་བ་ནི། ཐོག་མར་སྤྱི་བཤགས་ ཡེ་ཤེས་སྐུ་མཆོག་དང་། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །སོགས་བརྗོད་ཅིང་ཡིག་བརྒྱ་མང་དུ་བཟླ། དེ་ནས་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་ཤུལ་གྱི་ཁྲིའུ་ལ་བཞུགས་པར་གསུངས་པ་ལྟར་རམ་མི་འགྲུབ་ན་རང་མལ་དུ་བཞུགས་པ་ལ་འདུས་པ་རྣམས་ཀྱིས་ཕྱག་དང་མཎྜལ་ཕུལ་ལ། ཧོཿ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བླ་མ་ཡི་དམ་མཁའ་འགྲོར་བཅས་པ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཐོབ་བྱའི་ཕྱིར༔ སྒྲུབ་པ་ཟབ་མོ་གནང་བ་བཀའ་དྲིན་ཆེ༔ དཀྱིལ་འཁོར་ཕྱག་རྒྱ་བརྡ་དང་གསང་བའི་རྫས༔ སྨིན་གྲོལ་ལམ་བཀོད་སྐུ་གསུམ་རང་བརྙེས་པའི༔ སྐུ་དྲིན་ཆེན་པོས་བཟུང་བ་བཀའ་དྲིན་ཆེ༔ སངས་རྒྱས་ཐམས་ཅད་སེམས་ལས་མི་འདའ་ཕྱིར༔ འདའ་ཀ་དམ་ཚིག་བསྟན་པ་བཀའ་དྲིན་ཆེ༔ གསང་སྔགས་དཀྱིལ་འཁོར་འདི་རུ་དམ་བཅས་པའི༔ སྐྱེ་བ་ཀུན་ཏུ་མི་འབྲལ་འགྲོགས་པར་སྨོན༔ ཡང་དག་ལམ་སྟོན་འགྲོ་བའི་དུཿཁ་སྐྱོབ༔ འཇིག་རྟེན་འདི་ན་བཀའ་དྲིན་འགྲན་ཟླ་མེད༔ བཀའ་དྲིན་བཟང་ཡང་བསྙེན་བཀུར་རྔོ་མ་ཐོགས༔ སྡོམ་གསུམ་བསྲུང་བྱ་དམ་ཚིག་གང་ཉམས་ཀྱང་༔ ཉེས་ལྟུང་སྒྲིབ་པར་མི་འགྱུར་ [29a] དག་བྱའི་ཕྱིར༔ མཐོལ་བཤགས་བཟོད་པར་གསོལ་ཞིང་ཚངས་པར་མཛོད༔ ཅེས་ཞབས་སྤྱི་བོར་བླངས་ཞིང་གུས་པས་གཟུང་ངོ་། །ལྔ་པ་མར་མེ་སྨོན་ལམ་དང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ་བ་ནི། འདུས་པ་ཐམས་ཅད་ཀྱི་ལག་གཡས་སུ་མར་མེ་རེ་དང་གཡོན་དུ་སྤོས་ཀྱི་རེང་བུ་རེ་ཐོགས། དར་དཀར་རམ་ཕྲེང་བ་ལུ་གུ་རྒྱུད་དུ་སྦྲེལ། རྒྱལ་ཚབ་པས་གྲལ་གཤམ་ནས་གཏོང་ཐུན་སྔོན་དུ་འགྲོ་བས། དབྱངས་སྙན་པོར་ལེན་ཚུལ་གྱིས། ཧཱུཾ༔ སྣང་སྲིད་ཟིལ་གནོན་རྩ་གསུམ་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་ཉིད་ཀྱིས་དབུ་བཟུང་ནས༔ རྒྱལ་བའི་གདུང་གསོབ་མཆེད་དང་ལྕམ་དྲལ་རྣམས༔ ནམ་ཞིག་བྱང་ཆུབ་ལམ་དུ་ཞུགས་པའི་ཚེ༔ འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་༔ མ་རིག་མུན་པའི་དབང་དུ་མི་བཏང་ལ༔ གཅོང་རོང་ཟབ་མོའི་ནང་དུ་མི་སྐྱེ་དང་༔ དམྱལ་བའི་ཟངས་ཁར་ནང་དུ་མི་ལྟུང་ཞིང་༔ གཅན་གཟན་གདུག་པའི་སྒྲ་སྐད་མི་གྲགས་ལ༔ མཚོན་ཆེན་གདུག་པའི་དབལ་གྱིས་མི་ཕོག་ཤོག༔ དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་༔ དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་ལྕམ་རྣམས༔ དབང་གིས་འབྲེལ་བའི་མཚན་ལྡན་གཟུངས་མ་གསུམ༔ ཚེ་རབས་འདི་དང་ཚེ་རབས་ཐམས་ཅད་དུ༔ མི་འབྲལ་འགྲོགས་པའི་ [29b] ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱིས་སངས་རྒྱས་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་བྱུང་བའི་ཚེ༔ མ་རིག་དབང་གིས་འཁོར་བར་ལྟུང་སྲིད་ན༔ སྣང་གསལ་མར་མེས་ཚ་གྲང་སྡུག་བསྔལ་སོལ༔ ཕྲག་དོག་དབང་གིས་ལྷ་མིན་ཡུལ་འཁྱམས་ན༔ སྣང་གསལ་མར་མེས་གདུག་པའི་མཚོན་ཁ་བསྙིལ༔ འདོད་ཆགས་དབང་གིས་ཀླ་ཀློའི་མིར་སྐྱེས་ན༔ སྣང་གསལ་མར་མེས་ཤེས་རབ་གསུམ་དང་སྦྱོར༔ ང་རྒྱལ་དབང་གིས་ཚེ་རིང་ལྷར་གྱུར་ན༔ སྣང་གསལ་མར་མེས་ལྟུང་བའི་སྡུག་བསྔལ་ཆོམས༔ གཏི་མུག་དབང་གིས་བྱོལ་སོང་གནས་འགྲིམ་ན༔ སྣང་གསལ་མར་མེས་ཤེས་རིག་སྒྲོན་མེ་སྤོར༔ སེར་སྣའི་དབང་གིས་ཡི་དྭགས་གནས་འགྲིམ་ན༔ སྣང་གསལ་མར་མེས་བཀྲེས་སྐོམ་གདུང་བ་སོལ༔ རྒྱུ་རྐྱེན་འདི་ཡིས་ས་བཅུ་ཡོངས་བགྲོད་ཚེ༔ ཤེས་བྱའི་སྒྲིབ་བྱང་ཕྱིར་མི་ལྡོག་པར་ཤོག༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི༔ བདེ་གཤེགས་ཡོངས་ལ་ཕུལ་བའི་མཐུ་བྱིན་གྱིས༔ ས་བཅུ་འདས་ཏེ་ས་རྣམས་ཡོངས་ནོན་ཤོག༔ ཀུན་ཏུ་འོད་དང་མ་ཆགས་པདྨ་ཅན༔ འཁོར་ལོ་ཚོགས་ཆེན་སྟུག་པོ་བཀོད་པའི་ས༔ དྷེ་ཝ་ཀོ་ཤ་ཀུན་ [30a] བཟང་བླ་མེད་ས༔ རྡོ་རྗེ་སེམས་མིང་ལྕང་ལོ་ཅན་གྱི་ས༔ བླ་མའི་ས་དང་སྲིད་གསུམ་ངང་རྫོགས་ས༔ རྩོལ་བྲལ་ཐིག་ལེའི་ས་རུ་ལྷུན་གྲུབ་ནས༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་ཡོངས་རྫོགས་ཤོག༔ ཅེས་དང་། གཞུང་གི་བསྔོ་སྨོན་རྣམས་འདུན་པ་རྩེ་གཅིག་པས་གདབ། དེ་ནས་རྟེན་འབྲེལ་སྙིང་པོ་སྔོན་དུ་འགྲོ་བས་ཞལ་ནས་གསུངས་པའི་བཀྲ་ཤིས་ཚིགས་སུ་བཅད་པས་ཐོག་དྲངས། ལས་བྱང་ནས་འབྱུང་བའི་མཚོན་ཤིས་བརྗོད་རྒྱས་པར་སྤེལ་ལ་མེ་ཏོག་གི་ཆར་སིལ་མར་བསྙིལ་ཞིང་རོལ་མོའི་སྒྲ་སྙན་ལ་རིང་བར་འཁྲོལ་བས་དགེ་ལེགས་སུ་བྱའོ། །སླར་ཡང་ཞག་གསུམ་ལ་སོགས་པར་གནས་བསྲུང་ཞིང་ཚོགས་ཀྱི་འཁོར་ལོ་བསྐོར་བ་སོགས་དགའ་སྟོན་གྱི་རིམ་པ་ཇི་ལྟར་ནུས་པ་བཞིན་རྒྱ་ཆེར་སྤེལ་བས་ཕྱིན་ཆད་ལེགས་ཚོགས་རྒྱུན་མི་ཆད་པར་འཕེལ་བའི་རྟེན་འབྲེལ་དུ་འགྱུར་རོ། །དེ་ལྟ་བུའི་རིམ་པས་ཟབ་ལམ་བླ་མའི་ཐུགས་སྒྲུབ་ཚོམ་བུ་ཚོགས་སུ་བསྒྲུབས་པའི་ཕན་ཡོན་བསོད་ནམས་ཚད་མེད་ཐོབ་པའི་ཚུལ། གུ་རུ་ཉིད་ཀྱི་རྡོ་རྗེའི་གསུང་ལས། སྒྲུབ་ཆེན་འདི་ཡི་མཚན་ཙམ་སུས་འཛིན་པ༔ ཨོ་རྒྱན་དང་སྙིང་ཁྲག་གཅིག་ཏུ་འདྲེས༔ ཡིད་གཉིས་ཐེ་ཚོམ་མེད་པར་མོས་བྱེད་ཅིང་༔ སྒྲུབ་པ་སྣ་གཅིག་ཙམ་ཞིག་བྱས་པས་ཀྱང་༔ ཡིད་ལ་ཅི་འདོད་འགྲུབ་པར་མ་གྱུར་ན༔ ཨོ་རྒྱན་ང་ཡིས་ཕྱི་རབས་འགྲོ་བ་བསླུས༔ ཞེས་སོགས་རྒྱ་ཆེར་བསྔགས་པར་མཛད་པ་ནམ་ཡང་ [30b] མི་བསླུ་བའི་ཚད་མ་ཉིད་དོ། །ངོ་མཚར་ཚོགས་སྒྲུབ་སྤྲིན་གྱི་བླ་བྲེ་ལས། །སྒྲུབ་གཉིས་འདོད་རྒུའི་གྲུ་ཆར་རབ་འཇོ་བས། །ལུས་ཅན་ཕན་བདེའི་ཆུ་གཏེར་ཡོངས་འཕེལ་ནས། །རིག་འཛིན་ཚོམ་བུས་ཞིང་ཀུན་མཛེས་གྱུར་ཅིག །དེ་ལྟར་བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་རྩ་བའི་སྒྲུབ་ཆེན་གྱི་ཁོག་དབུབ་རིག་འཛིན་གྲུབ་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། སྔོན་ཆད་གཞུང་འདིར་ཕྱག་ལེན་རང་རྐང་ཚུགས་པའི་ཡིག་ཆ་མ་བཞུགས་སྟབས་ལམ་འདིའི་རིང་ལུགས་འཛིན་པ་རྣམས་ཀྱི་འཇུག་སྒོར་མེད་དུ་མི་རུང་བར་མཐོང་ནས་འཁྲུལ་མེད་རྡོ་རྗེའི་གསུང་གི་གསང་བ་ཁོ་ན་ལ་བརྟེན་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཁྲིགས་སུ་བསྡེབས་པར་བགྱིས་པ་སྟེ། འདིས་ཀྱང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལྷུན་གྲུབ་རིག་པ་འཛིན་པའི་ས་མཆོག་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།