འགྲོ་འདུལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་དངོས་གྲུབ་ཆུ་འཛིན།

From Dudjom Wiki
DJYD-KABUM-09-TA-015
Wylie title 'gro 'dul thugs rje chen po'i dkyil 'khor du bdag nyid 'jug cing dbang blang ba'i cho ga dngos grub chu 'dzin DJYD-KABUM-09-TA-015.pdf
Location bdud 'joms rin po che bka' 'bum
Volume 9, Text 15, Pages 483-501 (Folios 1a1 to 10a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. 'gro 'dul thugs rje chen po'i dkyil 'khor du bdag nyid 'jug cing dbang blang ba'i cho ga dngos grub chu 'dzin. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 9: 483-501. Kalimpong: Dupjung Lama, 1979-1985.
Side notes Recto: bdag 'jug   Verso: bdud 'joms thugs chen
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche, Bdud 'joms gling pa)
Genre Self-Initiation - bdag 'jug
Cycle འགྲོ་འདུལ་ཐུགས་རྗེ་ཆེན་པོ་ ('gro 'dul thugs rje chen po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity thugs rje chen po
Colophon

དེ་ལྟར་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་དངོས་གྲུབ་ཆུ་འཛིན་ཞེས་བྱ་བ་འདི་ནི། འཕགས་མཆོག་ཕྱག་ན་པདྨོའི་རིགས་སྔགས་འཆང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །མདྒ་ལཾ།

de ltar 'gro 'dul thugs rje chen po'i dkyil 'khor du bdag nyid 'jug cing dbang blang ba'i cho ga dngos grub chu 'dzin zhes bya ba 'di ni/___'phags mchog phyag na pad+mo'i rigs sngags 'chang ba 'jigs bral ye shes rdo rjes sbyar ba dge legs su gyur cig____/mad+ga laM/

[edit]
༄༅། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་དངོས་གྲུབ་ཆུ་འཛིན་ཅེས་བྱ་བ་བཞུགས་སོ། །


༄༅། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བདག་ཉིད་དབང་བླང་བའི་ཆོ་ག་དངོས་གྲུབ་ཆུ་འཛིན་ཅེས་བྱ་བ། བླ་མ་སྙིང་རྗེའི་དབང་ཕྱུག་ལ་དབང་ཕྱུག་འཚལ་ལོ། །ཟབ་གསལ་མཁའ་ལས་ཐུགས་རྗེའི་སྤྲིན་སྤྲོས་ཏེ། །དབང་བཞིའི་ཆར་གྱིས་སྒྲིབ་བཞིའི་དྲི་མ་ཀུན། །འཁྲུད་ཅིང་སྐུ་བཞིའི་ཡོན་ཏན་བླུགས་མཛད་པ། །འཕགས་མཆོག་འཇིག་རྟེན་མགོན་དེས་དགེ་ལེགས་སྩོལ། །འདིར་འགྲོ་བ་ཀུན་འདུལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་ལ་གསུམ། གཟུགས་བརྙན་གྱི་དཀྱིལ་འཁོར་འདུ་བྱ་བ། ཏིང་འཛིན་གྱི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ། འཇུག་ཅིང་དབང་བླང་བའི་ཆོ་ག་དངོས་པོ། །དང་པོ་ནི། གང་དུ་བྱ་བའི་གནས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་ཆོ་ག་བཞིན་ [2a] དུ་བསྒྲུབ་པའམ། རས་བྲིས་ཀྱི་དཀྱིལ་འཁོར་ཚད་དང་ལྡན་པ་དཀྲམ་ཞིང་། དེའང་མ་གྲུབ་ན་རིན་པོ་ཆེའི་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་ལྷ་གྲངས་དང་མཐུན་པར་བཀོད་པའི་སྟེང་དུ་མཉྗིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་གཟུངས་ཐག་བཅས་པ་དང་། གཡས་སུ་དབུ་རྒྱན་ཅོད་པན། རྒྱབ་ཏུ་རྡོ་རྗེ་། གཡོན་དུ་དྲིལ་བུ། མདུན་དུ་རྡོར་དྲིལ་ལྷན་ཅིག་ཏུ་བསྡོམས་པ་དང་། འཁོར་ལོ་དུང་དང་ཕྱག་ཤིང་པོ་ཏི་རྣམས་ཀྱི་ཙཀླི། སྐུ་ཙཀ་ཡོངས་རྫོགས། སྔགས་བྱང་དང་ཕྲེང་བ། མེ་ལོང་། གསང་ཐོད་། རིག་མའི་གཟུགས་བརྙན་མེ་ལོང་དང་ཤེལ་རྡོ་རྣམས་བཀོད། གཞན་ཡང་ལས་བུམ། དམ་ཆུ། མིག་དར། མེ་ཏོག་སོགས་ཉེ་བར་མཁོ་བའི་ཆས་རྣམས་ཕུན་སུམ་ཚོགས་པར་བཤམ་མོ། །གཉིས་པ་ནི། བརྒྱུད་འདེབས་ནས་བརྩམས་ཏེ་བཟླས་པའི་བར་ལས་བྱང་ལྟར་གྲུབ་ནས། རྣམ་རྒྱལ་བུམ་པ་ལ་དམིགས་ཏེ། བུམ་པ་ [2b] རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཞེས་གཟུངས་ཐག་ལ་འཇུས་ཏེ་ཡིག་བདུན་བརྒྱ་སྟོང་གང་འགྲུབ་བཟླས་ལ། ཨོཾ་ཨཱཿཧཱུྃ། ལྷ་རྣམས་འོད་དུ་ཞུ་བ་ལས་བུམ་ཆུ་བདུད་རྩིའི་རྒྱ་མཚོར་གྱུར་པར་མོས། ལས་བུམ་བསྒྲུབ་པ་ནི། ལས་བུམ་ནང་དུ་རྟ་མགྲིན་རྒྱལ་། །དམར་ནག་ཐོད་དབྱུག་སྦྲུལ་ཞགས་འཛིན། །ཁྲོ་བོའི་ཆས་རྫོགས་འདོར་སྟབས་ཀྱིས། །ཡེ་ཤེས་མེ་དཔུང་དབུས་ན་རོལ། ཅེས་མོས་ལ། ཨོཾ་ཧྱ་གྲཱི་ཝ་ཧཱུྃ་ཕཊ། ཅི་ནུས་བཟླ་ཞིང་། ཁྲོ་བོའི་རྒྱལ་པོ་འོད་དུ་ཞུ་བས་བུམ་ཆུ་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། དེ་ནས་སྲུང་མའི་གཏོར་འབུལ་དང་། ཚོགས་མཆོད་བྱིན་རླབས་ནས་བསྒྲལ་བསྟབ་བར་བཏང་སྟེ། བདག་ཉིད་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོར་དབྱེར་མེད་པ་དབང་ལེན་བྱའི་ཡུལ་ལ། རྣམ་འགྱུར་གློ་བུར་པ་འཁྲུལ་ངོ་རྣམ་སྨིན་བག་ཆགས་ཀྱི་རྟེན་སློབ་བུའི་ཚུལ་དུ་བྱས་ནས་འཇུག་གོ ། གསུམ་པ་ལ་གསུམ་སྟེ། སྔོན་འགྲོ་འཇུག་པའི་ཆོས། དངོས་གཞི་དབང་བླང་བ། རྗེས་ཀྱི་ལས་རིམ་མོ་། །དང་པོ་ལ་གཉིས། ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའོ། [3a] །དང་པོ་དགུ་ལས། དང་པོ་ཁྲུས་བྱ་བ་ནི། ལས་བུམ་གྱི་ཆུས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་ཀྱིས་ཁྲུས་བྱ། གཉིས་པ་བགེགས་བསལ་བ་ནི། རྟ་སྔགས་དང་ལས་ཆུ་བགེགས་བསྐྲད། གསུམ་པ་མནྜལ་འབུལ་པ་ནི། ས་གཞི་སྤོས་ཆུས་སོགས་ཀྱིས་མཎྜལ་ཕུལ། བཞི་པ་ཆས་སུ་འཇུག་པ་ནི། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ། ཞེས་མིག་དར་བཅིང་ཞིང་། ཨ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་བཟུང་། ལྔ་པ་གསོལ་བ་གདབ་པ་ནི། ཐལ་མོ་སྦྱར་བས་བཏུད་དེ། ཀྱེེ༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ། བུ་ཁྱོད་སུ་ཡིན་ཅི་ལ་དགའ༔ ཞེས་སྤྲོ་བ་དྲིས་པའི་ལན་དུ། བདག་ནི་སྐལ་བཟང་བདེ་ཆེན་ལའོ༔ ཞེས་ཞུ། དྲུག་པ་སྐྱབས་སེམས་དང་ཚོགས་བསགས་བྱ་བ་ནི། ན་མོ༔ བླ་མེད་བླ་མ་དཀོན་མཆོག་གསུམ༔ སོགས་ཀྱིས་སྐྱབས་སུ་འགྲོ། ཧོཿ བདག་གིས་མཁའ་མཉམ་སེམས་ཅན་ཀུན༔ སོགས་ཀྱིས་སེམས་བསྐྱེད། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ སོགས་ཀྱིས་ཚོགས་བསགས། བདུན་པ་སྡོམ་པ་བཟུང་བ་ནི། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་ [3b] གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་བཟུང་བར་བགྱི་། ཞེས་སྡོམ་པ་བཟུང་། བརྒྱད་པ་གསང་སྔགས་ནང་གི་སེམས་བསྐྱེད་ནི། སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་བའི་གཟུགས་སུ་གནས་པར་བསམ་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི༔ ཞེས་ལན་གསུམ་བརྗོད་ཅིང་སྙིང་གར་རྡོ་རྗེས་རེག་ལ། བོ་ངྷི་ཙིཏྟ་ས་མ་ཡ་སྟྭཾ། ཞེས་པས་བརྟན་པར་བསམ། དགུ་པ་སྒོ་བཞི་ནས་འཇུག་ཅིང་ཕྱག་བྱ་བ་ནི། ཛཿཧཱུྃ་བཾ་ཧོཿ པྲ་བེ་ཤ་ཡ་ཕཊ༔ དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེ་བར་གྱུར། ཧཱུྃ་ཛཿ ཞེས་ལས་རྡོར་གྱི་ལག་གཡས་རྡོ་རྗེ་དང་བཅས་པས་དཀྱིལ་འཁོར་གྱི་ནང་དུ་ཁྲིད་ནས་ཤར་གྱི་ཁྱམས་ལ་གནས་པར་བསམ་སྟེ། ཨོཾ་ན་མ་སྟེ་ཧཱུྃ༔ ཨོཾ་ན་མཿམཱི་ཧཱུྃ༔ ཨོཾ་ན་མོ་ན་མཿཧཱུྃ༔ ཞེས་དང་ཕྱོགས་གཞན་གསུམ་ནས་ཀྱང་ཕྱག་བྱ། གཉིས་པ་ལ་ལྔ་ལས། དང་པོ་དམ་ལ་བཞག་པ་ནི། རྡོ་རྗེ་མགོར་བཞག་སྟེ། དེང་ཁྱོད་དཀྱིལ་འཁོར་ཆེན་པོ་འདིར༔ གཞུག་ཅིང་ཡེ་ཤེས་བསྐྱེད་བྱ་སྟེ༔ དེ་ཡི་དངོས་གྲུབ་མཆོག་ཐོབ་ཀྱིས༔ མ་མཐོང་རྣམས་ལ་སྨྲ་མི་བྱ༔ རྡོ་རྗེ་སྙིང་གར་བཞག་སྟེ། ཐུགས་རྗེ་ཆེན་པོ་དེང་ཁྱོད་ཀྱི༔ སྙིང་ལ་ཡང་དག་ཞུགས་གྱུར་ཏེ༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲག་ཏེ་གཤེགས༔ དམ་ཆུ་ལྕེ་ལ་བཞག་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་བསྲེག་ [4a] པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ༔ རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག༔ སླར་ཡང་རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ནས་ཁྱོད་ཀྱི་སྤྱན་རས་གཟིགས༔ ང་ཡིན་བསྒོ་བའི་ལས་ཀུན་བྱོས༔ གང་ཞིག་བརྙས་ན་མི་བཟད་པའི༔ སྡུག་བསྔལ་དང་བཅས་དམྱལ་བར་ལྟུང་༔ ཞེས་དམ་ལ་བཞག ། གཉེས་པ་ཡེ་ཤེས་དབབ་པ་ནི། ལུས་གནད་བསྲང་ཞིང་ངག་གནད་རླུང་ཁ་སྦྱོར་དུ་འཆིང་ལ་ཡིད་གནད་དུ། རང་ཉིད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུ་གྱུར་པའི་སྙིང་གར་ཧྲཱིཿཡིག་དཀར་པོ་གསལ་ཞིང་འབར་བའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོར་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱུང་བ་བ་སྤུའི་ཁུང་བུ་ནས་ཞུགས་ལུས་ཐམས་ཅད་མེར་ཁྲིགས་སེ་གང་བས་བདེ་བ་བཟོད་མེད་དུ་འབར་བར་བསམ་ཞིང་། འབེབས་རྫས་རོལ་མོའི་སྒྲ་དང་སྦྱར་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་མང་དུ་བརྗོད་པས་བྱིན་དབབ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཏིཥྛ་གྱིས་བརྟན་པར་བྱ། གསུམ་པ་མེ་ཏོག་དོར་བ་ནི། སྔར་བཟུང་བའི་མེ་ཏོག་དཀྱིལ་འཁོར་གྱི་དབུས་སུ་འདོར་བཞིན་བས། པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་ཕུལ་བ་རང་རིགས་ཀྱི་ལྷས་བཞེས་ཏེ་སླར་ཡང་རང་ལ་སྩལ་བར་བསམ་ [4b] ཞིང་། ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ༔ ཞེས་མེ་ཏོག་མགོ་བོར་བཀོད། བཞི་པ་མིག་དབྱེས་ནི། ཧཱུྃ༔ རང་སྣང་སྐུ་དང་ཡེ་ཤེས་ཀྱི༔ རང་ཞལ་སྒྲིབ་བྱེད་མ་རིག་པའི༔ སྒྲིབ་གཉིས་བག་ཆགས་ལིང་ཏོག་ཀུན༔ ཡེ་ཤེས་གསེར་གྱི་ཐུར་མས་བསལ༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། ལྔ་པ་མཐོང་བ་བསྟན་པ་ནི། ལེགས་པར་ལྟོས་ཤིག་སེམས་དཔའ་ཆེ༔ ད་ནི་དད་པ་རབ་ཏུ་སྐྱེད༔ འགྲོ་བ་ཀུན་འདུལ་རིག་འཛིན་པའི༔ དངོས་གྲུབ་ཀུན་བདག་ཁྱོད་འགྱུར་རོ༔ ཞེས་མཐོང་བ་བསྟན་པས། འགྲོ་བ་ཀུན་འདུལ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་གྱུར་པར་བསམ། དེ་དག་ནི་སྔོན་འགྲོ་འཇུག་པའི་ཆོས་ཀྱི་རིམ་པའོ། །གཉིས་པ་ལ་གཉིས། སྤྲོས་བཅས་བུམ་དབང་རྗེས་འབྲེལ་དང་བཅས་པ་དང་། སྤྲོས་མེད་མཆོག་དབང་རྣམ་གསུམ་མོ། །དང་པོ་ལ་བཞི་ལས། དང་པོ་གསོལ་བ་གདབ་པ་ནི། མཎྜལ་ཕུལ་ཏེ། དཀྱིལ་འཁོར་དབང་ཕྱུག་བླ་མ་རྗེ༔ བདག་ཅག་སྐལ་ལྡན་སློབ་བུ་རྣམས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ དབང་གི་སྨིན་པར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ། གཉིས་པ་ཐུན་མོང་རིག་པའི་དབང་ལྔ་ནི། རང་ཉིད་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འཕགས་མཆོག་ཐུགས་རྗེ་ཆེན་ [5a] པོའི་སྐུར་གྱུར་པར་མོས་ལ། སྙིང་གའི་འོད་ཟེར་གྱིས་བསྐུལ་བས་མདུན་གྱི་ནམ་མཁའི་གནས་སུ་དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་ནས་བཞུགས་པར་གྱུར་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤཔྟའི་བར་གྱིས་མཆོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ནམ་མཁའ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མི་བསྐྱོད་པའི་ངོ་བོ་བུམ་ཆུས་དབང་བསྐུར་བར་བསམ་ལ། ཧཱུྃ༔ དག་བྱེད་ཡེ་ཤེས་བདུད་རྩིའི་ཆུ༔ ཁྱོད་ཀྱི་སྤྱི་བོར་བླུགས་པ་ཡིས༔ མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི༔ དཔལ་ལྡན་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་འཐོར། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་མི་བསྐྱོད་པའི་ངོ་བོར་གྱུར་ནས་རང་དང་གཉིས་སུ་མེད་པར་གྱུར་པར་བསམ། དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ནམ་མཁའ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ [5b] ཀྱིས་རིན་འབྱུང་གི་ངོ་བོ་དབུ་རྒྱན་གྱིས་དབང་བསྐུར་བར་བསམ་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིན་ཆེན་དབུ་རྒྱན་འདི་བསྐོན་པས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི༔ དཔལ་ལྡན་ཡོན་ཏན་དབང་ཐོབ་ཤོག༔ ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏཱཾ༔ ཞེས་དབུ་རྒྱན་མགོ་བོར་བཅིངས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་ཐམས་ཅད་རིན་འབྱུང་གི་ངོ་བོར་གྱུར་ནས་རང་དང་གཉིས་སུ་མེད་པར་གྱུར་པར་བསམ། དེ་ལྟར་དབུ་རྒྱན་གྱིས་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་དག ། ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྣང་མཐའི་ངོ་བོ་དབང་བསྐུར་བར་བསམ་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གསེར་གྱི་རྡོ་རྗེ་འདི་གཏད་པས༔ སོ་སོར་རྟོག་པའི་ཡེ་ཤེས་ཀྱི༔ དཔལ་ལྡན་གསུང་གི་དབང་ཐོབ་ཤོག༔ ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་རྡོ་རྗེ་ལག་གཡས་པས་སྙིང་གར་བཟུང་ཞིང་གསོར། ཕྱོགས་བཅུའི་སངས་རྒྱས་དང་བཅས་པ་ཐམས་ཅད་སྣང་མཐའི་ངོ་བོར་གྱུར་ནས་རང་དང་གཉིས་སུ་མེད་པར་གྱུར༔ དེ་ལྟར་རྡོ་རྗེས་དབང་བསྐུར་བས་ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་ [6a] པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུས་དབང་བསྐུར་བར་བསམ་ལ། ཧཱུཾ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིན་ཆེན་དྲིལ་བུ་འདི་གཏད་པས༔ བྱ་བ་གྲུབ་པའི་ཡེ་ཤེས་ཀྱི༔ དཔལ་ལྡན་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿཞེས་དྲིལ་བུ་ལག་གཡོན་པས་དཀྲོལ་ཞིང་དཀུར་བརྟེན། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་དོན་ཡོད་གྲུབ་པའི་ངོ་བོར་གྱུར་ནས་རང་གཉིས་སུ་མེད་པར་གྱུར། དེ་ལྟར་དྲིལ་བུས་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་སྣང་གི་ངོ་བོ་མིང་གིས་དབང་བསྐུར་བར་བསམ་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྣམ་པར་སྣང་མཛད་མིང་གི་དབང༔ བསྐུར་བས་ཆོས་དབྱིངས་ཡེ་ཤེས་ཀྱི༔ དཔལ་ལྡན་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་རྡོར་དྲིལ་ལྷན་ཅིག་ཏུ་བཟུང་ནས་སྤྱི་བོར་དཀྲོལ་ཏེ། ཀྱེ། དཔལ་སྙིང་རྗེའི་དབང་ [6b] ཕྱུག་ཅེས་བྱ་བའི་དེ་བཞིན་གཤེགས་པའོ། །ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་རྣམ་སྣང་གི་ངོ་བོར་གྱུར་ནས་རང་དང་གཉིས་སུ་མེད་པར་གྱུར། དེ་ལྟར་མིང་གི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། བདག་ཉིད་རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ་བའི་ཕྱིར་དཀྱིལ་འཁོར་གྱི་དབུས་སུ་སེང་གེའི་ཁྲི་ལ་གནས་པའི་སྟེང་དུ་གདུགས་ཕུབ་ཅིང་མཆོད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར་པར་བསམ་ལ། ཧཱུྃ༔ སྲིད་ལས་འཕགས་པའི་རིན་ཆེན་ཁྲི༔ ཐབས་ཤེས་རྡོ་རྗེ་དྲིལ་བུ་བཅས༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེའི༔ གོ་འཕང་མཆོག་ལ་དབང་བསྒྱུར་ཏེ༔ འགྲོ་ཀུན་སྨིན་གྲོལ་དབང་ཐོབ་ཤོག༔ ཨོཾ་སརྦ་དྷརྨ་རཱ་ཛ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རྡོར་དྲིལ་བཟུང་རྐང་འོག་ཏུ་འཁོར་ལོ། ལག་ཏུ་དུང་དང་ཕྱག་ཤིང་པོཏི་རྣམས་འཛིན་ཅིང་། ཧཱུྃ༔ ཆོས་དུང་དཀར་པོ་གཡས་འཁྱིལ་དང་༔ གསེག་ཤིང་འཁོར་ལོ་ཆོས་པོ་ཏི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ རྒྱལ་བ་རྣམས་ཀྱི་རྒྱལ་ཚབས་སུ༔ [7a] མངའ་གསོལ་གང་འདུལ་ཐབས་མང་གིས༔ འགྲོ་དོན་རྒྱ་ཆེར་དབང་ཐོབ་ཤོག༔ ཨོཾ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མངའ་གསོལ། སླར་ཡང་ནམ་མཁའ་གང་བའི་དབང་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་རྣམ་རྒྱལ་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར་བར་མོས་ལ། ཧཱུྃ༔ བུམ་པ་སྟོང་གསལ་ཞལ་ཡས་སུཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་ཆུ་འཐུང་། དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་སྐུ་གང་དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་ནས་ནམ་མཁར་བཞུགས་པའི་དབང་ལྷ་ཐམས་ཅད་ཀྱང་རང་ལ་ཐིམ་པར་མོས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་པར་བྱ། བཞི་པ་དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ནི། བདག་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པའི་ཐུགས་ཀར་གཞལ་ཡས་ལྷའི་གདན་དང་བཅས་པ་གསལ་བར་གྱུར་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་བྱོན་ཏེ་སྤྱི་བོ་ནས་སོ་སོའི་གནས་སུ་བཞུགས་པར་བསམ་ལ། ཙཀླི་རྣམས་ཀྱི་དབང་རིམ་པར་ [7b] བསྐུར་ཞིང་། ཧཱུྃ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་གསུང་བདག་ཉིད༔ སྣང་མཐའ་ཡབ་ཡུམ་དབང་བསྐུར་རོ༔ འདུ་ཤེས་ཕུང་པོ་གནས་དག་ནས༔ པདྨ་རིགས་ཀྱི་སྐུ་ཐོབ་ཤོག༔ ཨོཾ་པདྨ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་བདག་ཉིད༔ མི་བསྐྱོད་ཡབ་ཡུམ་དབང་བསྐུར་རོ༔ རྣམ་ཤེས་ཕུང་པོ་གནས་དག་ནས༔ རྡོ་རྗེ་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ་བཛྲ་ངྷ་ར་ཨ་བྷི་ཥིཙཉྩ་ཧཱུྃ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡོན་ཏན་དཔལ༔ རིན་འབྱུང་ཡབ་ཡུམ་དབང་བསྐུར་རོ༔ ཚོར་བའི་ཕུང་པོ་གནས་དག་ནས༔ རིན་ཆེན་རིགས་ཀྱི་སྐུ་ཐོབ་ཤོག༔ སྭཱ་རཏྣ་ངྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་སངས་རྒྱས་ཀུན་གྱི་སྐུའི་བདག་ཉིད༔ རྣམ་སྣང་ཡབ་ཡུམ་དབང་བསྐུར་རོ༔ གཟུགས་ཀྱི་ཕུང་པོ་གནས་དག་ནས༔ དེ་བཞིན་རིགས་ཀྱི་སྐུ་ཐོབ་ཤོག༔ ཨོྃ་བུདྡྷ་ངྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་དཔལ༔ དོན་གྲུབ་ཡབ་ཡུམ་དབང་བསྐུར་རོ༔ འདུ་བྱེད་ [8a] ཕུང་པོ་གནས་དག་ནས༔ ཀརྨ་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱ་ཀརྨ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གདུལ་དཀའ་འདུལ་བྱེད་སྤྲུལ་པའི་སྐུ༔ ཐུབ་པ་དྲུག་གི་དབང་བསྐུར་བས༔ སྤྲུལ་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་སརྦ་ནིརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་བཞི་ཡི་ངོ་བོ་ལ༔ ཚད་མེད་རྣམ་བཞིའི་རོལ་པ་སྟེ༔ དབང་ཆེན་རིགས་བཞིའི་དབང་བསྐུར་རོ༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ ཨོ་བཛྲ་རཏྣ་པདྨ་ཀརྨ་ཧྱ་གྲཱི་ཝཱ་ཧཱུྃ༔ ཀཱ་ཡ་ཨབྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་ཞིང་། འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལྷའི་འཁོར་ལོར་དག་པའོ། །གསུང་གི་དབང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་མགྲིན་པའི་ལམ་ནས་ཞུགས་ཏེ་སྙིང་གའི་ཡི་གེའི་འཁོར་ལོ་ལ་ཐིམ་པར་བསམ་ལ། ཧཱུྃ༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་འདུས་པས་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་ལ་ཡིག་བདུན་ཅི་ [8b] རིགས་བཟླ། འདི་ལྟར་སྣང་བའི་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་གི་ངོ་བོར་དག་པའོ། །ཐུགས་ཀྱི་དབང་ནི། ལྷ་སྔགས་ཀྱི་སྣང་ཆ་ཐམས་ཅད་འཛིན་མེད་ཁྱབ་བརྡལ་སྤྲོས་པ་དང་བྲལ་བའི་ངང་དུ་གྱུར་པར་བསམ་ལ། ཧཱུྃ༔ མེ་ལོང་ཡེ་ཤེས་རྒྱ་མཚོའི་གདངས༔ དུས་གསུམ་རྒྱལ་བའི་ཐུགས་གསང་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རྡོ་རྗེའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཙིཏྟ་ཨབྷི་ཥིཉྩ་ཧཱུྃ༔ ཞེས་མེ་ལོང་སྙིང་གར་བཞག །འདི་ལྟར་སྣང་བའི་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་སྤྲོས་བྲལ་བདེ་བ་ཆེན་པོ་ཐུགས་ཀྱི་འཁོར་ལོར་དག་པའོ། །ཞེས་བུམ་དབང་གི་རྗེས་འབྲེལ་རྣམས་གྲུབ་ནས། དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེདརིམ་པ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ་། །ཞེས་རྟོགས་པ་བསྐྱེད་། དེ་དག་ནི་སྤྲོས་བཅས་བུམ་དབང་གི་རིམ་པའོ། །གཉིས་པ་ལ་གསུམ་ལས། དང་པོ་གསང་བའི་དབང་ནི། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པར་གྱུར་པར་བསམ་ལ། ཧཱུྃ༔ ཆོས་ཉིད་དབྱིངས་ཀྱི་བྷནྡྷ་རུ༔ ལྷུན་གྲུབ་ [9a] འགགས་མེད་གསུང་གསང་བཅུད༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་བོ་དྷི་ཙིཏྟ་ས་མ་ཡཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བདུད་རྩི་ལྕེ་ལ་བཞག་སྟེ་། ཨ་ཧོ་མ་ཧཱ་སུ་ཁཾ་། ཞེས་མྱང་། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲིམ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད། གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོས་བརྒྱན་པ་བྱོན་ནས་རང་ལ་འཁྱུད་པར་མོས་ལ། ཧཱུྃ༔ ལོངས་སྐུ་མཁའ་སྤྱོད་དབང་མོ་དངོས༔ ཟག་མེད་བདེ་སྟོང་སྦྱོར་བའི་ཡུམ༔ སྐལ་ལྡན་ཁྱོད་ལ་གཏད་ཅིང་སྦྱིན༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཨོྃ་ཨཱཿཧཱུྃ་བྷཉྗ་མོཀྵ་ཧོཿ ཞེས་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ལ། རིག་མའི་གཟུགས་བརྙན་ནམ་དྲིལ་བུ་གཡོན་གྱིས་བཟུང་། དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཞེས་ [9b] རྟོགས་པ་བསྐྱེད། གསུམ་པ་ཚིག་དབང་ནི། མེ་ལོང་དང་ཤེལ་རྡོ་སྙིང་གར་གཏད་ཅིང་། ཧཱུྃ༔ མེ་ལོང་ཆོས་ཉིད་གཏིང་གསལ་ཏེ༔ འཇའ་ཤེལ་ཡེ་ཤེས་ལྔ་ཡི་རྟགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཚིག་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོྃ་དྷ་རྨདྷཱ་ཏུ་ཨ་ཏི་ ཧོཿ ཞེས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ངང་དུ་མཉམ་པར་བཞག ། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། ཞེས་རྟོགས་པ་བསྐྱེད་དོ། །དེ་དག་ནི་སྤྲོས་མེད་མཆོག་དབང་གི་རིམ་པའོ། །གསུམ་པ་ནི། དབང་རྗེས་ཀྱི་དམ་ཚིག་བསྲུང་སེམས་དྲག་པོས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད་། །ཅེས་དམ་བཅས་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ་། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་པ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །ཞེས་དང་། གཏང་རག་གི་མཎྜལ་འབུལ། དེ་ནས་ཚོགས་ལ་རོལ་པ་ནས་བཟུང་ཆོ་གའི་མཇུག་གི་བྱ་བ་རྣམས་མཐར་རྒྱས་སུ་བཏང་བས་ལེགས་པར་གྲུབ་བོ། ། ངེས་འབྱུང་ཐར་བའི་ཞིང་ས་གཤིན་པོ་ལ། །སྨིན་བྱེད་དབང་གི་ས་བོན་ལེགས་ཐེབས་ནས། །[10a] གཞན་ཕན་ཕྲིན་ལས་སྙེ་མ་གཡུར་ཟ་བས། འགྲོ་ཀུན་གཏན་བདེའི་བཅུད་ཀྱིས་རྟག་འཚོ་ཤོག །དེ་ལྟར་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་དངོས་གྲུབ་ཆུ་འཛིན་ཞེས་བྱ་བ་འདི་ནི། འཕགས་མཆོག་ཕྱག་ན་པདྨོའི་རིགས་སྔགས་འཆང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །མདྒ་ལཾ། །