ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས། བླ་མ་རིག་འཛིན་འདུས་པའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་རྣམ་རོལ།

From Dudjom Wiki
DJYD-KABUM-09-TA-018
Wylie title zab gsang mkha' 'gro'i snying thig las bla ma rig 'dzin 'dus pa'i phrin las khrigs su bsdebs pa bde chen rnam rol DJYD-KABUM-09-TA-018.pdf
Location bdud 'joms rin po che bka' 'bum
Volume 9, Text 18, Pages 535-564 (Folios 1a1 to 15b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Zab gsang mkha' 'gro'i snying thig las bla ma rig 'dzin 'dus pa'i phrin las khrigs su bsdebs pa bde chen rnam rol. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 9: 535-564. Kalimpong: Dupjung Lama, 1979-1985.
Side notes Recto: las byang   Verso: bdud 'joms rig 'dus
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche, Bdud 'joms gling pa)
Genre Activity Manual - las byang
Cycle བླ་མ་རིག་འཛིན་འདུས་པ་ (bla ma rig 'dzin 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཅེས་བླ་མ་རིག་འཛིན་འདུས་པའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་རྣམ་པར་རོལ་པའི་རྒྱན་ཞེས་བྱ་བ་འདི་ནི། ཟབ་མོའི་ལམ་འདིར་མི་ཕྱེད་གུས་པའི་དད་པ་བརྟན་པ་ཀརྨ་བཀྲ་ཤིས་དང་ཕྲིན་ལས་སྒྲུབ་བརྒྱུད་སོགས་དོན་གཉེར་ཅན་དུ་མའི་གསུང་གི་ཡང་ཡང་བསྐུལ་བ་ལྟར། གཏེར་ཆེན་རིག་འཛིན་ཆེན་པོའི་མཚན་གྱི་བྱིན་རླབས་འཆང་བ་འཇིག་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་དགུ་པ་རྔ་ཆེན་མགོ་ཟླའི་ཚེས་བཅུའི་དུས་སུ་ཀོང་པོ་བྲག་གསུམ་སྨིན་གྲོལ་ཆོས་ཀྱི་གནྡྷོ་ལར་སྤེལ་བ་ཟབ་ཆོས་འདི་ཉིད་ཀྱི་ཕྲིན་ལས་མི་ནུབ་དར་ཞིང་རྒྱས་ལ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག།

ces bla ma rig 'dzin 'dus pa'i phrin las khrigs su bsdebs pa bde chen rnam par rol pa'i rgyan zhes bya ba 'di ni/___zab mo'i lam 'dir mi phyed gus pa'i dad pa brtan pa karma bkra shis dang phrin las sgrub brgyud sogs don gnyer can du ma'i gsung gi yang yang bskul ba ltar/___gter chen rig 'dzin chen po'i mtshan gyi byin rlabs 'chang ba 'jig bral ye shes rdo rjes rang lo bcu dgu pa rnga chen mgo zla'i tshes bcu'i dus su kong po brag gsum smin grol chos kyi gan+d+ho lar spel ba zab chos 'di nyid kyi phrin las mi nub dar zhing rgyas la yun du gnas pa'i rgyur gyur cig/

[edit]
༄༅། །ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས། བླ་མ་རིག་འཛིན་འདུས་པའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་རྣམ་རོལ་ཞེས་བྱ་བ་བཞུགས་སོ། །


༄༅། །བླ་མ་རིག་འཛིན་འདུས་པའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་རྣམ་པར་རོལ་པའི་རྒྱན་ཞེས་བྱ་བ། རྩ་གསུམ་ཀུན་འདུས་སློབ་དཔོན་པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །རབ་འབྱམས་མཁའ་ཁྱབ་སྲས་བཅས་རྒྱལ་ཀུན་གྱི། སྐུ་དང་ཡེ་ཤེས་རྒྱ་མཚོ་སྤྲོ་བསྡུ་མཁན། །ཀུན་ཏུ་བཟང་པོ་པདྨ་སམྦྷ་ཝས། །རྨད་བྱུང་གྲུབ་གཉིས་འདོད་འཇོའི་ཤིས་པ་སྩོལ། །གང་གི་ཚད་མེད་ཐུགས་རྗེ་སྐལ་བཟང་འགྲོར། །རྗེས་ཆགས་ཟབ་གཏེར་གསང་བའི་མཛོད་སྒོ་ནས། །ལེགས་ཐོན་བླ་མའི་ཐུགས་སྒྲུབ་དབང་གི་རྒྱལ། །ཁྲིགས་བསྡེབས་རྒྱལ་མཚན་རྩེ་མོར་མཆོད་ལ་སྤྲོ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། དབང་བསྐུར་བསྙེན་སྒྲུབ [2a] སོགས་དང་འབྲེལ་བའི་སྐབས་སོ་སོའི་གཞུང་ནས་འབྱུང་བ་བཞིན་ཤེས་པར་བྱ་ཞིང་། འདིར་ཚོགས་མཆོད་ལྟ་བུའི་དཀྱུས་ལ། ཡིད་དང་མཐུན་པའི་གནས་སུ་རྩ་གསུམ་གྱི་སྣང་བརྙན་སོགས་རྟེན་ཁྱད་པར་ཅན་བཀྲམ་པའི་མདུན་དུ་སྟེགས་ཀྱི་ཁར་རིན་པོ་ཆེའི་སྣོད་དུ་བླ་མའི་གཏོར་མ་རིན་ཆེན་འབར་བ་རྒྱན་ལྡན་གྱི་གཡས་གཡོན་དུ་སྨན་རཀ་དང་མདུན་དུ་ཆུ་གཉིས་ཉེར་སྤྱོད་སོགས་བཀོད་མཛེས་སུ་བསྟར། གཞན་ཡང་སྔོན་གཏོར་དཀར་བགེགས་སྲུང་མའི་གཏོར་འབུལ་ཚོགས་ཀྱི་ཡོ་བྱད་ཆད་བརྟན་སོགས་ཉེ་བར་མཁོ་བའི་རིགས་རྣམས་ཚོགས་པར་བྱའོ། །གཉིས་པ་ལ་གཉིས། སྔོན་འགྲོའི་རིམ་པ་དང་། གཞུང་དངོས་སོ། །དང་པོ་ལ་བཅུ་གཅིག་ལས། །ཐོག་མར་སྒྲུབ་པ་པོ་རྣམས་སྟན་ལ་འཁོད་དེ་དད་པ་དང་ངེས་འབྱུང་གིས་རྒྱུད་བསྐུལ་ནས། ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་ཀྱི་རིམ་པ་སྔོན་དུ་འགྲོ་བས། དང་པོ་སྐྱབས་སུ་འགྲོ་བ་ནི། རང་གི་ [2b] སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་བླ་མ་རིག་འཛིན་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་མཁས་ཁྱབ་ཀྱི་འཁོར་ལོར་སད་པར་མོས་ལ། ན་མོ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ ཆེ་བའི་ཡོན་ཏན་ཀུན་རྫོགས་པའི༔ བཀའ་དྲིན་ཅན་གྱི་བླ་མ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། ཧོཿ མ་གྱུར་འགྲོ་བ་སེམས་ཅན་རྣམས༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཕྱིར༔ རིག་འཛིན་བླ་མའི་གོ་འཕང་སྒྲུབ༔ ཡང་གསང་དགོངས་པའི་དོན་རྟོགས་ཤོག༔ ལན་གསུམ། གསུམ་པ་ཚོགས་བསགས་པ་ནི། ཧོཿ སྐུ་དང་ཡེ་ཤེས་བདག་ཉིད་ལ༔ རབ་ཏུ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་མཆོད་པ་འབུལ༔ ཚེ་རབས་བསགས་པའི་སྡིག་ལྟུང་བཤགས༔ རྣམ་དཀར་དགེ་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལཿ དགེ་རྩ་འགྲོ་བ་ཡོངས་ལ་བསྔོ༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿ ས། ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་སྨིན་ཅིང་གྲོལ་བར་གྱུར། བཞི་པ་བགེགས་གཏོར་བསྔོ་ཞིང་བཀའ་བསྒོ་བ་ནི། རང་ཉིད་སྐད་ཅིག་གིས་བླ་མ་དྲག་པོ་སྣང་སྲིད་ཟིལ་གྱིས་གནོན་པའི་ [3a] སྐུར་གྱུར་ པར་བསམ་ལ། བགེགས་གཏོར་བྲན་ཅིང་། རྃ་ཡྃ་ཁྃ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཁྃ་ལས་གཏོར་མ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། རྒྱ་དང་བཅས་པས་བྱིན་བརླབས། སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿས་མགྲོན་དགུག །ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིངྟ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ ང་ནི་རིག་འཛིན་ཐོད་ཕྲེང་རྩལ༔ རྒྱུད་སྡེའི་དཀྱིལ་འཁོར་རྫོགས་པའི་དཔལ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ འདོད་ཡོན་གླུད་གཏོར་འདི་ལོངས་ལ༔ དགའ་མགུ་ཡི་རང་ཚིམས་གྱུར་ནས༔ སྒྲུབ་པའི་གནས་འདིར་མ་འདུག་བར༔ ལྕགས་རི་ནག་པོའི་རྒྱབ་ཏུ་སོང་༔ བཀའ་ལས་འདའ་འབྱེད་སྡིག་ཅན་རྣམས༔ རྡོ་རྗེ་འབར་བའི་འཕྲུལ་འཁོར་གྱིས༔ ལུས་ངག་རྡུལ་དུ་བརླག་འགྱུར་རོ༔ ཨོཾ་སུམྦྷ་ནི་སོགས་དྲག་སྔགས་ཡུངས་ཐུན་གུ་གུལ་རོལ་མོའི་ཚམ་རྔམས་དྲག་པོས་བསྐྲད་ལ་གཏོར་མ་ཕྱི་རོལ་དུ་དོར། ལྔ་པ་སྲུང་མཚམས་བཅད་པ་ནི། ཧཱུྃ༔ རང་ཉིད་དྲག་པོའི་སྤྲུལ་པ་ལས༔ མེ་རླུང་མཚོན་ཐུན་ཕོ་ཉ་སྤྲོས༔ གནོད་བྱེད་ཐམས་ཅད་ཕྱིར་བསྐྲད་ནས༔ ཚུར་འདུས་བསྲུང་༔ [3b] བའི་འཁོར་ལོ་ནི༔ རིམ་པ་བརྒྱད་དུ་ལྷུན་གྱིས་གྲུབ༔ སྲ་མཁྲེགས་རྡོ་རྗེའི་མཚན་ཉིད་རྫོགས༔ ཨོཾ་ཙཀྲ་རཀྵ༔ བཛྲ་རཀྵ༔ རཏྣ་རཀྵ༔ པདྨ་རཀྵ༔ ཀརྨ་རཀྵ༔ རྃ་རཀྵ༔ ཡྃ་རཀྵ༔ ཁྃ་རཀྵ་རཀྵ་ཡ་སྭཱ་ཧཱ༔ དྲུག་པ་བརྡ་སྒོ་དབྱེ་བ་ནི། ཧཱུྃ༔ གཞི་དབྱིངས་ཆོས་སྐུ་ཁྱབ་བརྡལ་ཀློང་༔ མ་བཅོས་ངང་ནས་རང་བྱུང་བ༔ ཡེ་ཤེས་ཆེན་པོ་གསལ་བའི་སྒོ༔ མ་རིག་མུན་པས་བསྒྲིབ་པ་ཕྱེས༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ བདུན་པ་བརྡ་ཕྱག་འཚལ་བ་ནི། ན་མོ༔ རང་སྣང་ལྷུན་གྲུབ་རྫོགས་པར་ཆེར༔ དུས་གསུམ་སངས་རྒྱས་ཡོངས་སུ་རྫོགས༔ མ་རིག་དབང་གིས་ཞལ་མ་མཇལ༔ ད་ནི་རང་ཞལ་མཇལ་ཕྱག་འཚལ༔ ན་མོ་ན་མ་ཧོཿ བརྒྱད་པ་བྱིན་དབབ་པ་ནི། སྤོས་རོལ་གདུང་དབྱངས་དང་བཅས་ཏེ། ཧཱུྃ༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་༔ ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་སོགས༔ སྐུ་གསུམ་བླ་མས་བྱིན་ཆེན་ཕོབ༔ མཁས་གྲུབ་ཆེན་པོ་ཤྲཱི་སེང་༔ རིག་འཛིན་བརྒྱད་དང་པདྨ་འབྱུང་༔ རྗེ་འབངས་ཉེར་ལྔ་ལ་སོགས་པའི༔ རིག་འཛིན་བླ་མས་བྱིན་ཆེན་ཕོབ༔ དགོངས་བརྡ་སྙན་བརྒྱུད་བླ་མ་དང་༔ ཤོག་སེར་ཚིག་བརྒྱུད་གཏད་རྒྱའི་བརྒྱུད༔ བཀའ་བབ་ལུང་བསྟན་བརྒྱུད་པ་སོགས༔ བརྒྱུད་པའི་བླ་མས་བྱིན་ཆེན༔ [4a] ཕོབ༔ གནས་མཆོག་འདི་རུ་བྱིན་གྱིས་རློབས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཧ་རི་ནི་ས་ཨེ་ཨཱ་རལླི་ཕེཾ་ཕེཾ༔ ཨཱ་བེ་ཤ་ཡ་ཨ་ཨཱཿ དགུ་པ་མཆོད་རྫས་བྱིན་བརླབ་ནི། ཨོཾ་ཨཱཿཧཱུྃ༔ སྣང་སྲིད་འདོད་ཡོན་མཆོད་པའི་རྫས༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ རང་བྱུང་བདེ་བ་ཆེན་པོའི་དཔལ༔ ཡེ་ཤེས་རོལ་པའི་སྟོབས་ཤུགས་ཀྱིས༔ རང་དབང་བསྒྱུར་ཏེ་བདུད་རྩིར་བརླབ༔ རྒྱལ་བ་རྒྱ་མཚོ་མཉེས་བྱེད་པའི༔ ནམ་མཁའི་མཛོད་ཀྱི་ལོངས་སྤྱོད་སྤེལ༔ ཨོཾ་བཛྲ་ཨརྒྷཾ་ ནས། ཤཔྟ་རཱུ་པ་སོགས། སྤརྴེ་མ་ཧཱ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཅུ་པ་དཀྱིལ་འཁོར་འཇུག་བཤགས་ནི། ཧཱུྃ༔ རང་རིག་བླ་མ་ཆོས་སྐུའི་ཞལ༔ ལྐོག་གྱུར་གཟུང་འཛིན་བག་ཆགས་འཐས༔ མངོན་ཞེན་འཁོར་བར་འཕྱན་པའི་ལས༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ བཅུ་གཅིག་པ་དམ་བཅའ་བཟུང་བ་ནི། ཧཱུྃ༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་ཉིད༔ མངོན་གྱུར་རྣམ་མཁྱེན་སངས་རྒྱས་བར༔ དོན་གྱི་སྒྲུབ་པ་ཟབ་མོ་ལས༔ མི་འདའ་རྡོ་རྗེའི་དམ་བཅའ་བཟུང་༔ [4b] གཉིས་པ་ལ་བརྒྱད་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ལ། ཐོག་མར་རྒྱུ་ཏིང་འཛིན་གསུམ་གྱིས་ཁོག་དབུབ་པ་ནི། ཨ༔ མ་བཅོས་རང་བྱུང་ཆོས་ཀྱི་སྐུ༔ སྐྱེ་འགག་འགྱུར་མེད་སྤྲོས་མཐའ་བྲལ༔ རྣམ་ཐར་གསུམ་ལྡན་ངོ་བ་ཉིད༔ ངང་གནས་ཆེན་པོ་དེ་བཞིན་ཉིད༔ ཨོཾ་མ་ཧཱ་ཤུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོཉ་ཧྃ༔ ཞེས་རང་རིག་སྤྲོས་བྲལ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུའི་ངང་དུ་བློ་བཞག་པ་ནི་དེ་བཞིན་ཉིད་དོ། ། ཧྲཱིཿ ལྷུན་གྲུབ་འགགས་མེད་བདེ་ཆེན་རྫོགས༔ སྣང་སྲིད་རང་ཤར་རྫོགས་པ་ལས༔ ཡེ་ཤེས་ཆེན་པོ་ཁྱབ་གདལ་གྱིས༔ མ་བསྒོམ་རང་གྲོལ་སྙིང་རྗེས་བརྡལ༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཧྲི་ད་ཡ་ཨཱཿཧཱུྃ༔ རིག་པ་རང་བཞིན་གྱིས་འོད་གསལ་བ་ཉི་མའི་སྙིང་པོ་ལྟ་བུའི་མདངས་རྩལ་ཀུན་ཁྱབ་སྙིང་རྗེ་ཆེན་པོར་ཤར་བ་ནི་ཀུན་སྣང་་ངོ་། ། ཧཱུྃ༔ རང་བྱུང་ཡེ་ཤེས་སྙིང་པོའི་རྩལ༔ ཐུགས་རྗེའི་རང་གདངས་ཡི་གེ་ཧཱུྃ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི༔ རྒྱུ་རུ་རང་བྱུང་རང་ཤར་བསྒོམ༔ ཧཱུྃ་བཛྲ་ཙིཏྟ་ཨ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་མདངས་ཧཱུྃ་ཡིག་དཀར་དམར་ལམ་གྱིས་གསལ་བ་རྒྱུའི་ཏིང་འཛིན་ནོ། །དེ་ལས་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ་ལས་འོད་ཟེར་རབ་འཕྲོས་པས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔ སྲུང་བའི་འཁོར་ལོ་རིམ་བརྒྱད་ནང་༔ བྷྲཱུྃ་ལས་རིན་ཆེན་སྣ་ཚོགས་ཀྱི༔ གཞལ་ཡས་ [5a] མཚན་ཉིད་རབ་རྫོགས་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཧཱུྃ་ལས་འོད་འཕྲོས་པས༔ རྒྱལ་བ་མཆོད་ཅིང་འགྲོ་བ་འདུལ༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་རིག་འཛིན་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ གསེར་གྱི་རྡོ་རྗེ་ས་ལ་གཟིར༔ གཡོན་པས་མཉམ་བཞག་ཐོད་བུམ་བསྣམས༔ རྒྱལ་པོ་རོལ་པའི་སྟབས་སུ་བཞུགས༔ པད་ཞྭ་ཕོད་ཀ་བེར་མཐིང་དང་༔ ཐང་ཤམ་ཆོས་གོས་སག་ལྷྭམ་གསོལ༔ ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བསྟེན༔ རིན་ཆེན་སྙན་ཆ་མཛེས་པས་བརྒྱན༔ ཡེ་ཤེས་འཇའ་འོད་འཁྱིལ་བའི་ཀློང་༔ སྣང་སྲིད་ཟིལ་གྱིས་གནོན་པར་བསྐྱེད༔ སྤྱི་བོར་སངས་རྒྱས་འོད་དཔག་མེད༔ དམར་གསལ་མཚན་དཔེ་འོད་ཕུང་འབར༔ མཉམ་བཞག་སྐྱིལ་ཀྲུང་སྤྲུལ་སྐུའི་ཆས༔ རིགས་བདག་བླ་མ་འདུས་པར་བསྐྱེད༔ ཕྱི་རིམ་པདྨའི་འདབ་སྟེང་དུ༔ ཤར་དུ་མཚོ་སྐྱེས་རྡོ་རྗེ་མཐིང་༔ ཡབ་ཡུམ་རྡོར་དྲིལ་བསྣོལ་སྟབས་སྦྱོར༔ ལྷོ་རུ་ཉི་མ་འོད་ཟེར་སེར༔ ཕྱག་གཡས་ཁ་ཊྭཱཾ་གཡོན་ཉི་ཟེར༔ ནུབ་ཏུ་པདྨ་རྒྱལ་པོ་དམར༔ ཕྱག་གཡས་ཌཱ་རུ་གཡོན་མེ་ལོང་༔ བྱང་དུ་སེངྒེ་སྒྲ་སྒྲོགས་མཐིང་༔ [5b] ཕྱག་གཡས་རྡོ་རྗེ་གཡོན་སྡིགས་མཛུབ༔ ཤར་ལྷོར་པདྨ་སམྦྷ་དཀར༔ ཕྱག་གཡས་པད་ཕོར་གཡོན་སྐྱབས་སྦྱིན༔ ལྷོ་ནུབ་ཤཱཀྱ་སེང་གེ་སེར༔ ཕྱག་གཡས་རྡོ་རྗེ་གཡོན་ལྷུང་བཟེད༔ ནུབ་བྱང་བློ་ལྡན་མཆོག་སྲེད་དམར༔ ཕྱག་གཡས་ཌཱ་རུ་གཡོན་བྷནྡྷ༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག༔ ཕྱག་གཡས་རྡོ་རྗེ་གཡོན་ལྕགས་ཕུར༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ ཤར་དུ་རིག་འཛིན་ཧཱུྃ་ཀར༔ དཀར་གསལ་ཞབས་གཉིས་དོར་སྟབས་བགྲད༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་ཕྱར༔ གཡོན་པའི་སྡིགས་མཛུབ་ཀུ་ལ་བསྟེན༔ ལྷོ་རུ་འཇམ་དཔལ་བཤེས་གཉེན་སེར༔ རལ་གྲི་ཕྱར་ཞིང་སྡིགས་མཛུབ་བསྟེན༔ ནུབ་ཏུ་ཀླུ་སྒྲུབ་སྙིང་པོ་དམར༔ དབྱུག་ཏོ་གཡས་ལ་སྡིག་མཛུབ་གཡོན༔ བྱང་དུ་རིག་འཛིན་པྲ་བྷ་ཧ༔ ལྗང་ནག་རྡོ་རྗེ་ཕུར་པ་གདེངས༔ ཤར་ལྷོར་དྷ་ན་སཾསྐྲྀ་དམར༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ ལྷོ་ནུབ་བིམ་མི་ཏྲ་དཀར༔ ཕྱག་གཉིས་ཌཱ་རུ་དྲིལ་བུ་འཁྲོལ༔ ནུབ་བྱང་རོམ་བུ་གུ་ཧྱ་མཐིང་༔ ཕྱག་གཉིས་རྡོ་རྗེ་སྦྲུལ་ཞགས་བསྣམས༔ བྱང་ཤར་ཤཱིནྟཾ་གརྦྷ་ནག༔ ཕྱག་གཉིས་ལྕགས་ཀྱུ་ཕུར་པ་བསྣམས༔ ཀུན་ཀྱང་སྟག་ཤམ་རུས་རྒྱན་གསོལ༔ ཧེ་རུ་ཀ་པའི་ཆས་སུ་བཞེངས༔ སྤྱན་གསུམ་ནམ་མཁའི་དབྱིངས་ [6a] སུ་གཟིགས༔ དབུ་སྐྲ་ཟིལ་མས་སྐུ་རྒྱབ་ཁེབས༔ སྣང་སྲིད་ཟིལ་གྱིས་གནོན་པར་བསྐྱེད༔ དེ་མཐར་རྗེ་འབངས་ཉེར་ལྔ་དང་༔ རིག་འཛིན་བླ་མ་རྒྱ་མཚོའི་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཡེ་ཤེས་འོད་ལྔའི་ཀློང་དཀྱིལ་དུ༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ ཤར་སྒོར་རྒྱལ་ཆེན་ཡུལ་འཁོར་སྲུང་༔ དཀར་གསལ་རབ་བརྗིད་པི་ཝཾ་བསྒྱུར༔ ལྷོ་སྒོར་རྒྱལ་ཆེན་འཕགས་སྐྱེས་པོ༔ སྔོན་པོ་རབ་ཁྲོས་རལ་གྲི་བསྣམས༔ ནུབ་སྒོར་རྒྱལ་ཆེན་སྤྱན་མི་བཟང་༔ དམར་གསལ་མཆོད་རྟེན་སྦྲུལ་ཞགས་འཛིན༔ བྱང་སྒོར་རྒྱལ་ཆེན་རྣམ་ཐོས་སྲས༔ སེར་གསལ་རྒྱལ་མཚན་ནེའུ་ལེ་འཛིན༔ ཀུན་ཀྱང་རོལ་པའི་སྟབས་ཀྱིས་བཞུགས༔ སྣང་སྲིད་མ་ལུས་ཟིལ་གནོན་ཅིང་༔ ཕྲིན་ལས་རྣམ་བཞི་ཐོགས་མེད་བསྒྲུབ༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿདང་ཐུགས་ཀར་ཧཱུྃ༔ རྡོ་རྗེ་གསུམ་གྱི་ངོ་བོར་གྱུར༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ བླ་མ་རིག་འཛིན་རྒྱ་མཚོའི་ཚོགས༔ མ་ལུས་སྤྱན་དྲངས་གཉིས་མེད་གྱུར༔ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། སྦྱར་སྤོས་ཀྱི་དུད་སྤྲིན་རོལ་མོའི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ། ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་ [6b] བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧྲཱིཿ ཨོ་རྒྱན་ནུབ་བྱང་དྷ་ནའི་མཚོ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་གཤེགས་སུ་གསོལ༔ ཨོཾ་རྒྱན་ཡུལ་གྱི་བྱང་ཤར་མཚམས༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ མ་ག་ངྷ་ཡི་གྲོང་ཁྱེར་དུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེངྒེ་སྒྲ་སྒྲོགས་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སམྦྷ་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་ཤར་ལྷོ་མཚམས༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་ [7a] དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་ཤར་ཕྱོགས་ངོས༔ ཕོ་བྲང་རི་བོ་ཏ་ལ་རུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་བོད་ཀྱི་ཡུལ༔ སྟག་ཚང་སེངྒེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཧཱུྃ་ཆེན་ཀ་ར་གཤེགས་སུ་གསོལ༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ནས༔ མཉྫུ་མི་ཏྲ་གཤེགས་སུ་གསོལ༔ པདྨ་གསུང་གི་དཀྱིལ་འཁོར་ནས༔ ནཱ་གརྫུ་ན་གཤེགས་སུ་གསོལ༔ ཕྲིན་ལས་ཕུར་པའི་དཀྱིལ་འཁོར་ནས༔ པྲ་བྷ་ཧསྟི་གཤེགས་སུ་གསོལ༔ མ་མོ་རྦོད་གཏོང་དཀྱིལ་འཁོར་ནས༔ དྷ་ན་སཾ་སྐྲྀ་གཤེགས་སུ་གསོལ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ནས༔ བི་མ་མི་ཏྲ་གཤེགས་སུ་གསོལ༔ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ནས༔ རོམྦུ་གུ་ཧྱ་གཤེགས་སུ་གསོལ༔ དམོད་པ་དྲག་སྔགས་དཀྱིལ་འཁོར་ནས༔ ཤིནྟཾ་གརྦྷ་གཤེགས་སུ་གསོལ༔ རང་སྣང་དོན་གྱི་འོག་མིན་ནས༔ རྗེ་འབངས་ [7b] ཉེར་ལྔ་གཤེགས་སུ་གསོལ༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ རིག་འཛིན་རྒྱ་མཚོ་གཤེགས་སུ་གསོལ༔ གཞན་ཡང་གནས་མཆོག་ཉེར་བཞི་དང་༔ ཡུལ་ནི་སུམ་ཅུ་སོ་གཉིས་དང་༔ དུར་ཁྲོད་ཆེན་པོ་རྣམ་པ་བརྒྱད༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི་དཔའ་བོ་མཁའ་འགྲོའི་ཚོགས༔ མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ༔ རིག་འཛིན་རྒྱ་མཚོའི་བཀའ་ཉན་བདག༔ རྒྱལ་ཆེན་སྡེ་བཞི་ལ་སོགས་པའི༔ དཔལ་མགོན་བདུན་ཅུ་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཱིདྱ་དྷ་ར་སརྦ་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ནམ་མཁའ་ལ་སྤྲིན་ཕུང་གཏིབ་པ་བཞིན་བྱོན་པར་བསམ། གསུམ་པ་བཞུགས་སུ་གསོལ་བ་ནི ཧཱུྃ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ གཉིས་མེད་ངང་དུ་བརྟན་བཞུགས་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ན་མོ༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི༔ ཁྱབ་བདག་སྤྱི་དཔལ་ཆེན་པོ་ཉིད༔ རིག་ [8a] འཛིན་བླ་མའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨ་ཏིཔཱུ་ ཧོཿ པྲ་ཏཱིཙྪ་ ཧོཿ ལྔ་པ་མཆོད་པ་འབུལ་བ་ལ་བཞི་ལས། དང་པོ་ཕྱི་མཆོད་ནི། ཨོཾ་ཨཱཿཧཱུྃ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་ལ་སོགས་པའི༔ ཉེར་སྤྱོད་མཆོད་པའི་བྱེ་བྲག་ཀུན༔ རིག་འཛིན་བླ་མའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ སོགས་ནས། ཤཔྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ གཉིས་པ་ནང་མཆོད་ནི། ཨོཾ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་མཆོད་པའི་བྱེ་བྲག་རྣམས༔ རིག་འཛིན་བླ་མའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཚེ་འདིར་རིག་འཛིན་ས་རུ་སྐྱོལ༔ ཨོཾ་རཱུ་པ་ཤཔྟ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ གསུམ་པ་གསང་མཆོད་ནི། ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་དང་༔ སྣོད་བཅུད་དབྱིངས་བསྡུས་གཏོར་ཆེན་པོ༔ དུག་ལྔ་བསྒྲལ་བའི་ཁྲག་དང་བཅས༔ རིག་འཛིན་བླ་མའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཚེ་འདིར་རིག་འཛིན་ས་ [8b] རུ་དྲོངས༔ ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲི་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ བཞི་པ་ཁྱད་པར་གྱི་མཆོད་པ་ནི། ཧཱུྃ༔ ཐབས་ཤེས་སྙིང་པོ་བྱང་ཆུབ་སེམས༔ འཁོར་བ་ཡོངས་བསྒྲལ་ཤ་ཁྲག་བཅས༔ རིག་འཛིན་བླ་མའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ དགོངས་རྒྱུད་ཀློང་ཆེན་ཆོས་སྐུའི་ངང་༔ བདག་གི་རྒྱུད་ལ་འཕོ་བར་མཛོད༔ སརྦ་ཏ་ན་ག་ན་པཱུ་ཛ་ཧོཿ དྲུག་པ་བསྟོད་པ་བྱ་བ་ནི། ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་མཆོག་ལ་ཕྱག་འཚལ་བསྟོད༔ ཆོས་ཀུན་སྙིང་པོ་འོད་གསལ་བྱང་ཆུབ་སེམས། །ཡེ་ནས་ལྷུན་རྫོགས་ཡོན་ཏན་གཏིང་དཔག་མེད། །གང་འདུལ་དེར་སྣང་ཅིར་ཡང་སྤྲུལ་པའི་སྐུ། །གུ་རུ་མཚན་མཆོག་བརྒྱད་ལ་ཕྱག་འཚལ་བསྟོད། །སྒྲུབ་པའི་དཀྱིལ་འཁོར་མངོན་གྱུར་དངོས་གྲུབ་བརྙེས༔ དབྱིངས་དང་ཡེ་ཤེས་གཉིས་མེད་རོལ་པའི་རྩལ༔ གདུལ་བྱ་རྗེས་སུ་འཛིན་པའི་རྣམ་འགྱུར་ངོམས༔ རིག་འཛིན་ཆེན་པོ་བརྒྱད་ལ་ཕྱག་འཚལ་བསྟོད༔ དགོངས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ལྷུན་གྲུབ་བདེ་བ་ཆེན་པོའི་རང་གདངས་ལས༔ ཐུགས་རྗེ་འགྲོ་བ་འདུལ་ [9a] པའི་དཔལ་དུ་ཤར༔ རིག་འཛིན་བླ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ གཞན་ཡང་རིག་འཛིན་བླ་མའི་དཀྱིལ་འཁོར་དུ༔ འཁོད་ཅིང་ཕྲིན་ལས་སྒྲུབ་པའི་རྒྱལ་ཆེན་བཞི༔ དམ་ཚིག་གཉན་གྱིས་བསྡུས་པའི་དམ་ཅན་སྡེ༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བདུན་པ་བཤགས་པ་བྱ་བ་ནི། ཧོཿ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི༔ ཁྱབ་བདག་བླ་མ་དགོངས་སུ་གསོལ༔ བདག་ནི་མ་རིག་བག་མེད་པས༔ རྩ་བ་ཡན་ལག་དམ་ཉམས་པ༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ སོགས་ཡིག་བརྒྱ་བརྗོད། བརྒྱད་པ་ཛཔྲ་བཟླབ་ལ་གསུམ་ལས། དང་པོ་བསྙེན་པ་ནི། ཧཱུྃ༔ བླ་མེད་གསང་ཆེན་དཀྱིལ་འཁོར་འདིར༔ རྟེན་དང་བརྟེན་པའི་གཞལ་ཡས་ལྷ༔ སྒྱུ་འཕྲུལ་རོལ་པ་རྩལ་རྫོགས་ཀྱི༔ ངང་ལས་མ་འདས་ངོ་བོ་ཉིད༔ རྡོ་རྗེའི་བླ་མར་ཤར་བ་ཡི༔ ཐུགས་ཀར་ཉི་མའི་གདན་སྟེང་དུ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཉི་ཟླའི་གྭའུ་ནང་༔ དྭངས་མ་ལྔ་ཡི་འོད་ཐིག་སྦུབས༔ ཐུགས་སྲོག་ཧཱུྃ་ཡིག་དཀར་དམར་ལ༔ རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ༔ ཞེས་དགོངས་པའི་སྲོག་ཏུ་བཟུང་ལ་ཛཔྲ་བསྐུལ་ནི། [9b] ཧཱུྃ༔ སྤྲོས་བྲལ་ཆོས་སྐུའི་ཀློང་མཛོད་ནས༔ སྐུ་དང་ཡེ་ཤེས་ཡོན་ཏན་མདངས༔ མ་བཅོས་རང་བྱུང་ཆེན་པོའི་སྩལ༔ རིག་འཛིན་བླ་མའི་རྣམ་པར་བཞེངས༔ བསྐུལ་ལོ་ཐུགས་དམ་དབྱིངས་ནས་བསྐུལ༔ དོན་ལ་གཤེགས་བཞུགས་མི་མངའ་ཡང་༔ གདུལ་བྱའི་སྣང་ངོར་ཆུ་ཟླའི་གར༔ སྤྲོས་བསྒྱུར་མེད་དེ་ཡེ་ནས་ཤར༔ ཇི་ལྟ་ཇི་སྙེད་ཡེ་ཤེས་ཀྱིས༔ བདག་རྟོག་མུན་པ་དྲུང་འབྱིན་མཛོད༔ ཆོས་ཉིད་མི་འགྱུར་གསང་མཛོད་ནས༔ དབང་དང་དངོས་གྲུབ་ཆར་དུ་ཕོབ༔ ཐབས་མཆོག་གསང་བའི་སྙིང་པོ་ལས༔ སྔགས་ཀྱི་རང་སྒྲ་འབྲུག་ལྟར་ལྡིར༔ བཟླས་པས་སྣོད་བཅུད་གཉིས་སྣང་སེམས༔ རང་གྲོལ་ཆོས་དབྱིངས་ཆེན་པོར་སངས༔ འཁོར་འདས་དག་མཉམ་བདེ་བ་ཆེ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླ། ཉེ་བསྙེན་ནི། ཧཱུྃ༔ རིགས་བདག་བླ་མའི་གནས་ལྔ་ནས༔ དབང་དང་དངོས་གྲུབ་ཆར་རྒྱུན་བཞིན༔ བབས་ཏེ་བདག་གི་རྒྱུད་ལ་ཞུགས༔ སྒྲིབ་དང་བག་ཆགས་སངས་ཀྱིས་དག༔ དབང་དང་དངོས་གྲུབ་ཀུན་ཐོབ་ཅིང་༔ དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླས་པའི་སྐྱོན་སྤངས་ལ་ཏིང་འཛིན་རྩེ་གཅིག་པས་བཟླ། གཉིས་པ་བསྒྲུབ་པ་ནི། ཧཱུྃ༔ [10a] རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་མཆོད་ཅིང་འགྲོ་དོན་སྒྲུབ༔ མཁྱེན་བརྩེ་ནུས་དཔལ་རྒྱ་མཚོའི་བཅུད༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ སྔགས་ཀྱི་འོད་དང་རང་སྒྲ་ཡི༔ གཟི་བྱིན་ཤུགས་དང་སྟོབས་དབང་གིས༔ སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ངང་༔ རང་གྲོལ་རོལ་པར་དག་མཉམ་ངང་༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཞེས་བཟླ། གསུམ་པ་ལས་སྦྱོར་ནི། ཧཱུྃ༔ སྔགས་ཀྱི་ཕྲེང་བའི་འོད་ཟེར་གྱིས༔ བརྟན་གཡོའི་དྭངས་བཅུད་དཔལ་ཡོན་དང་༔ རྒྱལ་དང་རྒྱལ་སྲས་གཟི་བྱིན་དབང་༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ འོད་དང་འོད་ཟེར་འཕྲོ་འདུ་ལས༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ བསྒྲུབ་ཅིང་དངོས་གྲུབ་ཐམས་ཅད་བསྡུས༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་ངང་༔ གྲོལ་ཐོབ་རྫོགས་པའི་སངས་རྒྱས་སོ༔ སྒྲུབ་སྔགས་ཤམ་དུ། ཤིནྟཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔ ཅེས་བཟླའོ། །གྲངས་ཚད་ནི། གཞུང་ལས། བསྙེན་པ་འབུམ་ཕྲག་བཅོ་ལྔ་དང་༔ སྒྲུབ་སྔགས་ཚད་ནི་དེ་གཉིས་དཔོག༔ ལས་སྦྱོར་བསྙེན་པའི་ཕྱེད་ཆ་ཙམ༔ ཞེས་དང་། མཚན་མའི་རྟགས་ནི། གྲུབ་ལྟས་རི་ཆེན་རྩེར་སླེབས་དང་༔ མེ་ [10b] ཏོག་སྣ་ཚོགས་རྒྱས་པ་དང་༔ མཁའ་ལ་འཕུར་དང་བདུད་རྩིར་སྤྱོད༔ རྟེན་གསུམ་རྙེད་དང་ལོ་འབྲས་རྒྱས༔ འདི་དག་དང་པོའི་རྟགས་སུ་ལགས༔ མངའ་ཐང་བསྐྱེད་དང་རྒྱལ་སར་འགོད༔ འབངས་སྡེ་མང་པོ་ཁ་ལོ་བསྒྱུར༔ ལྷ་ཞལ་མཇལ་ལམ་སྣང་བརྙན་མཐོང་༔ འདི་དག་བར་གྱི་ལྟས་སུ་ལགས༔ བྲག་ཤིང་བཅོམ་དང་མི་སྲུན་ཐུལ༔ དམག་འདྲེན་ཡུལ་ཁམས་བཅོམ་གྱུར་ནས༔ བྲན་དང་འབངས་སུ་ཁོལ་བ་དང་༔ ཉི་མ་ཤར་དང་རོལ་མོ་འཁྲོལ༔ ཁྲལ་སྡུས་ལ་སོགས་ཐ་མའི་ལྟས༔ ཞེས་དང་། དུས་ཚད་ནི། བཟླས་ཚེ་གསལ་སྣང་ཟབ་རྒྱའི་ཆིངས༔ གནད་དང་ལྡན་པའི་སྐྱེས་བུ་ཡིས༔ སྒྲུབ་པའི་དཀྱིལ་འཁོར་འདིར་ཞུགས་ནས༔ ཟླ་བ་དྲུག་གིས་དངོས་གྲུབ་ཐོབ༔ ཅེས་སོ། །ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་རེ་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཱིདྱ་དྷཱ་ར་ས་པ་རི་ཝཱ་ར་ཨརྒྷཾ ནས། ཤཔྟ་རཱུ་པ་ སོགས། སྤརྴེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ནག་ན་སརྦ་པཱུ་ཛ་ཧོཿ ས་མཆོད་ཅིང་། ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་མཆོག་ལ་ཕྱག་འཚལ་བསྟོད༔ ཅེས་ཛཔྲ་བསྟོད་བྱ། ཐུན་མཚམས་སུ་གུ་རུའི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཐུགས་དམ་གནད་བསྐུལ་གྱི་གསོལ་འདེབས་ཀྱང་ཅི་རིགས་སུ་བགྱིས་ན་ཤིན་ཏུ་ལེགས་སོ། །སྐབས་འདིར་རྡོ་རྗེའི་ཆོས་སྐྱོང་སྤྱི་དང་བྱེ་བྲག་ལྷ་ཆེན་ཤ་ནང་ [11a] སོགས་གཏེར་སྲུང་གཞི་བདག་རྣམས་ལ་གཏོར་མ་ཕུལ། གསུམ་པ་ལ་གཉིས། ཁྱད་པར་གྱི་བྱ་བ་ཚོགས་མཆོད་དང་། རྗེས་ཀྱི་ལས་རིམ་དངོས་སོ། །དང་པོ་ལ་བཅུ་ལས། །ཐོག་མར་མཱཾ་ས་དང་མ་དཱ་ན་གཙོ་བོར་གྱུར་པའི་དམ་ཚིག་གི་རྫས་སུ་འོས་པ་རྣམས་ལེགས་པར་བཤམ་ལ། དང་པོ་བྱིན་གྱིས་བརླབས་བ་ནི། བདུད་རྩིས་བྲན་ལ། ཧཱུྃ༔ མ་རིག་ལས་ཉོན་གཟུང་འཛིན་གྱིས༔ བསླད་པའི་འབག་རྩོག་དྲི་མ་ཀུན༔ བདག་མེད་བརྟུལ་ཞུགས་ཆེན་པོས་སྦྱངས༔ གསང་གསུམ་ནུས་པའི་བྱིན་གྱིས་བརླབ༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ རང་སྣང་འོག་མིན་བདེ་ཆེན་ཞིང་༔ མི་འགྱུར་གསང་ཆེན་གཞལ་ཡས་ནས༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སརྦ་མ་ཧཱ་གུ་རུ་བཛྲ་ས་མ་ཡ་ཛ་ཛ༔ གསུམ་པ་མཆོད་པ་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་ཏེ། དང་པོ་ཕུད་འབུལ་བ་ནི། ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ རིག་འཛིན་བླ་མའི་དཀྱིལ་འཁོར་དུ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ན་མོ་མ་ཧཱ་གུ་རུ་སརྦ་ག་ཎ་ཙཀྲ་ལ་ཁཱ་ཧི༔ བར་པ་བསྐང་བཤགས་ནི། ཨོཾ་ཨཱཿཧཱུྃ། བསྐང་རྫས་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་ཟད་མི་ཤེས་པའི་གཏེར་ [11b] ཆེན་པོ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། བཛྲ་སྥ་ར་ཎ་ཁཾ་གིས་སྤེལ། ཧཱུྃ་ཧྲཱིཿ གཞི་དབྱིངས་གདོད་ནས་བླ་མའི་ཞིང་༔ སྣང་བ་ཐམས་ཅད་འདོད་ཡོན་དཔལ༔ སྲིད་པ་རང་བྱུང་མཆོད་པའི་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོ་ཤར༔ འོག་མིན་བདེ་བ་ཆེན་པོ་ནས༔ ཁྱབ་བདག་མགོན་པོ་ཐུགས་དམ་བསྐང་༔ ལྷུན་གྲུབ་མ་འགགས་རོལ་པ་ནས༔ ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་༔ གདུལ་བྱའི་དཔལ་དུ་ཆུ་ཟླའི་གར༔ པདྨ་ཐོད་ཕྲེང་ཐུགས་དམ་བསྐང་༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་ཐུགས་དམ་བསྐང་༔ རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར་ཐུགས༴ ཁམས་གསུམ་དབང་དུ་སྡུད་མཛད་པའི༔ པདྨ་རྒྱལ་པོའི་ཐུགས༴ བདུད་དང་མུ་སྟེགས་འདུལ་མཛད་པའི༔ སེངྒེ་སྒྲ་སྒྲོགས་ཐུགས༴ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སཾ་བྷའི་ཐུགས༴ ལོག་འདྲེན་བདུད་བཞི་འདུལ་མཛད་པའི༔ ཤཱཀྱ་སེང་གེའི་ཐུགས༴ ཤེས་བྱ་ཀུན་ལམ་རྨོངས་པའི༔ བློ་ལྡན་མཆོག་སྲེད་ཐུགས༴ དྲེགས་པ་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་ཐུགས༴ དཔལ་ཆེན་སྐུ་ཡི་གསང་རྫོགས་གར༔ མཉྫུ་མི་ཏྲའི་ཐུགས༴ གསུང་གི་གདང་བ་རྫོགས་ [12a] པའི་གར༔ ནཱ་གརྫུ་ནའི་ཐུགས༴ ཐུགས་ཀྱི་གསང་བ་རྫོགས་པའི་གར༔ ཧཱུྃ་ཆེན་ཀ་རའི་ཐུགས༴ ཡོན་ཏན་གསང་ཆེན་རྫོགས་པའི་གར༔ རྒྱལ་པོ་ཛ་ཡི་ཐུགས་དམ་བསྐང་༔ ཕྲིན་ལས་གསང་ཆེན་རོལ་པའི་གར༔ པྲ་ཆེན་ཧ་སྟིའི་ཐུགས༴ སྲིད་པའི་མ་མོ་དབང་བསྐྱུར་གར༔ དྷ་ན་སཾསྐྲྀའི་ཐུགས༴ རིག་འཛིན་བླ་མ་ཡོངས་འདུས་གར༔ བིམ་མི་ཏྲའི་ཐུགས༴ འཇིག་རྟེན་དྲེགས་པ་འདུལ་བྱེད་གར༔ རམྦུ་གུ་ཧྱའི་ཐུགས༴ མངོན་སྤྱོད་ཐོགས་མེད་ལས་ཀྱི་གར༔ ཤནྟིཾ་གརྦྷའི་ཐུགས༴ མདོ་སྔགས་བསྟན་པའི་བདན་སྒྲེང་༔ རྗེ་འབངས་ཉེར་ལྔའི་ཐུགས༴ བསྟན་དང་བསྟན་འཛིན་སྡེ་སྐྱོང་ཕྱིར༔ བཀའ་སྡོད་སྲུང་མའི་ཐུགས༴ ཕྲིན་ལས་བཞི་སྒྲུབ་དངོས་གྲུབ་བདག༔ རྒྱལ་ཆེན་འཁོར་བཅས་ཐུགས༴ བླ་མེད་བླ་མ་ཡི་དང་ལྷ༔ མཁའ་འགྲོ་ཆོས་སྐྱོང་ཡོངས་འདུས་དཔལ༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་༔ དེ་ལྟར་བསྐང་ཞིང་མཆོད་པའི་མཐུས༔ སྡིག་སྒྲིབ་ཉམས་ཆག་བྱང་བ་དང་༔ ཕྲིན་ལས་འབད་མེད་ལྷུན་གྲུབ་ཅིང་༔ ཚེ་འདིར་རིག་འཛིན་ས་ཐོབ་མཛོད༔ ཅེས་དང་། ན་མོཿ རིག་འཛིན་བླ་མའི་སྤྱན་སྔ་རུ༔ དམ་ཚིག་ཉམས་འགལ་ཇི་ [12b] མཆིས་པ༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ བཟོད་གསོལ་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲས་ཏྭས་མ་ཡ༔ སོགས་ཡི་གེ་བརྒྱ་པ་བརྗོད། ཐམ་བསྒྲལ་བསྟབ་ནི། ཚོགས་ཟན་ཐ་མ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུས་ནས་མདུན་དུ་བཀོད་ལ། ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཚོགས་ཐ་མ་དམིགས་པའི་རྟེན་འདི་ལ་ཁུག་ཅིག ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ས་དགུག་བསྟིམ་བྱ། སྣང་སྲིད་ཡེ་སྒྲོལ་གྱི་དགོངས་པའི་ངང་ནས་ཕུར་བུས་གཟི་ཞིང་། ཧཱུྃ༔ བླ་མེད་གསང་ཆེན་དཀྱིལ་འཁོར་ནས༔ རིག་འཛིན་བླ་མ་སྐུར་བཞེངས་ཤིག༔ བསྟན་ལ་སྡང་བའི་ཞིང་བཅུ་འདི༔ མངོན་སྤྱོད་ཤུགས་ཀྱིས་རྔུལ་དུ་རློག༔ རུ་དྲ་ཨ་མུ་ཀ་མཱ་ར་ཡ་ཕཌ༔ ཅེས་བསྒྲལ་བའི་ཕུང་པོ་ཟག་མེད་བདུད་རྩིའི་རང་བཞིན་དུ་བལྟས་ལ། ཡེ་སྦྱོར་གྱི་དགོངས་པས་བསྟབ་པ་ནི། ཧཱུྃ༔ ཞིང་བཅུ་བསྒྲལ་བའི་ཕུང་པོ་འདི༔ རིག་འཛིན་ལྷ་ཚོགས་ཞལ་དུ་བསྟབ༔ དགྱེས་པར་དགོངས་ལ་བཞེས་ཤིག་རོལ༔ རྣམ་ཤེས་དག་པའི་ས་ལ་སྤོར༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ བཞི་པ་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་ཕྱག་བཅས་ཐབས་ཤེས་ཀྱི་རྫས་བསྣོལ་མར་བཏེགས་ལ། ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། །ཞེས་ [13a] དྲངས། ལེན་པ་པོས་པད་བསྐོར་དང་བཅས། ཨ་ལ་ལ་ཧོཿ ཞེས་བླངས་ལ་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་འཁོར་དུ་ཤེས་པས་བཟང་བའི་དམ་ཚིག་ནང་གི་བསྲེག་བླུག་ཏུ་རོལ། ལྔ་པ་སྨོན་ལམ་གདབ་པ་ནི། བླ་མ་རིགས་འདུས་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་བརྗོད། དྲུག་པ་ལྷག་མ་བཏང་བ་ནི། ལྷག་མ་བསྡུས་ལ་གཙང་ལྷག་སྟེང་དུ་བསྣན། དམ་ཚིག་གི་ཁ་ཕྲུའམ་བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ལྷག་སྡུད་ཀྱི་ཕོ་ཉ་རྣམས། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ ས་སྤྱན་དྲངས་ལ། བྷྱོ༔ དཔལ་གྱི་བཀའ་སྡོད་ལྷག་སྐྱོང་ཚོགས༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ བྱང་ཆུབ་སྒྲུབས་ལ་བར་ཆད་ཟློག༔ ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་རོལ་མོའི་སྒྲ་དང་བཅས་ཕྱི་རོལ་དུ་བསྐྱལ། བདུན་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ལྷོ་ནུབ་རྔ་ [13b] ཡབ་སྲིན་པོའི་ཡུལ༔ ཐོད་པའི་སྐུ་མཁར་གཞལ་ཡས་ནས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ དཔའ་བོ་མཁའ་འགྲོ་སྲུང་མའི་ཚོགས༔ མ་ཐོགས་མྱུར་དུ་ཐུགས་དམ་བསྐུལ༔ བཞེངས་ཤིག་འཇིགས་པའི་གར་བསྒྱུར་བའི༔ ཕྲིན་ལས་གཉན་པོའི་དུས་ལ་བབ༔ ཕྱི་དགྲ་ཞིང་བཅུའི་བདུད་སྡེ་ཆོམས༔ ནང་དགྲ་དམ་ལོག་བསྟན་བཤིག་སོད༔ གསང་དགྲ་གཉིས་འཛིན་རཱུ་ཏྲ་སྒྲོལ༔ དམ་སྲི་རྒྱལ་བསེན་སྡེ་བརྒྱད་བདུད༔ མཐའ་དམག་དུས་འཁྲུགས་ནད་མཚོན་བགེགས༔ བསྟན་འགྲོ་ཡོངས་ལ་འཚེ་བའི་དགྲ༔ མ་ལུས་ཐལ་བའི་རྔུལ་དུ་རློག༔ ཁམས་གསུམ་འཁོར་བ་སྐུ་གསུམ་དུ༔ བསྒྲལ་ནས་དག་མཉམ་ཆེན་པོར་རོལ༔ སྡུག་བསྔལ་གསུམ་གྱིས་བཅིངས་པ་ཡི༔ འགྲོ་ཁམས་དོང་སྤྲུགས་ཕྲིན་ལས་མཛོད༔ བརྒྱད་པ་ཆད་ཐོ་འབུལ་བ་ནི། གཏོར་མར་སྨན་རཀ་བྲན་ལ། ཧཱུྃ་བྷྱོ༔ ཐོག་མཐའ་བར་གསུམ་རྩོད་ལྡན་ཡན༔ རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་བསྟན་སྲུང་སྡེ༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་ཤིང་༔ བསམ་པ་སྒྲུབས་ལ་བར་ཆད་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ [14a] ཞེས་འབུལ། དགུ་པ་བརྟན་ནམ་བསྐྱང་བ་ནི། བཤལ་ཆུས་བྲན་ཅིང་། ཨོཾ་ཨཱཿཧཱུྃ་ གིས་བརླབ་ལ། ཧཱུྃ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གིས༔ དམ་བཏགས་དབང་བསྐུར་བཀའ་བསྒོས་པའི༔ མ་སྲིང་བརྟན་མ་དཔོན་གཡོག་རྣམས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་སྲུངས༔ མ་མ་ཧྲིཾ་ཧྲིཾ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ བཅུ་པ་རྟ་བྲོ་བརྡུང་བ་ནི། གཏོར་སྣོད་སྦུབས་པའི་འོག་ཏུ་གདོན་བགེགས་རྣམས། ཨེ་ནྲྀ་ཏྲི་སརྦ་ཤ་ཏྲུཾ་བིགྷྣཾཛཿཧཱུྃ་བཾ་ ཧོཿ ཞེས་དགུག་གཞུག་བཅིང་མནན་བྱས་ཏེ་རྡོ་རྗེའི་རྒྱས་བཏབ་ལ། ཧཱུྃ༔ བདག་རྟོག་འཁོར་བའི་རཱུ་ཏྲ་ལ༔ བདག་མེད་རོལ་བའི་རྟ་བྲོ་བརྡུང་༔ ཆོས་ཉིད་བརྡལ་ཁྱབ་དབྱིངས་སུ་བཅོམ༔ ནམ་ཡང་ལྡང་མེད་བྲོ་རྒྱས་བཏབ༔ སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ རྗེས་དྲག་ཤུལ་གྱི་ལས་མཐའ་ཤིས་པས་བསྡུ་ཕྱིར་གཏོར་གཞོང་བཟེད་པར་མེ་ཏོག་འཐོར་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཨོ། ཞེས་བརྗོད། གཉིས་པ་ལ་བདུན་ལས། དང་པོ་གཏང་རག་མཆོད་བསྟོད་ནི། ཧཱུྃ༔ མེ་ཏོག་ལ་སོགས་ཡིད་སྤྲུལ་ལྷ་མོ་དང་། །སྨན་རཀ་བདུད་རྩི་དཀར་དམར་བདེ་བའི་རྒྱུན། །སྦྱོར་སྒྲོལ་བླ་མེད་ཕྱི་ནང་མཆོད་སྤྲིན་སྤྲོས། །རྩ་གསུམ་ [14b] ཀུན་འདུས་དཀྱིལ་འཁོར་ལྷ་ལ་འབུལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཱི་དྱ་དྷ་ར་ས་པ་རི་ཝཱ་ར་ཨ་རྒྷཾ་ ནས། པཱུ་ཛ་ཧོཿ འི་བར་གྱིས་མཆོད་ཅིང་། ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་མཆོག་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། གཉིས་པ་དངོས་གྲུབ་བླང་བ་ནི། ཧཱུྃ༔ རིག་འཛིན་བླ་མའི་གསང་ཆེན་བཅུད༔ སྨིན་གྲོལ་དབང་བྱིན་དངོས་གྲུབ་ཀུན༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ རྣམ་པར་གྲོལ་བའི་དབུགས་འབྱིན་མཛོད༔ རྩ་སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ ཞེས་སྒྲུབ་རྟེན་གནས་གསུམ་དུ་རེག་ཅིང་བདུད་རྩི་མྱང་། གསུམ་པ་ནོངས་བཤགས་ནི ཧོཿ བླ་མ་རིགས་འདུས་དཀྱིལ་འཁོར་དུ། །ཏིང་འཛིན་མ་གསལ་བཟླས་བརྗོད་གཡེལ། །ལྷག་ཆད་འགལ་འཁྲུལ་ཉམས་ཆག་ཀུན། །སྙིང་ནས་བཤགས་སོ་ཚངས་པར་སྩོལ། །ཅེས་དང་ཡིག་བརྒྱ་བརྗོད། ཚོགས་མགྲོན་རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །སོགས་ཀྱིས་བརྟན་འཞུགས་བྱ། མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཤེགས་སུ་གསོལ། བཞི་པ་བདག་བསྐྱེད་འོད་གསལ་དུ་བསྡུ་བ་ནི། ཧཱུྃ༔ [15a] རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ མ་ལུས་རང་གི་སྐུ་ལ་ཐིམ༔ རང་ཉིད་ཐུགས་སྲོག་ཧཱུྃ་ལ་བསྡུ༔ ཧཱུྃ་ཡིག་ཐིག་ལེ་ན་དཱ་ལ༔ དེ་ཡང་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨ་ཨ་ཨ༔ ལྔ་པ་ཟུང་འཇུག་གི་སྐུར་ལྡང་ཞིང་གོ་བགོ་བ་ནི། ཧཱུྃ༔ མཁའ་ལས་འཇའ་ཚོན་ཤར་བ་ལྟར༔ རང་ཉིད་རིག་འཛིན་པདྨ་འབྱུང་༔ སྣང་སྲིད་དབང་སྡུད་སྐུར་གསལ་ལ༔ མི་ཤིགས་རྡོ་རྗེའི་གོ་ཆ་བགོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཛྲ་རཀྵ་རཀྵ་ཧཱུྃ༔ དྲུག་པ་བསྔོ་སྨོན་གྱི་རྒྱས་གདབ་པ་ནི། ཧཱུྃ༔ བདག་གི་དུས་གསུམ་དགེ་རྩ་ཀུན༔ ཟག་མེད་བདེ་བ་ བདུན་པ་བཀྲ་ཤིས་བརྗོད་པ་ནི། ཧཱུྃ༔ གདོད་ནས་མ་བཅོས་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔ གང་འདུལ་ཐུགས་རྗེ་འགྲོ་བའི་མགོན༔ རིག་འཛིན་བླ་མའི་བཀྲ་ཤིས་ཤོག༔ ཅེས་སོགས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་ཅིང་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་བྱའོ། །རྒྱལ་ཀུན་འདུས་གཟུགས་པདྨ་ཐོད་ཕྲེང་རྩལ། །གང་གི་ཞལ་བཟང་ཉིན་བྱེད་སྣང་བ་ཆེ། །ཉེ་བར་བསྙེན་པའི་ཐབས་ཚུལ་འདི་ཡིས་ཀྱང་། །སྐལ་ལྡན་གྲུབ་གཉིས་གེ་སར་ཅིས་མ་འཛུམ། །དེ་ལྟའི་ལེགས་ [15b] བྱས་མཆོག་གི་བདུད་རྩིའི་རྒྱུན། །བྱང་ཆེན་སྤྱོད་པ་རྒྱ་མཚོའི་རྗེས་སོང་སྟེ། །རིས་མེད་ཡིད་ཅན་ཞིང་སར་རྟག་འབབ་པས། །རིག་འཛིན་རྣམ་བཞིའི་འབྲས་བཟང་མྱུར་སྨིན་ཤོག ཅེས་བླ་མ་རིག་འཛིན་འདུས་པའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་བདེ་ཆེན་རྣམ་པར་རོལ་པའི་རྒྱན་ཞེས་བྱ་བ་འདི་ནི། ཟབ་མོའི་ལམ་འདིར་མི་ཕྱེད་གུས་པའི་དད་པ་བརྟན་པ་ཀརྨ་བཀྲ་ཤིས་དང་ཕྲིན་ལས་སྒྲུབ་བརྒྱུད་སོགས་དོན་གཉེར་ཅན་དུ་མའི་གསུང་གི་ཡང་ཡང་བསྐུལ་བ་ལྟར། གཏེར་ཆེན་རིག་འཛིན་ཆེན་པོའི་མཚན་གྱི་བྱིན་རླབས་འཆང་བ་འཇིག་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་དགུ་པ་རྔ་ཆེན་མགོ་ཟླའི་ཚེས་བཅུའི་དུས་སུ་ཀོང་པོ་བྲག་གསུམ་སྨིན་གྲོལ་ཆོས་ཀྱི་གནྡྷོ་ལར་སྤེལ་བ་ཟབ་ཆོས་འདི་ཉིད་ཀྱི་ཕྲིན་ལས་མི་ནུབ་དར་ཞིང་རྒྱས་ལ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག། །།