མཁའ་འགྲོ་གསང་བའི་གབ་ཐིག་ལས་མཚོ་རྒྱལ་བདེ་ཆེན་རྒྱལ་མོའི་ཕྲིན་ལས་བཀླག་ཆོག་ཏུ་བཀོད་པ་པདྨའི་དོ་ཤལ་ཅེས་བྱ་བ་བཞུགས་སོ།

From Dudjom Wiki
DJYD-KABUM-09-TA-020
Wylie title mkha' 'gro gsang ba'i gab thig las mtsho rgyal bde chen rgyal mo'i phrin las bklag chog tu bkod pa pad+ma'i do shal DJYD-KABUM-09-TA-020.pdf
Location bdud 'joms rin po che bka' 'bum
Volume 9, Text 20, Pages 571-595 (Folios 1a1 to 13b3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Mkha' 'gro gsang ba'i gab thig las mtsho rgyal bde chen rgyal mo'i phrin las bklag chog tu bkod pa pad+ma'i do shal. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 9: 571-595. Kalimpong: Dupjung Lama, 1979-1985.
Side notes Recto: yum ka   Verso: bdud 'joms mtsho rgyal
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche, Bdud 'joms gling pa)
Genre Activity Manual - las byang
Cycle མཁའ་འགྲོ་གསང་བའི་གབ་ཐིག་ (mkha' 'gro gsang ba'i gab thig)
Deity ye shes mtsho rgyal
Colophon

ཅེས་པའང་ལམ་འདིར་མི་ཕྱེད་དད་པའི་བློ་གྲོས་ཅན་ཀརྨ་བཀྲ་ཤིས་དང་ཕྲིན་ལས་སྒྲུབ་བརྒྱུད་སོགས་དོན་དུ་གཉེར་བ་མང་པོའི་གསུང་གིས་བསྐུལ་བ་ལྟར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཀོང་པོ་བྲག་གསུམ་སྨིན་གྲོལ་ཆོས་ཀྱི་བསྟི་གནས་སུ་རྔ་ཆེན་སྣྲོན་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་ལ་ཁྲིགས་སུ་སྤེལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག སརྦ་དཱ་མངྒ་ལཾ།།

ces pa'ang lam 'dir mi phyed dad pa'i blo gros can karma bkra shis dang phrin las sgrub brgyud sogs don du gnyer ba mang po'i gsung gis bskul ba ltar 'jigs bral ye shes rdo rjes kong po brag gsum smin grol chos kyi bsti gnas su rnga chen snron zla'i dmar phyogs mkha' 'gro 'du ba'i tshes la khrigs su spel ba dge legs mchog tu gyur cig_sarba dA mang+ga laM//

[edit]
༄༅། །མཁའ་འགྲོ་གསང་བའི་གབ་ཐིག་ལས་མཚོ་རྒྱལ་བདེ་ཆེན་རྒྱལ་མོའི་ཕྲིན་ལས་བཀླག་ཆོག་ཏུ་བཀོད་པ་པདྨའི་དོ་ཤལ་ཅེས་བྱ་བ་བཞུགས་སོ། །


༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། ཆོས་སྐུའི་དབྱིངས་སུ་ཡུམ་ཆེན་ཀུན་བཟང་མོ། །ལོངས་སྐུ་རྡོ་རྗེ་རྣལ་འབྱོར་ཝཱ་ར་ཧི། །དབྱེར་མེད་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ཞབས། །གུས་པས་བསྙེན་ནོ་བྱིན་རླབས་དངོས་གྲུབ་སྩོལ། །གང་དེའི་སྒྲུབ་ཐབས་ཟབ་གཏེར་གྱི། །གསང་བ་མཁའ་འགྲོའི་གབ་ཐིག་གཞུང་། །འཇུག་བདེའི་ཁྲིགས་སུ་བསྡེབས་པ་ལ། །ལྷག་པའི་ལྷ་ཡིས་གནང་བ་སྩོལ། །འདི་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམས། དངོས་གཞི་སྒྲུབ་པའི་ཕྲིན་ལས། རྗེས་མཇུག་གི་ལས་རིམ་མོ། །དང་པོ་ནི། དབང་བསྐུར་བསྙེན་སྒྲུབ་སོགས་དང་འབྲེལ་བའི་ཚེ་སོ་སོའི་གཞུང་ནས་འབྱུང་བ་བཞིན་ཤེས་པར་བྱ་དགོས་ལ། འདིར་ཚོགས་མཆོད་ལྟ་བུའི་དཀྱུས་ཙམ་ལ་ཞལ་ཐང་སོགས་བྱིན་རླབས་ཅན་གྱི་རྟེན་བཀྲམ་པའི་མདུན་དུ་སྟེགས་ཀྱི་ཁར་མཁའ་འགྲོའི་གཏོར་མ་དམར་པོ་རྒྱན་སྤྲོས་ཅན་གྱི་གཡས་ [2a] གཡོན་དུ་སྨྲ་རཀ་དང་མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམས། གཞན་ཡང་སྔོན་གཏོར་དཀར་བགེགས་སྲུང་མའི་གཏོར་འབུལ་ཚོགས་ཀྱི་ཡོ་བྱད་ཆད་བརྟན་སོགས་ཉེར་མཁོའི་རིགས་རྣམས་འཚོགས་པར་བྱའོ། །གཉིས་པ་ལ་གཉིས། སྔོན་འགྲོའི་རིམ་པ་དང་། གཞུང་དངོས་སོ། དང་པོ་ལ་དགུ་ལས། ཐོག་མར་སྒྲུབ་པ་པོ་རྣམས་སྟན་ལ་འཁོད་ནས་དད་མོས་ངེས་འབྱུང་གིས་རྒྱུད་བསྐུལ་ཏེ་ཚིག་བདུན་གསོལ་འདེབས་དང་། བརྒྱུད་འདེབས་སྔོན་དུ་འགྲོ་བས། དང་པོ་སྐྱབས་སུ་འགྲོ་བ་ནི། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་གྱུར། ན་མོ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་ཕག་མོ་རྣལ་འབྱོར་མ༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་ལ༔ རྣམ་གསུམ་དད་པས་སྐྱབས་ [2b] སུ་མཆི། ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། ཧོཿ མ་གྱུར་མཁའ་མཉམ་སེམས་ཅན་ཀུན༔ རྣམ་མཁྱེན་སངས་རྒྱས་སར་འགོད་ཕྱིར༔ ཡེ་ཤེས་མཁའ་འགྲོ་ཁྱོད་བསྒྲུབ་ནས༔ གོ་འཕང་མཆོག་ལ་འགོད་པར་བྱ༔ ལན་གསུམ། གསུམ་པ་ཚོགས་བསགས་པ་ནི། ཧོཿ བླ་མ་མཁའ་འགྲོའི་དཀྱིལ་འཁོར་ལྷར། །ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐུལ། །རྟག་པར་བཞགས་གསོལ་བསོད་ནམས་ཀུན། །གཞན་དོན་བྱང་ཆུབ་སྙིང་པོར་བསྔོ། །ཁ་སྦྱོར་ཡེ་ཤེས་སྐུ་འགྲུབ་ཤོག ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་སྨིན་ཅིང་གྲོལ་བར་གྱུར། །བཞི་པ་བགེགས་བསྐྲད་པ་ནི། རང་ཉིད་ཡེ་ཤེས་མཁའ་འགྲོའི་སྐུར་གྱུར། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿ་ཧཱུྃ་ཧོ། ལན་གསུམ་རྒྱ་དང་བཅས་པས་བྱིན་གྱིས་བརླབས། ། སརྦ་བྷཱུ་ཏ་ཨཱ་ཀཪྵ་ཡ་ཛཿས་མགྲོན་དགུག སརྦ་བིགྷྣན་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ༔ ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ ང་ནི་ཡེ་ཤེས་མཁའ་འགྲོའི་སྐུ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ འདོད་རྒུར་འཆར་བའི་གླུད་གཏོར་ཁྱེར༔ འདི་རུ་མ་འདུག་གཞན་དུ་སོང་༔ [3a] གལ་ཏེ་བཀའ་ལས་འདའ་བྱེད་ན༔ ཡེ་ཤེས་ཐུན་མཚོན་འཕྲུལ་འཁོར་གྱིས༔ མགོ་འགས་ལུས་སེམས་རྡུལ་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་དང་གུ་གུལ་ཡུངས་ཐུན་གྱིས་བསྐྲད༔ ལྔ་པ་སྲུང་མཚམས་བཅད་པ་ནི༔ ཧཱུྃ༔ བདག་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ ཆོས་ཉིད་རོལ་པའི་ཆོ་འཕྲུལ་ལས༔ མཚོན་ཆའི་གུར་དང་མེ་རླུང་ཆུས༔ རྭ་བ་སྲ་མཁྲེགས་བརྟན་པར་གྱུར༔ ཙཀྲ་བཛྲ་རཏྣ་པདྨ་ཀརྨ་རཾ་ཡཾ་ཁཾ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དྲུག་པ་བརྡ་སྒོ་དབྱེ་བ་ནི༔ ཨ༔ གདོད་མའི་ཡེ་གཞི་ཆོས་ཀྱི་སྐུ༔ མ་རིག་གཉིས་འཛིན་བསྒྲིབ་པས་བསྒྲིབ༔ གཉིས་མེད་མཉམ་པ་ཉིད་དུ་དག༔ སྐུ་དང་ཡེ་ཤེས་འཆར་སྒོ་ཕྱེས༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ བདུན་པ་བརྡ་ཕྱག་འཚལ་བ་ནི། ན་མོཿརང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔ ལྷུན་གྲུབ་སྒྱུ་འཕྲུལ་རོལ་པའི་དལ༔ སྒྲུབ་རྩོལ་མེད་པར་ངང་གིས་རྫོགས༔ རང་ངོ་རང་ཞལ་མཇལ་ཕྱག་འཚལ༔ ཛྙཱ་ན་ཙཀྲ་མ་ཎྜ་ལ་ན་མོ་ན་མ་ ཧོཿ བརྒྱད་པ་བྱིན་དབབ་པ་ནི༔ སྤོས་དང་རོལ་མོའི་སྒྲས་བསྐུལ་ལ། ཧཱུྃ༔ ཀ་དག་སྤྲོས་བྲལ་ཕོ་བྲང་ནས༔ ཆོས་སྐུའི་མཁའ་འགྲོས་བྱིན་ཕོབ་ཅིག༔ ལྷུན་གྲུབ་བདེ་ཆེན་ཀློང་མཛོད་ནས༔ ལོངས་སྐུའི་མཁའ་འགྲོས་བྱིན་ཆེན་ཕོབ༔ ཕྱོགས་མེད་ཐུགས་རྗེའི་གར་མཁན་མོ༔ སྤྲུལ་སྐུའི་མཁའ་འགྲོས་བྱིན་ཆེན་ [3b] ཕོབ༔ སྐུ་གསུམ་མཉམ་སྦྱོར་དབྱིངས་ཀྱི་ཡུམ༔ ཡེ་ཤེས་མཚོ་རྒྱལ་བྱིན་ཆེན་ཕོབ༔ ན་མོ་དྷརྨ་ཀཱ་ཡ༔ སམྦྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ ཛྙཱ་ན་ཌཱ་ཀི་ནཱི་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛཿཨཱ་བེ་ཤ་ཡ་ཨ་ཨཱཿདགུ་པ་མཆོད་རྫས་བྱིན་རླབས་ནི། ཨ༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ རང་བཞིན་སྟོང་པ་ཉིད་དུ་ཞིག༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སྒྱུ་མའི་དགའ་སྟོན་འཕྲུལ་བཞིན་དུ༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀ༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ ཨོཾ་ཨཱཿཧཱུྃ་ཨརྒྷཾ་སོགས་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ༔ རཱུ་པ་སོགས་ནས། དྷརྨ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཞེས་སྔགས་རྣམས་ལན་གསུམ་གསུམདུ་བརྗོད༔ གཉིས་པ་ལ་བདུན་ལས། དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ལ། ཐོག་མར་ཏིང་འཛིན་གསུམ་གྱིས་འཁོག་ཕུབ་པ་ནི། ཨ༔ གཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་ཀུན་ཆོས་ཉིད་ཆེན་པོར་ཞིག༔ སྤྲོས་བྲལ་རྣམ་ཐར་གསུམ་ལྡན་མཁའ༔ མ་བཅོས་དེ་བཞིན་ཉིད་དུ་བརྡལ༔ སརྦ་དྷརྨ་ག་ག་ནས་མ་ཏི་ཨ༔ ཨ༔ དེ་ལྟར་མ་རྟོགས་སེམས་ཅན་ལ༔ དམིགས་མེད་སྙིང་རྗེ་ཆེན་པོས་བརྡལ༔ ཁྱབ་གདལ་རིག་པ་བྱང་ཆུབ་སེམས༔ ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང་༔ བཛྲ་དྷརྨ་ཀཱ་ཡ་ས་མ་ཏི་ཨ༔ ཧཱུྃ༔ མཁའ་ལས་འཇའ་ཚོན་ཤར་བ་བཞིན༔ རང་རིག་ [4a] བྃ་ཡིག་དཀར་དམར་མདངས༔ ཡེ་ཤེས་ལྔ་ཡི་འོད་གདངས་འབར༔ རང་བྱུང་རང་ཤར་ཆེན་པོར་བསྒོམ༔ བྃ་ཙིཏྟ་བཛྲ་ས་མ་ཏི་ཧཱུྃ༔ རྟེན་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ བྃ་ལས་འོད་དང་འོད་ཟེར་འཕྲོས༔ ཡུམ་ཆེན་ལྔ་ཡི་མཁའ་ཀློང་དུ༔ ལྷུན་གྲུབ་བདེ་ཆེན་ཞིང་ཁམས་སུ༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ ཟླ་གམ་སྒོ་གཅིག་མཚན་ཉིད་རྫོགས༔ རྒྱ་ཆེ་བཀོད་ལེགས་ཡིད་འཕྲོག་ཅིང་༔ འོད་དང་འཇའ་ཚོན་དྲྭ་བ་འཁྲིགས༔ དེ་དབུས་སྣ་ཚོགས་པདྨ་དང་༔ ཟླ་བ་དང་ནི་ཉི་གདན་གསལ༔ རྫྙཱ་ན་པཉྩ་ཧཱུྃ༔ པདྨ་མཎྜ་སུརྱ་མཎྜ་ལ་ཧཱུྃ༔ བརྟེན་པ་ལྷ་གསལ་བ་ནི། ཧཱུྃ༔ མཁའ་ལས་བྃ་ཡིག་གདན་ལ་བབ༔ འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད༔ རྟེན་དང་བརྟེན་པ་སྤྱན་དྲངས་བསྟིམ༔ མར་འཕྲོས་འཁོར་བ་ཆོས་སྐུར་བསྒྲལ༔ འབྱུང་ལྔའི་དྭངས་བཅུད་དཔལ་ཡོན་དང་༔ ཚེ་དང་བསོད་ནམས་མ་ལུས་པ༔ བསྡུས་ཏེ་སྲོག་གི་ཡི་གེར་བསྟིམ༔ བྃ་ལས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་ཡེ་ཤེས་མཚོ་རྒྱལ་མ༔ དཀར་དམར་མཚན་དཔེའི་ལང་ཚོས་མཛེས༔ བཅུ་དྲུག་གཞོན་ནུ་འོད་ཕུང་འབར༔ ལྗང་སྔོན་རལ་པའི་ཟུར་ཕུད་ཅན༔ རིན་པོ་ཆེ་ཡི་རྩེ་བྲན་ལ༔ པདྨ་དཀར་པོས་ཐོད་གདེངས་བྱས༔ ལྷག་མས་སྐུ་རྒྱབ་ཁེབ་ཅིང་གྲོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ སྤྱན་གསུམ་ [4b] ནམ་མཁའི་མཐོང་ལ་གཟིགས༔ ནུ་མ་འབུར་ཞིང་པདྨོ་རྒྱས༔ གཅེར་བུ་རིན་ཆེན་སྣ་ཚོགས་དང་༔ དམར་སེར་པདྨའི་ཕྲེང་བས་སྤྲས༔ ཕྱག་གཡས་རྡོ་རྗེའི་གྲི་གུག་གིས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ གཡོན་པས་ཡེ་ཤེས་ཀ་པཱ་ལར༔ བདེ་སྟོང་བདུད་རྩིའི་བཅུད་ཀྱིས་གཏམས༔ ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བསྟེན༔ ཡེ་ཤེས་འཇའ་ཚོན་འོད་ལྔའི་ཀློང་༔ ཆུ་ཟླ་དང་ནི་གཟུགས་བརྙན་བཞིན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར༔ ནུབ་ཏུ་པདྨ་མཁའ་འགྲོ་དམར༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་༔ ཀུན་ཀྱང་གཞོན་ནུ་མཚན་དཔརས་མཛེས༔ གཡས་རྣམས་རང་རྟགས་གྲི་གུག་དང་༔ གཡོན་པས་བྷནྡྷ་བདུད་རྩི་བསྣམས༔ ཞབས་གཉིས་གར་སྟབས་ཁ་ཊྭཾ་བསྟེན༔ རྒྱན་དང་ཆ་ལུགས་གཙོ་མོ་བཞིན༔ ཡེ་ཤེས་འོད་ལྔའི་ཀློང་དུ་གསལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་དང་༔ ཐུགས་ཀར་རང་རང་སྲོག་ཡིག་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སྐུ་གསུམ་དག་པའི་ཞིང་ཁམས་དང་༔ གནས་ཡུལ་ས་སྤྱོད་མཁའ་སྤྱོད་ནས༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོའི་ཚོགས༔ མཚོ་ལ་ཁ་ཆར་བབས་པ་བཞིན༔ སྤྱན་དྲངས་གཉིས་མེད་རོ་གཅིག་རོལ༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་པ་ [5a] ནི། ཁྱད་པར་གྱི་སྤོས་དུད་ཐོད་རྔ་སོགས་རོལ་མོའི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ། ཧཱུྃ༔ ཀ་དག་སྤྲོས་མཐའ་བྲལ་བའི་དབྱིངས༔ ཆོས་སྐུའི་མཁའ་འགྲོ་སྐུར་བཞེངས་ཤིག༔ ལྷུན་གྲུབ་སྒྱུ་འཕྲུལ་རོལ་པའི་དབྱིངས༔ ལོངས་སྐུའི་མཁའ་འགྲོ་སྐུར་བཞེངས་ཤིག༔ སྣ་ཚོགས་ཐབས་ཀྱིས་གར་མཁན་མོ༔ སྤྲུལ་སྐུའི་མཁའ་འགྲོ་སྐུར་བཞེངས་ཤིག༔ ལྷོ་ནུབ་ཟ་བྱེད་སྲིན་པོའི་ཡུལ༔ ཟངས་མདོག་དཔལ་གྱི་རོ་བོ་ནས༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱི༔ རོལ་པ་ཆེན་པོར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཌཱ་ཀི་ནཱི་བཾ་ཧ་རི་ནི་ས་ས་མ་ཡ་ཧྲིཾ་ཧྲིཾ་ཛ་ཛ༔ ཞེས་སྔགས་ལན་གསུམ་བརྗོད་ཅིང་ནམ་མཁའ་གང་བའི་དཀྱིལ་འཁོར་མངོན་སུམ་དུ་བྱོན་པར་བསམ། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཚོགས༔ ངོ་བོ་རང་བཞིན་ཐུགས་རྗེའི་ངང་༔ མངོན་གྱུར་ཆེན་པོར་གདེང་ཐོབ་པའི༔ རྡོ་རྗེ་གསུམ་གྱི་ངོ་བོར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། [5b] ན་མོ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་ཕག་མོ་རྣལ་འབྱོར་མ༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་ལ༔ མི་ཕྱེད་དད་པས་ཕྱག་འཚལ་ལོ༔ ཨ་ཏི་པུ་ ཧོཿ པྲ་ཏཱིཙྪ་ ཧོཿ ལྔ་པ་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་འཕྲུལ༔ འདོད་དགུ་འཆར་བའི་ཆོ་འཕྲུལ་ཅན༔ ཡེ་ཤེས་འཕྲུལ་གྱིས་བསྐྲུན་པ་ཡི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་རྫས༔ རྨད་དུ་བྱུང་བའི་མཆོད་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ་པྲཏཱིཙྪ་པཱུ་ཛ་ ཧོཿ རཱུ་པ་ཤཔྟ་གནྡྷེ་ར་ས་སྤཪྴེ་དྷརྨ་པྲ་ཏཱིཙྪ་པཱུ་ཛ་ ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་སརྦ་པཱུ་ཛ་ ཧོཿ དྲུག་པ་བསྟོད་པ་ནི། ཧཱུྃ༔ ཀ་དག་ཁྱབ་བརྡལ་ཆོས་སྐུ་སྤྲོས་མཐའ་བྲལ༔ ལྷན་གྲུབ་རོལ་པ་སྐུ་དང་ཡེ་ཤེས་རྫོགས༔ ཐུགས་རྗེའི་ཐབས་ཀྱིས་འགྲོ་ཁམས་བདེ་ལ་སྦྱོར༔ ཡེ་ཤེས་མཁའ་འགྲོ་ཚོགས་ལ་ཕྱག་འཚལ་བསྟོད༔ ཨོཾ༔ རྡོ་རྗེའིསྐུ་ནི་སྐྱེ་འཆི་བསྒྲེས་རྒུད་བྲལ༔ ཨཱཿཚངས་པའི་གསུང་ནི་ཡན་ལག་དྲུག་ཅུའི་དབྱངས༔ ཧཱུྃ༔ སྤྲོས་བྲལ་ཐུགས་ནི་ཉག་གཅིག་ཐིག་ལེ་ཆེ༔ རྒྱལ་བའི་ཡུམ་མཆོག་རྒྱལ་བ་བསྐྱེད་པའི་མ༔ གདུལ་དཀའ་འདུལ་ཕྱིར་གཟུགས་ཀྱི་སྐུར་སྟོན་ཅིང་༔ མཐོང་ཐོས་དྲན་རེག་ཐར་པའི་ལམ་ལ་སྦྱོར༔ ཌཱཀིའི་རྗེ་མོ་མཁར་ [6a] ཆེན་བཟའ་ལ་བསྟོད༔ སྐུ་དང་ཡེ་ཤེས་མདངས་ཀྱི་གདངས་རྩལ་ལས༔ རིགས་བཞིའི་མཁའ་འགྲོས་ཉོན་མོངས་གནས་ནས་སྤོར༔ ཆོ་འཕྲུལ་འབུམ་ཕྲག་མཁའ་འགྲོའི་རོལ་གར་གྱིས༔ རབ་འབྱམས་ཕྲིན་ལས་རྒྱ་མཚོར་མངའ་དབང་བསྒྱུར༔ གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་ཚལ་བསྟོད༔ བདུན་པ་ཛཔྲ་བཟླ་བ་ལ་གསུམ་ལས། དང་པོ་བསྙེན་པ་ནི། རང་ཉིད་མཁའ་འགྲོའི་ཐུགས་ཀ་རུ༔ ཕག་མོ་མཐིང་ནག་གྲི་ཐོད་ཅན༔ ཐུགས་ཀར་ཉི་ཟླའི་གྭའུའི་སྦུབས༔ དྭངས་མ་འོད་ལྔའི་ཀློང་དཀྱིལ་དུ༔ བཾ་ཡིག་མཐིང་ནག་འོད་འབར་ལ༔ རྩ་བའི་སྔགས་ཀྱིས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་དང་༔ སྐུ་གསུམ་མཁའ་འགྲོ་རྟེན་བརྟེན་པ༔ འོད་ཀྱི་རྣམ་པར་ཚུར་འདུས་ཏེ༔ ཐུགས་སྲོག་ཉིད་ལ་བཅུད་དུ་དྲིལ༔ སྣོད་བཅུད་དཀྱིལ་འཁོར་གསུམ་ལྡན་གྱི༔ རོལ་པ་ཆེན་པོར་རྫོགས་སངས་རྒྱས༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་བཾ་ཧ་རི་ནི་ས་ཧཱུྃ༔ ཞེས་བཟླས་པའི་སྐྱོན་སྤང་ལ་ཏིང་འཛིན་རྩེ་གཅིག་པས་བཟླ། བྲངས་ཚད་ནི་འབུམ་ཕྲག་བཅུ་གཉིས་དང་། མཚན་མའི་རྟགས་ནི་གཞུང་ལས། ནམ་མཁའི་སྤྲིན་དང་བྲལ་བ་དང་༔ ཉི་ཟླ་ཤར་དང་རོལ་མོ་འཁྲོལ༔ མཁའ་ལ་འཕུར་དང་རི་རྩེར་སླེབས༔ མཁའ་འགྲོའི་ཚོགས་དཔོན་བྱེད་པ་རྣམས༔ དང་པོའི་རྟགས་སུ་ཤེས་པར་བྱ༔ ཞེས་སོ། གཉིས་པ་སྒྲུབ་པ་ནི། སླར་ཡང་འོད་དང་འོད་ཟེར་འཕྲོས༔ བརྒྱུད་གསུམ་ [6b] རིག་འཛིན་བླ་མ་དང་༔ སྐུ་གསུམ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ དབང་དང་བྱིན་རླབས་དངོས་གྲུབ་དང་༔ ཡེ་ཤེས་ཡོན་ཏན་མ་ལུས་པ༔ འོད་ལྔའི་རྣམ་པར་ཚུར་བསྡུས་ཏེ༔ ཐུགས་སྲོག་སྔགས་འཁོར་ལ་ཐིམ་པས༔ གཟི་བརྗིད་འོད་ཕུང་འབར་བ་དང་༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསྒོམ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་བཾ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ༔ ཞེས་བཟླས་ཏེ། གྲངས་ཚད་འབུམ་ཕྲག་ཉེར་བཞི་དང་། མཚན་མའི་རྟགས་སུ། ལོངས་སྤྱོད་གཏེར་ཆེན་རྡོལ་བ་དང་༔ བུད་མེད་གཞོན་ནུ་མཛེས་ལྡན་གྱིས༔ ཡིད་དུ་འོང་བའི་ཟས་སྟེར་རམ༔ བྷནྡྷར་བཟའ་བཏུང་རོལ་པ་དང་༔ རྟོགས་པ་གསར་དུ་སྐྱེ་བ་རྣམས༔ བར་གྱི་རྟགས་སུ་ཤེས་པར་གྱིས༔ ཞེས་སོ། གསུམ་པ་ལས་སྦྱོར་ནི། མཁའ་འགྲོའི་ཐུགས་ལས་འོད་འཕྲོས་པས༔ ཁམས་གསུམ་བརྟན་གཡོ་ཐམས་ཅད་ཀུན༔ མཁའ་འགྲོའི་ཐུགས་གསང་མཉམ་ཉིད་ཀློང་༔ འཇའ་ཚོན་མཁའ་རུ་ཞིག་པ་བཞིན༔ འཁོར་འདས་དག་མཉམ་ཆེན་པོ་རུ༔ འུབ་ཆུབ་རོལ་པར་རྫོགས་སངས་རྒྱས༔ ཅེས་དང་། ཞི་བ་ལ། རང་ཉིད་མཁའ་འགྲོའི་ཐུགས་ཀ་ནས། །ཟླ་ཤེལ་བདུད་རྩིའི་འོད་ཟེར་འཕྲོས། བདག་གཞན་ནད་གདོན་སྡིག་སྒྲིབ་སོགས། །མི་མཐུན་ཕྱོགས་ཀུན་ཞི་བར་གྱུར། །རྩ་སྔགས་ཤམ་དུ། ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ རྒྱས་པ་ལ། རང་ཉིད་མཁའ་འགྲོའི་ཐུགས་ཀ་ནས། །གསེར་མདོག་འོད་ཞེར་མཁའ་ཁྱབ་འཕྲོས། །བདག་གཞན་ཚེ་བསོད་ [7a] ཡེ་ཤེས་སོགས། །ལེགས་ཚོགས་ཐམས་ཅད་རྒྱས་པར་གྱུར། །རྩ་སྔགས་ཤམ་དུ། པུཥྟིཾ་ཀུ་རུ་ཨོཾ༔ དབང་ལ། རང་ཉིད་མཁའ་འགྲོའི་ཐུགས་ཀ་ནས། རྗེས་ཆགས་རཱ་གའི་མདངས་འོད་འཕྲོས། ཁམས་གསུམ་བརྟན་གཡོའི་ཕུན་ཚོགས་དང་། །རླུང་སེམས་སྣང་བ་དབང་འདུས་གྱུར། །རྩ་སྔགས་ཤམ་དུ། ཝཱ་ཤཾ་ཀུ་རུ་ཧོ། དྲག་པོ་ལ། རང་ཉིད་མཁའ་འགྲོའི་ཐུགས་ཀ་ནས། །འོད་ཟེར་མེ་མཚོན་ཁྲོ་ཚོགས་འཕྲོས། །དགྲ་བགེགས་འབྱུང་པོ་ཚར་བཅད་ཅིང་། །གཉིས་སྣང་ལོག་རྟོག་བཅོམ་པར་གྱུར། །རྩ་སྔགས་ཤམ་དུ། མཱ་ར་ཡ་ཕཊ༔ ཅེས་པ་རྣམས་གྲངས་ཚད་བསྙེན་སྒྲུབ་ཀྱི་བཅུ་ཆ་གཅིག་ཏུ་བཟླ་བར་བྱ་ཞིང་། མཚན་མའི་རྟགས་སུ། དམག་མི་མང་པོ་དང་འགྲོགས་ཏེ། ཡུལ་ཆེན་ཁ་ལོ་བསྒྱུར་བ་དང་། རི་རབ་མེ་ལ་བསྲེག་པ་དང་། བྲག་ཆེན་བཤིག་དང་ཤིང་ཆེན་བཅོམ༔ ཁྲོམ་བསྡུད་དབང་བསྐུར་ཆོས་འཆད་དང་༔ དཔོན་ཆེན་བྲན་དུ་ཁོལ་བ་དང་༔ སྲོག་ཆགས་མང་པོ་གསོད་རྨི་ན༔ ཐ་མའི་རྟགས་སུ་ཤེས་པར་བྱ། ཞེས་སོ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་རེ་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ། ། ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་འདོད་ཡོན་ཚོགས༔ གདོད་ནས་རང་བྱུང་མཆོད་པའི་མཆོག༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ༔ ཟག་མེད་བདེ་བའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་རཱུ་པ་སོགས་ དྷརྨ་མ་ཧཱ་སརྦ་ཨམྲྀ་ཏ་ར་ཀྟ་བ་ལིཾ་ཏ་བོ་དྷི་ཙིཏྟ་ག་ [7b] ཎ་གུ་ཧྱ་སརྦ་པཱུ་ཛ་ཧོཞེས་མཆོད་ཅིང་། ཧཱུྃ༔ ཀ་དག་ཁྱབ་བརྡལ་ཆོས་སྐུ་སྤྲོས་མཐའ་བྲལ༔ ལྷུན་གྲུབ་རོལ་པ་སྐུ་དང་ཡེ་ཤེས་རྫོགས༔ ཐུགས་རྗེའི་ཐབས་ཀྱིས་འགྲོ་ཁམས་བདེ་ལ་སྦྱོར༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་སྟོད༔ ཅེས་འཛབ་བསྟོད་བྱ། སྐབས་འདིར་རྡོ་རྗེའི་ཆོས་སྐྱོང་སྤྱི་དང་བྱེ་བྲག་ལྷ་ཆེན་སོགས་གཏེར་སྲུང་རྣམས་ལ་གཏོར་མ་འབུལ། གསུམ་པ་ལ་གཉིས། ཁྱད་པར་བྱ་བ་ཚོགས་མཆོད་དང་། རྗེས་ཆོག་གི་ལས་རིམ་དངོས་སོ། །དང་པོ་ལའང་བཅུ་ལས། ཐོག་མར་མཱཾ་ས་དང་མ་དཱ་ན་གཙོ་བོར་གྱུར་པའི་དམ་ཚིག་གི་རྫས་སུ་འོས་པ་རྣམས་ལེགས་པར་བཤམ་ལ། དང་པོ་བྱིན་གྱིས་བརླབ་པ་ནི། བདུད་རྩིས་བྲན་ཅིང་། ཧཱུྃ༔ བདག་ཉིད་མཁའ་འགྲོའི་ཐུགས་ཀ་ནས༔ རཾ་འཕྲོས་ཚོགས་ཀྱི་ཉེས་སྐྱོན་བསྲེག༔ ཡཾ་འཕྲོས་དངོས་འཛིན་དབྱིངས་སུ་བཤིག༔ ཁཾ་འཕྲོས་སེར་སྣའི་འབག་རྩོག་སྦྱངས༔ དབྱིངས་ལ་དབྱིངས་ཞིག་ཀུན་ཁྱབ་བརྡལ༔ རཾ་ཡཾ་ཁཾ༔ འབྲུ་གསུམ་རྡོ་རྗེའི་སྙིང་པོ་དང་༔ བཤམས་པའི་རྫས་དང་བརྟན་གཡོའི་བཅུད༔ ཚུར་འདུས་ཡེ་ཤེས་ཀ་པཱ་ལར༔ ཟག་མེད་བདེ་སྟོང་བདུད་རྩིར་བསྐྱིལ༔ རིན་ཆེན་སྣ་ཚོགས་ས་གཞིར་བརྡལ༔ འདོད་དགུའི་དཔལ་ཡོན་མི་ཟད་གཏེར༔ རྒྱལ་བའི་ཞིང་ཁམས་ཡོངས་ཁྱབ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་གཞལ་ [8a] ཡས་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ཆོས་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་བདེ་ཆེན་ཀློང་མཛོད་ནས༔ ལོངས་སྐུ་ཕག་མོ་རིགས་ལྔ་དང་༔ ལོངས་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་བདེ་ཆེན་ཀློང་མཛོད་ནས༔ ལོངས་སྐུ་ཕག་མོ་རིགས་ལྔ་དང་༔ ལོངས་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མཁའ་སྤྱོད་ཨོ་རྒྱན་སྤྲུལ་པའི་ཞིང་༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ སྤྲུལ་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་ཡུལ་ལྔ་བཅུ་རྩ་དྲུག་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ མ་ལུས་ལུས་པ་མེད་པ་རུ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་བཾ་ཧ་རི་ནི་ས་ཧྲིཾ་མ་བྷྱོ་ཛ་བཛྲ་ས་མ་ཡ་ཛ་ཛ༔ གསུམ་པ་མཆོད་པ་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་ཏེ། དང་པོ་འབུལ་བ་ནི། ཧཱུྃ༔ སྐུ་གསུམ་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ ཡོངས་འདུས་བདག་ཉིད་ཆེན་མོ་ཉིད༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་ལ༔ བདེ་སྟོང་ཡེ་ཤེས་བདུད་རྩི་དང་༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ དམ་ཚིག་ཉམས་ཆགས་མཐོལ་ལོ་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་ [8b] སརྦ་པཉྩ་ཨ་མྲི་ཏ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ བར་པ་བསྐང་བཤགས་ནི། ཨོཾ་ཨཱཿཧཱུྃ༔ བསྐང་རྫས་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་ཟད་མི་ཤེས་པའི་གཏེར་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་ལ། བཛྲ་སྥ་ར་ཎ་ཁཾ་གིས་སྤེལ། ཧཱུྃ་ཧྲཱིཿ རང་སྣང་དོན་གྱི་འོག་མིན་ཆེན་པོ་ནས༔ བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐང་༔ ཀ་དག་སྐྱེ་མེད་སྤྲོས་པའི་མཐའ་དང་བྲལ༔ ཆོས་སྐུ་ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང་༔ ལྷན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ནས༔ ལོངས་སྐུ་རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ཐུགས་དམ་བསྐང་༔ ཆོས་ཉིད་བརྡལ་ཁྱབ་དབྱིངས་ནས་སྐུར་བཞེངས་པ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་༔ མེ་ལོང་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་༔ མཉམ་ཉིད་ཡེ་ཤེས་དབྱིངས་ལ་སྐུར་བཞེངས་པ༔ རིན་ཆེན་རིགས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་༔ སོར་རྟོག་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ པདྨ་རིགས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་༔ བྱ་གྲུབ་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ ལས་ [9a] ཀྱི་རིགས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་༔ སྣ་ཚོགས་ཐབས་ཀྱི་འགྲོ་བ་འདུལ་མཛད་པ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཐུགས་དམ་བསྐང་༔ དུས་གསུམ་རྒྱལ་བའི་བཀའ་སྡོད་ཕོ་ཉ་བ༔ བཀའ་སྲུང་དྲེགས་པའི་ཚོགས་ཀྱི་ཐུགས་དམ་བསྐང་༔ ཧོཿ བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ ཀ་དག་སྤྲོས་མཐའ་བྲལ་བ་ལ༔ མ་རིག་གཉིས་འཛིན་འཁྲུལ་པ་བཤགས༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བཟང་ངན་བལྟས་པ་མཐོལ་ལོ་བཤགས༔ ལྷུན་གྲུབ་བདེ་བ་ཆེན་པོ་ལ༔ རེ་དོགས་གཟུང་འཛིན་འཐས་པ་བཤགས༔ འཁོར་བ་སྒྱུ་མའི་གྲོང་ཁྱེར་ལ༔ ཨ་འཐས་དངོས་ཞེན་འཁྲུལ་པ་བཤགས༔ སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ལ༔ འཁྲུལ་སྣང་གཞན་བཟུང་ནོངས་པ་བཤགས༔ རྒྱལ་ཀུན་སྤྱི་གཟུགས་བླ་མ་ལ༔ དད་འདུན་མོས་གུས་ཆུང་བ་བཤགས༔ དམ་ཚིག་གཅིག་པའི་སྤུན་གྲོགས་ལ༔ བརྩེ་དང་གདུང་སེམས་ཆུང་བ་བཤགས༔ སེམས་ཅན་ཕ་མའི་རང་བཞིན་ལ༔ སྙིང་རྗེ་ཕན་སེམས་ཆུང་བ་བཤགས༔ རང་རིག་ཆོས་སྐུར་མ་རྟོགས་ཏེ༔ འབད་རྩོལ་གཞན་དུ་བྱས་པ་བཤགས༔ འཁོར་འདས་བྱང་ཆུབ་སེམས་ [9b] ཉིད་ལ༔ ཆགས་སྡང་གཞན་བཟུང་ནོངས་པ་བཤགས༔ མདོར་ན་མ་རིག་དབང་གྱུར་ཏེ༔ མཁའ་འགྲོ་དམ་ཅན་སྲུང་མ་ཡི༔ ཐུགས་དང་འགལ་བར་གྱུར་པའི་ལས༔ ཉེས་བྱས་ཉམས་ཆག་ཅི་མཆིས་པ༔ མི་འཆབ་མི་སྦེད་གནོང་འགྱོད་ཀྱིས༔ བཤགས་སོ་སླན་ཆད་སྡོམ་བགྱིད་དོ༔ དག་ཅིང་ཚངས་པར་མཛད་ནས་ཀྱང་༔ ཐུན་མོང་མཆོག་གི་དངོས་གྲུབ་སྩོལ༔ ཅེས་དང་༔ ཧོཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས༔ བདག་ནི་བག་མེད་དབང་གྱུར་ཏེ༔ སྡོམ་དང་བསླབ་པ་དམ་ཉམས་ཀུན༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ དག་ཅིང་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་ག་ཎ་ཙཀྲ་སྭ་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། དམིགས་རྟེན་མདུན་དུ་བཞག་སྟེ། ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་བོ་ཐམས་ཅད་ཚོགས་ཐ་མ་དམིགས་པའི་བརྟེན་འདི་ལ་ཁུག་ཅིག༔ ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོཿ ས་འགུགས་བསྟིམས་བྱས་ལ༔ ཕུར་བུས་གཟིར་ཞིང་༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོའི་དབྱིངས་ནས་བཞེངས༔ ལས་བྱེད་མཁའ་འགྲོའི་དུས་ལ་བབ༔ ཉམས་པ་བདུན་ལྡན་དགྲ་བགེགས་རྣམས༔ མྱུར་དུ་ཁུག་ལ་བྱད་དུ་ཆུག༔ ལྷ་དང་ཕྲོལ་ལ་སྨྱོ་རུ་ཆུག༔ ཐུན་དང་མཚོན་གྱི་ཆར་ཕོབ་ལ༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ རྣམ་ཤེས་ཆོས་ཀྱི་ [10a] དབྱིངས་སུ་སྤོར༔ མ་བྷྱོ་ཛཿཧྲིཾ་ས་མ་ཡ་ནྲྀ་ཏྲི་སརྦ་ཤ་ཏྲུཾ་ཨ་མུ་ཀ་མཱ་ར་ཡ་རྦད་སོད་ཧཱུྃ་ཕཊ༔ ཅེས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པའི་སྒོ་ནས་བསྒྲལ་བའི་ཕུང་པོ་ཟག་མེད་བདུད་རྩིའི་རང་བཞིན་དུ་བལྟས་ལ་བསྟབ་པ་ནི། ཧོཿ ཡེ་ཤེས་མཁའ་འགྲོ་ཞལ་ཕྱེས་ཤིག༔ དགྲ་བགེགས་ཕུང་ཁམས་སྐྱེ་མཆེད་ཀུན༔ རྗེས་ཤུལ་ལྷག་མ་མེད་པ་རུ༔ ཞལ་དུ་བསྟབ་བོ་བཞེས་ཤིག་རོལ༔ ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི༔ བཞི་པ་ཚོགས་ལ་རོལ་པ་ནི། ལས་རྡོར་གྱིས་ཕྱག་བཅས་ཐབས་ཤེས་དམ་ཚིག་གི་རྫས་བསྣོལ་མར་ཐོགས་ལ། ཧོཿ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། ཞེས་དྲངས་ལ། ལེན་པ་པོས་པད་བསྐོར་དང་བཅས། ཨ་ལ་ལ་ ཧོཿ ཞེས་བླངས་ལ་ཚོགས་ཀྱི་དམ་རྫས་ལ་ལོངས་སྤྱོད། ལྔ་པ་སྨོན་ལམ་གདབ་པ་ནི། ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོགཅེས་བརྗོད། དྲུག་པ་ལྷག་མ་གཏོང་བ་ནི། ལྷག་མ་བསྡུས་ལ་ཕུད་ཀྱང་བསྲེས་ཤིང་དམ་ཚིག་བདུད་རྩིའི་ཞལ་ཆབ་བཏབ་སྟེ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ལྷག་སྡུད་རྣམས། ཨེ་ཨཱ་ར་ལླི་ཧྲཱིཾ་ཧྲཱིཾ་ཛཿས་སྤྱན་དྲངས་ལ། ཧཱུྃ་བྷྱོ༔ དཔལ་གྱི་སྤྱན་སྔར་ཁས་བླངས་པའི༔ ལྷག་སྐྱོང་གནས་ཡུལ་མ་མོའི་ཚོགས༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་ [10b] བཞེས༔ སྒྲུབ་པའི་བར་ཆད་དབྱིགས་སུ་སོལ༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་ཅིང་༔ དམ་ཚིག་ཇི་བཞིན་ལས་མཛོད་ཅིག༔ མ་མ་ཧྲཱིཾ་ཧྲཱིཾ་ཨུ་ཙྪིཥྚ་བ་ལིཾ་ཁཱ་ཧི༔ ཞེས་རོལ་མོ་དང་བཅས་ཕྱི་རོལ་དུ་བསྐྱལ། བདུན་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ་བྷྱོ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔ གཙོ་མོ་རྡོ་རྗེ་ཕག་མོ་བསྐུལ༔ གཉིས་མེད་ཡུམ་ཆེན་མཚོ་རྒྱལ་བསྐུལ༔ སྤྲུལ་པ་དབྱིངས་ཀྱི་ཡུམ་ལྔ་བསྐུལ༔ ཡང་སྤྲུལ་འབུམ་ཕྲག་མཁའ་འགྲོ་བསྐུལ༔ གནས་མཆོག་ཉེར་བཞི་ཡུལ་སོ་གཉིས༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི་མ་མོ་མཁའ་འགྲོའི་ཚོགས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ རྫུ་འཕྲུལ་དབང་གིས་འདིར་གཤེགས་ལ༔ ཕྱི་དགྲ་བསྟན་ལ་སྡང་བ་དང་༔ ནང་དགྲ་ནང་འཁྲུགས་འཐབ་མོ་དང་༔ གསང་དགྲ་སྒྲུབ་ལ་བར་གཅོད་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ བཀའ་འདས་དམ་ཉམས་སྨོན་ལོག་པའི༔ གནོད་བྱེད་གདུག་པའི་སྙིང་ཁྲག་རོལ༔ སྔོན་གྱི་ལས་དང་ཚེ་ཡི་ཚད༔ དུས་ཀྱི་དབང་དུ་མ་བཏང་བར༔ མཐའ་རྩ་སྐྱེ་རྒྱུད་ལས་མཐའ་བསྟུང་༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ རྗེས་ཤུལ་མེད་པར་བརླག་ནས་ཀྱང་༔ བསྟན་འགྲོ་བདེ་ལ་འགོད་པར་མཛོད༔ [11a] དམར་གྱི་གཏོར་མ་འདི་བཞེས་ལ༔ རང་དམ་གཉན་པོ་དྲན་པར་གྱིས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བརྒྱད་པ་ཆད་མདོ་འབུལ་བ་ནི། གཏོར་མར་སྨན་རཀ་བྲན་པ་བཏེགས་ལ། ཧཱུྃ་བྷྱོ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ༔ བར་དུ་བཅོམ་ལྡན་རྡོ་རྗེ་ཅན༔ ཐ་མ་ཨོ་རྒྱན་ཆེན་པོ་སོགས༔ རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཁས་བླངས་པའི༔ དམ་ཅན་བཀའ་ཡི་སྲུང་མ་རྣམས༔ ཆད་དོན་དམར་གྱི་གཏོར་མ་ལོངས༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ རྣལ་འབྱོར་སྒྲུབ་པའི་བར་ཆད་ཟློག༔ བསྟན་དང་བསྟན་འཛིན་ལ་གནོད་པའི༔ དགྲ་བགེགས་མ་ལུས་ཆམ་ལ་ཕོབ༔ བདག་གི་གང་བསམ་འདོད་དོན་ཀུན༔ འབད་མེད་ལྷུན་གྱིས་གྲུབ་པར་མཛོད༔ བཀའ་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ དགུ་པ་བཤལ་ཆུས་བརྟན་མ་སྐྱོང་བ་ནི༔ ཨོཾ་ཨཱཿཧཱུྃ་གིས་བརླབ་ལ༔ ཧཱུཾ་བྷྱོ༔ ཨོ་རྒྱན་པདྨ་ཐོད་ཕྲེང་གིས༔ དམ་བཏགས་དབང་བསྐུར་བྱིན་བརླབ་ཅིང་༔ གཏེར་གཉེར་གཏད་ཅིང་བཀའ་བསྒོས་པའི༔ བརྟན་མ་ཆེན་མོ་བཅུ་གཉིས་ནི༔ སྤྲུལ་པ་མང་པོའི་འཁོར་དང་བཅས༔ བྲན་གཡོག་མང་པོའི་དཔུང་དང་བཅས༔ སྣང་སྲིད་ལྷ་སྲིན་སྡེ་དང་བཅས༔ སིལ་སྙན་མང་པོའི་སྒྲ་དང་བཅས༔ [11b] རིན་ཆེན་སྣ་ཚོགས་རྒྱན་དང་བཅས༔ ལྷབ་ལྷུབ་མང་པོའི་གོས་དང་བཅས༔ འབོད་ནི་དམ་ཚིག་གཉན་གྱིས་འབོད༔ གཤེགས་ནི་མི་མངོན་དབྱིངས་ནས་གཤེགས༔ བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་སྒྲུབ་པའི་མཐུན་རྐྱེན་སྒྲུབས༔ སྒྲུབ་པ་གཉན་པོའི་དྲོད་སྲུངས་ལ༔ ཕྱི་ནང་གསང་བའི་བར་ཆད་ཟློག༔ མཐའ་མི་དབུས་སུ་མ་བཏང་བར༔ བོད་ཁམས་བདེ་བའི་ཕྲིན་ལས་མཛད༔ མ་མ་ཧྲིཾ་ཧྲིཾ་ལ་ལ་ལེ་ལེ་ཏ་ཏ་ཏཾ་ཏཾ་ཨེ་ད་བ་ལིཾ་ཏ་ཁཱ་ཧི༔ ཞེས་མཆོད། བཅུ་པ་རྟ་བྲོ་བརྡུང་བ་ནི། གཏོར་སྣོད་སྦུབས་པའི་འོག་ཏུ་དགྲ་བགེགས་རྣམས། ཨེ་ནྲྀ་ཏྲི་སརྦ་ཤ་ཏྲུཾ་བིགྷྣཱན་ཛཿཧཱུྃ་བཾ་ཧོཿ ཞེས་འགུག་གཞུག་བཅིང་མནན་བྱས་ཏེ་རྡོ་རྗེའི་རྒྱས་བཏབ་ལ༔ ཧཱུྃ༔ བཀའ་འདས་དམ་ཉམས་སྨོན་ལོག་པའི༔ ལོག་འདྲེན་དམ་སྲི་སྒབ་འདྲེ་ཀུན༔ ལས་ཀྱི་གཤིན་རྗེའི་ལྟོ་བར་བྲུབ༔ རིམ་དགུ་ས་ཡི་འོག་ཏུ་མནན༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ བྲོ་ནི་སྟོང་པ་ཉིད་ཀྱི་བྲོ༔ གླུ་ནི་ཆོས་ཉིད་རོལ་པའི་གླུ༔ ཡེ་ཤེས་ལྔ་ཡི་རྟ་བྲོ་འདི༔ དུག་ལྔའི་མགོ་ལ་ཆེམ་ཆེམ་བརྡུང་༔ མཉམ་ཉིད་རོལ་པའི་རྟ་བྲོ་འདི༔ བདག་ལྟའི་རུ་ཏྲའི་མགོ་ལ་ཆེམ༔ ཉོན་མོངས་དུག་ལྔ་དུག་གསུམ་ལས༔ བསྐྱེད་པའི་ལོག་པར་རྟོག་པ་ཀུན༔ མནན་ནོ་བྲུབ་བོ་བྲོ་ཡིས་བཅོམ༔ བྱང་ཆུབ་བར་དུ་མ་ལྡང་ཞིག༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སུཾ་ལཾ༔ [12a] སྟམྦྷ་ཡ་ནན༔ གཏོར་གཞོང་བཟེད་པར་མེ་ཏོག་འཐོར་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ། ཞེས་བརྗོད། གཉིས་པ་ལ་བདུན་ལས། དང་པོ་གཏང་རག་གི་མཆོད་པ་བསྟོད་ནི། ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་འདོད་ཡོན་ཚོགས༔ གདོད་ནས་རང་བྱུང་མཆོད་པའི་མཆོག༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ༔ ཟག་མེད་བདེ་བའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས་ ཤཔྟ་རཱུ་པ་སོགས་ དྷརྨ་མ་ཧཱ་སརྦ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་སརྦ་པཱུ་ཛ་ ཧོཿ ཞེས་མཆོད་ཅིང་༔ ཧཱུྃ༔ ཀ་དག་ཁྱབ་བརྡལ་ཆོས་སྐུ་སྤྲོས་མཐའ་བྲལ༔ ལྷུན་གྲུབ་རོལ་པ་སྐུ་དང་ཡེ་ཤེས་རྫོགས༔ ཐུགས་རྗེའི་ཐབས་ཀྱིས་འགྲོ་ཁམས་བདེ་ལ་སྦྱོར༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ གཉིས་པ་དངོས་གྲུབ་བླང་བ་ནི། ཧོཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས༔ བསྙེན་ཅིང་བསྒྲུབ་པའི་དམ་ཚིག་ཐེམས༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ རྡོ་རྗེ་གསུམ་གྱི་དབང་དངོས་གྲུབ༔ ད་ལྟ་ཉིད་དུ་ཐོབ་པར་སྩོལ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོཿ གསུམ་པ་ནོངས་བཤགས་ནི། ཧོཿ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ། །ཏིང་འཛིན་མ་ [12b] གསལ་བཟླས་བརྗོད་གཡེལ། །ལྷག་ཆད་འགལ་འཁྲུལ་ཉམས་ཆག་ཀུན། །སྙིང་ནས་བཤགས་སོ་ཚངས་པར་སྩོལ། །ཅེས་དང་ཡིག་བརྒྱ་བརྗོད། ཚོགས་མགྲོན་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་སྤྱི་ལྟར་བྱ། བཞི་པ་བདག་བསྐྱེད་འོད་གསལ་དུ་བསྡུ་བ་ནི། ཧོཿ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཆོས་ཉིད་བརྡལ་ཁྱབ་ཆེན་པོར་ཨ༔ ལྔ་པ་ཟུང་འཇུག་གི་སྐུར་ལྡང་ཞིང་གོ་བགོ་བ་ནི། མཁའ་ལས་འཇའ་ཚོན་ཤར་བ་ལྟར། རང་ཉིད་ཡེ་ཤེས་མཁའ་འགྲོའི་སྐུ༔ རྒྱན་དང་ཆ་ལུགས་རྫོགས་པར་གསལ༔ སྲ་མཁྲེགས་རྡོ་རྗེའི་གོ་ཁྲབ་བགོ༔ བཛྲ་རཀྵ་རཀྵ་བྷྲཱུཾ༔ དྲུག་པ་བསྔོ་སྨོན་གྱི་རྒྱས་གདབ་པ་ནི། ཧོཿ འདི་དང་དུས་གསུམ་དགེ་ཚོགས་ཀུན༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ བདག་སོགས་སེམས་ཅན་མ་ལུས་པ༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ བདུན་པ་བཀྲ་ཤིས་བརྗོད་པ་ནི། མེ་ཏོག་འཐོར་ཞིང་༔ ཧོཿ མཛེས་སྡུག་མཚན་དཔེ་རྫོགས་པ་རྡོ་རྗེའི་སྐུ༔ ཚངས་དབྱངས་ཡན་ལག་དྲུག་ཅུ་རྡོ་རྗེའི་གསུང་༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་རྡོ་རྗེའི་ཐུགས༔ མཁའ་འགྲོའི་གསང་གསུམ་རྡོ་རྗེའི་བཀྲ་ཤིས་ཤོག༔ ཅེས་སོགས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ། ། གཏེར་གཞུང་རྡོ་རྗེའི་ཚིག་གི་ཨུཏྤལ། །འཁྲུལ་མེད་ཁྲིགས་ཀྱི་ཕྲེང་ [13a] བར་ལེགས་བརྒྱུས་པ། །འདི་ཉིད་སྐལ་བཟང་སྐྱེས་བུའི་མགུལ་རྒྱན་དུ། །གྱུར་ཏེ་རིམ་གཉིས་འཛུམ་བག་རྒོད་གྱུར་ཅིག ཟབ་ཆོས་འདིར་འབྲེལ་རང་གཞན་ཀུན། །ཡེ་ཤེས་ཌཱ་ཀིས་རྗེས་བཟུང་ནས། །འོག་མིན་པདྨ་འོད་ཞིང་དུ། །ཕྱིར་མི་ལྡོག་པའི་དབུགས་འབྱིན་ཤོག༔ ཅེས་པའང་ལམ་འདིར་མི་ཕྱེད་དད་པའི་བློ་གྲོས་ཅན་ཀརྨ་བཀྲ་ཤིས་དང་ཕྲིན་ལས་སྒྲུབ་བརྒྱུད་སོགས་དོན་དུ་གཉེར་བ་མང་པོའི་གསུང་གིས་བསྐུལ་བ་ལྟར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཀོང་པོ་བྲག་གསུམ་སྨིན་གྲོལ་ཆོས་ཀྱི་བསྟི་གནས་སུ་རྔ་ཆེན་སྣྲོན་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་ལ་ཁྲིགས་སུ་སྤེལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག སརྦ་དཱ་མངྒ་ལཾ།། །།