དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་བདག་འཇུག་གི་དག་འདོན་སྙིང་པོར་དྲིལ་བ།

From Dudjom Wiki
DJYD-KABUM-10-THA-020
Wylie title dpal rdo rje phur bu bdud 'joms gnam lcags spu gri'i bdag 'jug gi dag 'don snying por dril ba DJYD-KABUM-10-THA-020.pdf
Location bdud 'joms rin po che bka' 'bum
Volume 10, Text 20, Pages 345-360 (Folios 1a1 to 8b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dpal rdo rje phur bu bdud 'joms gnam lcags spu gri'i bdag 'jug gi dag 'don snying por dril ba. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 10: 345-360. Kalimpong: Dupjung Lama, 1979-1985.
Side notes Recto: bdag 'jug   Verso: gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Self-Initiation - bdag 'jug
Cycle དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲི་ (dpal rdo rje phur bu bdud 'joms gnam lcags spu gri)
Parent Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Deity rdo rje phur pa
Colophon

།ཞེས་པའང་རྩ་བའི་དབང་གི་གཞུང་ལས་འཇུག་པ་བདེ་བའི་ངག་འདོན་ཁོལ་དུ་ཕྱུང་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།།

zhes pa'ang rtsa ba'i dbang gi gzhung las 'jug pa bde ba'i ngag 'don khol du phyung ste 'jigs bral ye shes rdo rjes sbyar ba dza yan+tu//

[edit]
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་བདག་འཇུག་གི་དག་འདོན་སྙིང་པོར་དྲིལ་བ་བཞུགས་སོ། །


༄༅། །ན་མོ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། དེ་ཡང་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པའི་ཆ་རྐྱེན་ལམ་དུས་ཀྱི་དམ་ཚིག་གསོ་ཞིང་ཡེ་ཤེས་སྤེལ་བ་ལ་མེད་དུ་མི་རུང་བ་ལྷག་པའི་ལྷའི་དཀྱིལ་འཁོར་དུ་བདག་འཇུག་མདོར་བསྡུས་ཏེ་བླང་བའི་ཚུལ་ནི། སྦྱོར་བ་མཚན་མའི་དཀྱིལ་འཁོར་བཞེངས་ཏེ་བདག་མདུན་བུམ་གསུམ་ཐ་མི་དད་ཀྱི་ཚུལ་དུ་ལས་གཞུང་གི་བཟླས་པའི་བར་བསྒྲུབས་རྗེས། བུམ་པའི་དཀྱིལ་འཁོར་ལེགས་སུ་ཕྱེ་སྟེ། བདག་གི་ཐུགས་ལས་སྔགས་ཀྱི་འོད་ཟེར་ནི། །བར་མ་ཆད་པ་གཟུངས་ཐག་བརྒྱུད་དེ་སོང་། །བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། །སྔགས་ཕྲེང་སྦྱོར་མཚམས་སྐུ་ཡི་ཆ་རྣམས་ལས། །བྱང་སེམས་ངོ་བོ་ཡེ་ཤེས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་ [2a] གྱུར། །ཅེས་མོས་ལ་བཟླས་པ་གང་འགྲུབ་མཐར། ཨོཾ་ཨཱཿཧཱུཾ་གིས་མཆོད་ཡོན་ཕུལ་བས། བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་བུམ་པའི་ཆུ་དང་གཉིས་མེད་དུ་གྱུར་པར་བསམ། རྗེས་འབྲེལ་དུ་སྔར་མ་བསྒྲུབ་ན་ལས་སྔགས་ཀྱི་བསང་ཆུ་སྒྲུབ་ཅིང་། ཚོགས་གཏོར་རྣམས་ཀྱང་ཇི་ལྟར་རིགས་པ་བྱས་ལ། དངོས་གཞི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་དད་པ་དབང་ལེན་པའི་ཡུལ་དང་། དབང་གི་བྱ་བ་རྣམས་གཙོ་བོ་ལས་ཕྱེ་བའི་ལས་ཀྱི་ཧེ་རུ་ཀས་མཛད་ཅིང་། བདག་ཉིད་རྣམ་འགྱུར་གློ་བུར་བའི་རང་བཞིན་དབང་ཞུ་བ་པོར་བྱས་ནས་འཇུག་སྟེ། དེ་ལ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་དབང་བླང་བའོ། །སྔ་མ་ལ་གཉིས་ཀྱི། དང་པོ་ཕྱི་འཇུག་ནི། ཇི་ལྟར་བལྟམས་པ་སོགས་ཀྱིས་ལས་བུམ་གྱི་ཆུས་ཁྲུས་བྱ། སུམྦྷ་ནིའི་སྔགས་ཀྱིས་བགེགས་བསྐྲད། ས་གཞི་སྤོས་ཆུས་ [2b] སོགས་ཀྱིས་མཎྜ་ལ་ཕུལ་ལ། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱཧཱས་མིག་དར་འཆིང་། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་བཟུང་ནས། ཐལ་མོ་སྦྱར་བས་བཏུད་དེ། བླ་མ་སངས་རྒྱས་ཀུན་དང་མཉམ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །རྡོ་རྗེ་གཞོན་ནུ་འཁོར་དང་བཅས། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །མི་གནས་བདེ་ཆེན་གྲོང་མཆོག་ཏུ། །སློབ་དཔོན་ཁྱོད་ཀྱིས་བདག་གཞུག་གསོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཅེས་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་བསགས་ཤིང་རྒྱུད་སྦྱང་། རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་འདིར༔ སོ་སོར་ཐར་པའི་སྡོམ་པ་དང་༔ བྱང་ཆུབ་སེམས་དཔའི་བསླབ་བྱ་དང་༔ རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས༔ དེང་ནས་བདག་གིས་བརྟན་པོར་བཟུང་༔ ཞེས་སྡོམ་པ་བཟུང་། སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་གཟུགས་སུ་གནས་པར་བསམ་ཞིང་། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ ལན་གསུམ། སྙིང་གར་རྡོ་རྗེས་རེག་ལ། བོ་དྷི་ཙིཏྟ་ས་མ་ཡ་སྟྭཾ༔ ཞེས་གསང་སྔགས་ནང་གི་སེམས་བསྐྱེད། ཛཿཧཱུྃ་བཾ་ ཧོཿ བྷཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་དཀྱིལ་འཁོར་གྱི་སྒོ་ཕྱེས་པའི་ནང་དུ་ཞུགས་པར་མོས་པས། ཨོཾ་ན་མ་སྟེ་ཧཱུྃ༔ ཨོཾ་ན་མ་མཱི་ཧཱུྃ༔ ཨོཾ་ན་མོ་ན་མ་ཧཱུྃ༔ ཞེས་ཕྱག་བྱ། གཉིས་པ་ནང་འཇུག་ལ། སྦྱོར་བ་དམ་ལ་བཞག་པ་ནི། རྡོ་རྗེ་མགོར་བཞག་སྟེ། [3a] སྐལ་ལྡན་རྡོ་རྗེ་ལེགས་པར་ཉོན༔ དེང་ཁྱོད་བདེ་གཤེགས་ཐམས་ཅད་ཀྱི༔ རིགས་ནི་ཁྱོད་ལ་ཡང་དག་བཞུགས༔ རྡོ་རྗེ་སློབ་དཔོན་བདག་གིས་ནི༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི༔ ཡེ་ཤེས་ཁྱོད་ལ་བསྐྱེད་པར་བྱ༔ ཡེ་ཤེས་ཁྲོ་བོའི་དཀྱིལ་འཁོར་གྱི༔ དངོས་གྲུབ་ཆེན་པོ་ཐོབ་བྱེད་ན༔ ཕྲིན་ལས་གཞན་ལྟ་སྨོས་ཅི་དགོས༔ ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི༔ དྲུང་དུ་ཚུལ་འདི་མ་སྨྲ་ཞིག༔ རྡོ་རྗེ་སྙིང་གར་བཞག་སྟེ། དེ་རིང་རྡོ་རྗེ་གཞོན་ནུ་ཆེ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ དམ་ཆུ་མྱང་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ བཛྲ་ས་མ་པཉྩ་ཨ་མྲྀ་ཏ་ཨུད་ཀ་ན་རཀ་ཋ་ཋ༔ སླར་ཡང་རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི༔ རྡོ་རྗེ་གཞོན་ནུ་ང་ཡིན་གྱི༔ ང་ཡིས་ཇི་ལྟར་བསྒོས་པ་རྣམས༔ བརྩོན་པས་ཁྱོད་ཀྱི་བྱ་དགོས་སོ༔ ཁྱོད་ཀྱིས་ང་ལ་སྨད་མི་བྱ༔ གང་ཡང་ང་ལ་མ་གུས་མིན༔ གལ་ཏེ་གུས་པར་མ་བྱས་ན༔ སེམས་ཅན་དམྱལ་བ་ཆེན་པོར་ལྟུང་༔ ཞེས་དམ་ལ་བཞག །དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ། ཨེ་མ་ཁྲོ་རྒྱལ་འབར་བའི་གཙོ༔ ཁྱོད་ཀྱི་རྡོ་རྗེའི་ཡེ་ཤེས་ [3b] དེ༔ བདག་གི་སྙིང་གི་དབུས་ཉིད་ན༔ ཉེ་བར་དབབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ། ལུས་གནད་དྲང་པོར་བསྲང་ཞིང་རླུང་ཁ་སྦྱོར་དུ་འཆིངས་ལ། རང་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་གསལ་བའི་སྙིང་གའི་ས་བོན་མར་མེ་ལྟར་འབར་ཞིང་གསལ་བའི་འོད་ཀྱིས་བསྐུལ་བས། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོར་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱུང་བ་བ་སྤུའི་ཁུང་བུ་ནས་ཞུགས་ལུས་ཀྱི་ནད་ཀུན་དང་ཁྱད་པར་སྙིང་གའི་ཏིང་འཛིན་སེམས་དཔའ་ལ་སིབ་སིབ་ཐིམ་པས་བདེ་བའི་ཡེ་ཤེས་བཟོད་མེད་དུ་འབར་བར་བསམ་ཞིང་། ཁྱད་པར་གྱི་སྤོས་དང་རོལ་མོའི་སྦྱོར་བ་ལྷན་གཅིག་པས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨཱ་བེ་ཤ་ཡ་ཨ་ཨཱཿཔྲ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ ས་མ་ཡ་ཕེཾ་ཕེཾཿ ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་དྲག་ཏུ་བརྗོད་པས་ཡེ་ཤེས་པ་དབབ་ལ། ཏིཥྛ་བཛྲས་བརྟན་པར་བྱ། ཧཱུྃ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ སྔོན་ནས་ལས་འཕྲོ་གང་ཡོད་ལྷས༔ རྗེས་འཛིན་བྱིན་གྱིས་བརླབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་མེ་ཏོག་དོར། ཧཱུྃ༔ ཅོད་པན་འདི་ནི་དཔའ་བའི་རྟགས༔ ཡི་དམ་ལྷ་དང་སྐལ་པ་མཉམ༔ འཁོར་ལོའི་སྒྱུར་རྒྱལ་ཇི་བཞིན་དུ༔ ཆོས་ཀྱི་རྒྱལ་སྲིད་དབང་བསྐུར་རོ༔ [4a] ཨོཾ་པཉྩ་ཨ་ལངྐ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སླར་ཡང་མེ་ཏོག་སྤྱི་བོར་བཀོད། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ༔ རྡོ་རྗེའི་མིག་ནི་བླ་ན་མེད༔ ཛྙཱ་ན་ཙཀྵུ་ཁྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། ད་ནི་དད་པའི་ཤུགས་ཀྱིས་སུ༔ དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས༔ ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ དངོས་གྲུབ་ཀུན་ཀྱང་ཕུན་སུམ་ཚོགས༔ དམ་ཚིག་མཆོག་ཏུ་ཁྱོད་འགྱུར་རོ༔ ཞེས་མཐོང་བ་བསྟན་པས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་བསམ། གཉིས་པ་དབང་བླང་བ་དངོས་ལ་ཐུན་མོང་དང་། ཁྱད་པར་གཉིས་ཀྱི། དང་པོ་ནི། མཎྜལ་ཕུལ་ལ། ཨེ་མ༔ བླ་མ་ཀུན་བཟང་ཆེ་བའི་མཆོག༔ རྡོ་རྗེ་འཛིན་རྒྱལ་དཀྱིལ་འཁོར་འདིར༔ བདག་ཅག་སྐལ་ལྡན་བུ་མཆོག་ལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ། རང་ཉིད་དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་ཁྱམས་ལ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཟླའི་གདན་ལ་གཙོ་བོའི་གཟུགས་ཀྱི་རྣམ་པས་འཁོད་པར་གྱུར། སློབ་དཔོན་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་གྱི་ཞིང་ནས་དབང་ལྷ་དེ་ [4b] བཞིན་གཤེགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཀྱི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲངས་ལ། ཨོཾ་བཛྲ་པུཥྤེ་སོགས་ནས། ཤཔྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མོངན་པར་དབང་བསྐུལ་དུ་གསོལ། ཞེས་གསོལ་བ་བཏབ་པས་གདན་གསུམ་ཚང་བའི་དབང་ལྷ་རྡོ་རྗེ་རྒྱལ་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། ཀིངྐ་ར་རྣམས་ཀྱིས་བགེགས་བསྐྲད། བུམ་འཛིན་རིག་པའི་ལྷ་མོ་རྣམས་ཀྱིས་བཛྲ་ཧེ་རུ་ཀའི་ངོ་བོར་གྱུར་པའི་རིན་པོ་ཆེའི་བུམ་པ་ཟག་མེད་ཡེས་ཤེས་ཀྱི་བདུད་རྩིས་བཀང་བས་སྤྱི་བོ་ནས་མངོན་པར་དབང་བསྐུར་བར་མོས་ལ། ཧཱུྃ༔ བུམ་པ་ཆོས་དབྱིངས་དག་པའི་ནང༔ ཡེ་ཤེས་རྒྱ་མཚོ་འཁྱིལ་བ་ཡི༔ བཛྲ་ཀཱི་ལའི་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་གཏིགས། དེས་བཛྲ་ཧེ་རུ་ཀའི་སྒོ་ནས་ཆུའི་དབང་ཐོབ། ཞེ་སྡང་གི་དྲི་མ་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། བཛྲ་ཀཱི་ལ་ཡའི་གོ་འཕང་ནུས་པ་རྒྱུད་ལ་བཞག །རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་པ་ [5a] ཅན་དུ་བྱས་སོ། །རཏྣ་ཧེ་རུ་ཀའི་ངོ་བོར་གྱུར་པའི་རིན་པོ་ཆེའི་དབུ་རྒྱན་དར་དཔྱངས་དང་ལྡན་པས་མངོན་པར་དབང་བསྐུར་ཞིང་སྤྱི་བོར་བཅིངས་པར་བསམ་ལ། དེ་བཞིན་གཤེགས་པ་ཀུན་གྱི་རྒྱན༔ སངས་རྒྱས་རྣམས་ཀྱིས་རབ་བསྔགས་པའི༔ རིན་པོ་ཆེ་ཡི་དབུ་རྒྱན་དང་༔ དར་དཔྱངས་ཅོད་པན་དབང་སྦྱིན་ནོ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབུ་རྒྱན་མགོ་བོར་ཅིང་། དེས་རཏྣ་ཧེ་རུ་ཀའི་སྒོ་ནས་ཅོད་པན་གྱི་དབང་ཐོབ། ང་རྒྱལ་གྱི་དྲི་མ་སྦྱངས། ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རཏྣ་ཀཱི་ལ་ཡའི་གོ་འཕང་ནུས་པ་རྒྱུད་ལ་བཞག །རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །པདྨ་ཧེ་རུ་ཀའི་ངོ་བོར་གྱུར་པའི་རྡོ་རྗེ་དགུ་པས་མངོན་པར་དབང་བསྐུར་ཞིང་ལག་གཡས་སུ་གཏད་པར་མོས་ལ། ཉེས་པའི་སྐྱོན་བྲལ་དྲི་མ་མེད༔ སྐྱེ་འགག་མེད་པའི་དངོས་གྲུབ་སྟེ༔ རྡོ་རྗེ་གཞོན་ནུའི་ཕྱག་རྒྱ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་། དེས་པདྨ་ཧེ་རུ་ཀའི་སྒོ་ནས་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། པདྨ་ཀཱི་ལ་ཡའི་གོ་འཕང་ [5b] ནུས་པ་རྒྱུད་ལ་བཞག །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཀརྨ་ཧེ་རུ་ཀའི་ངོ་བོར་གྱུར་པའི་དྲིལ་བུས་མངོན་པར་དབང་བསྐུར་ཞིང་ལག་གཡོན་དུ་གཏད་པར་མོས་ལ། དོན་དམ་ཆོས་ཉིད་སྟོང་པའི་སྒྲས༔ གསུང་དབྱངས་དྲུག་ཅུ་མཚོན་པའི་བརྡ༔ དྲིལ་བུའི་དབང་མཆོག་དམ་པ་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་གཎྜེ་ཨ་བྷེ་ཥིཉྩ་ཧཱུྃ༔ ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། དེས་ཀརྨ་ཧེ་རུ་ཀའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། ཀརྨ་ཀཱི་ལ་ཡའི་གོ་འཕང་ནུས་པ་རྒྱུད་ལ་བཞག །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོད་པའི་སྐལ་པ་ཅན་དུ་བྱས་སོ། །དབང་ལྷ་དེ་བཞིན་གཤེགས་པ་རིགས་ཀྱི་ཡུམ་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་དབྱངས་གཅིག་ཏུ་བུདྡྷ་ཧེ་རུ་ཀའི་ངོ་བོར་གྱུར་པའི་རྡོ་རྗེའི་མིང་གིས་མངོན་པར་དབང་བསྐུར་བར་མོས་ལ། ཉོན་མོངས་ཡེ་ཤེས་གནས་གྱུར་པ༔ མིང་བཏགས་བདུད་ལས་རྣམ་པར་རྒྱལ༔ མིང་གི་དབང་བསྐུར་དམ་པའི་འདི༔ སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ༔ ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཀྱེ་ཤྲཱི་ཧེ་རུ་ཀ་ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ་ཨ་བྷི་ཥེཉྩ་ཨོཾ༔ ཞེས་རྡོར་དྲིལ་ལྷན་ཅིག་ཏུ་བཟུང་ནས་སྤྱི་བོར་དཀྲོལ། དེས་བདྡྷ་ཧེ་རུ་ཀའི་སྒོ་ནས་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་ [6a] དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། བུདྡྷ་ཀཱི་ལ་ཡའི་གོ་འཕང་ནུས་པ་རྒྱུད་ལ་བཞག །སངས་རྒྱས་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །སླར་ཡང་རྣམ་རྒྱལ་བུམ་པའི་བདུད་རྩིས་རྒྱལ་ཐབས་སྤྱི་བླུགས་ས་མངོན་པར་དབང་བསྐུར་བར་མོས་ལ། ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང་༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུ་མྱང་། བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཐམས་ཅད་འདུས་པའི་སྤྱི་གཟུགས་རྒྱལ་བ་ཀུན་ཏུ་བཟང་པོས་དབུ་བརྒྱན། སྤྱན་དྲངས་པའི་དབང་ལྷ་རྣམས་ཀྱང་རང་ལ་དབྱེར་མེད་དུ་ཐིམ་པར་མོས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་མེ་ཏོག་འཐོར། དེ་ལྟ་ན་ཕྱི་ཀུན་རྫོབ་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ཕུང་ཁམས་སྣོད་བཅུད་ཐ་མལ་དུ་ཞེན་པའི་རྟོག་ཚོགས་སྦྱངས་ཏེ་ལུས་ཀྱི་སྒྲིབ་པ་དག །ལམ་དུས་སུ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། སྣོད་བཅུད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གཅིག་ཏུ་རྫོགས་ནས། འབྲས་བུ་སྐུ་རྡོ་རྗེ་མཆོག་གི་སྤྲུལ་སྐུ་འགྲུབ་པའི་སྐལ་ [6b] པ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། །གཉིས་པ་ཁྱད་པར་གྱི་དབང་ལ་གསུམ་གྱི། དང་པོ་གསང་དབང་ནི། མཎྜལ་ཕུལ་ལ། ཀྱེ་ཧོ་བླ་མ་ཁྱོད་དགོངས་ཤིག༔ འཁོར་བའི་གཅོང་རོང་ཟབ་མོ་ལས༔ ཟུང་འཇུག་ཀློང་དུ་སྒྲོལ་མཛད་པ༔ གསང་བའི་དབང་མཆོག་བདག་ལ་སྩོལ༔ ཞེས་གསོལ་བ་བཏབ། སློབ་དཔོན་དཔལ་ཆེན་རྡོ་རྗེ་གཞོན་ནུ་རང་འོད་ཀྱི་ཡུམ་འཁོར་ལོ་རྒྱས་འདེབས་མ་དང་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱི་འཕྲོ་འདུས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་སྤྱན་དྲངས་པ་ཡབ་ཀྱི་ཞལ་དུ་ཞུགས། །ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ་བ་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས། བྱང་སེམས་དཀར་དམར་རོ་གཅིག་ཏུ་འདྲེས་པའི་རྒྱུན་མུ་ཏིག་གི་མདངས་ཅན་དེ་ཉིད་ལྕེ་ཐོག་ཏུ་བསྩལ་བར་མོས་ལ། ཧཱུྃ༔ ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས༔ རྒྱལ་སྲས་ཚོགས་ལ་དབང་བསྐུར་བཞིན༔ གཉིས་མེད་མཉམ་སྦྱོར་བྱང་སེམས་རོས༔ བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཨ་ཧོ་མ་ཧཱ་ས་ཁུ་ཧོཿ ཞེས་བདུད་རྩི་མྱང་། བྱང་སེམས་ཡི་གེའི་སྤྲིན་ཨ་ལི་ཀ་ལིའི་རྣམ་པར་འཆར་བས་རྩ་གནས་ཐམས་ཅད་གང་སྟེ་རྩའི་འཆིང་བྱེད་ཀྱི་མདུད་པ་གྲོལ། གཟུང་འཛིན་བརྒྱད་ཅུའི་རྟོག་པ་འགགས། ཐིག་རླུང་སེམས་གསུམ་ཡེ་ཤེས་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས་ནས་བདེ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་གྱུར། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་སྤྲུལ་པའི་སྐུ་ཤཱཀྱ་སེང་ [7a] གེའི་རྣམ་པར་བཞེངས་ནས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པར་མོས་ལ། འདིར་ནི་ཁྱོད་ལ་ངས་ལུང་བསྟན༔ རྡོ་རྗེ་གཞོན་ནུ་ཞེས་བྱ་བའི༔ སྲིད་པ་ཀུན་ལས་རྣམ་གྲོལ་བ༔ དེ་བཞིན་གཤེགས་པ་ཉིད་ཡིན་ནོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བྷུརྦྷུ་ས་སྭ༔ ཞེས་ལུང་བསྟན། དེ་ལྟ་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བ་འི་དབང་ཐོབ། རླུང་ཐ་མལ་དུ་འཛིན་པའི་བག་ཆགས་སྦྱངས་ཏེ་ངག་གི་སྒྲིབ་པ་དག །ལམ་དུས་སུ་བདག་བྱིན་རླབས་རྫོགས་རིམ་ཙཎྜ་ལཱིའི་རྣལ་འབྱོར་བསྒོམ་པ་ལ་དབང་། སྒྲ་སྐད་དང་རླུང་འབྱིན་འཇུག་གསང་སྔགས་སུ་དག་སྟེ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གཉིས་པ་ཤེར་དབང་ནི། མཎྜལ་ཕུལ་ལ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ༔ རྡོ་རྗེ་གཞོན་ནུ་བདག་ལ་དགོངས༔ རྡོ་རྗེ་པདྨ་སྦྱོར་བྱུང་བའི༔ བདེ་ཆེན་ལམ་འདི་བདག་ལ་སྩོལ༔ ཅེས་གསོལ་བ་བཏབ། རང་ཉིད་དཔལ་ཆེན་པོ་སྣང་སྟོང་རྒྱུ་མ་ལྟ་བུའི་སྐུར་གསལ་བ་ལ། སློབ་དཔོན་གྱི་ཡུམ་འཁོར་ལོ་རྒྱས་འདེབས་ལས་རིགས་མཐུན་གྱི་ཤེས་རབ་མ་གཟུགས་དང་ལང་ཚོ་མཚན་ཉིད་ཕུན་སུམ་ཚོགས་པ་ཞིག་རྣམ་པར་སྤྲོས་ཏེ་ཐར་པ་བརྟེན་པར་བསྐུལ་བར་མོས་ལ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ༔ སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང་༔ ཁྱེད་ལ་རྟག་ཏུ་པདྨར་རོལ༔ བདེ་ཆེན་ [7b] མཆོག་གི་དངོས་གྲུབ་ཐོབ༔ པྲཛྙཱ་ཛྙ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིག་ཙཀ་གམ་དྲིལ་བུ་བླང་། རིག་མ་དེས་ཀྱང་། བདུད་རྩིའི་མཆོད་པ་བྱེད་པ་དང་༔ བུད་མེད་རྣམས་ལ་གུས་པ་དང་༔ བྷ་ག་ལ་ནི་འོ་བགྱིད་པར༔ སྤྲོ་བར་གྱུར་ཏམ་བུ་ཡི་སྨྲོས༔ ཞེས་བརྟུལ་ཞུགས་དྲིས་པ་ལ། དྲི་ཆེན་དྲི་ཆུ་ལ་སོགས་འཚལ༔ བུད་མེད་རྣམས་ལ་རྟག་གུས་བགྱིད༔ བྷ་ག་ལ་ཡང་འོ་བྱེད་པར༔ བདག་ནི་སྤྲོ་བས་ཁྱོད་མཆོད་དོ༔ ཞེས་ལན་བཏབ། ཨེ་མ་ང་ཡི་པདྨ་འདི༔ བདེ་བ་ཐམས་ཅད་འབྱུང་བའི་གནས༔ གལ་ཏེ་ཆོ་ག་བཞིན་བསྟེན་ན༔ སངས་རྒྱས་མཉེས་པ་ལ་སོགས་པའི༔ བྱ་བ་པདྨ་ཇི་བཞིན་ནོ༔ སྐྱེ་བོ་མ་རིག་རང་གར་སྤྱོད༔ ཐེ་ཚོམ་ཅན་རྣམས་འདི་སྤོང་བ༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ ཅེས་བདེ་བ་སྒྲུབ་པར་གདམས་པ་ནི། ཤེས་རབ་མ་དང་འདུ་ཤེས་གསུམ་གྱིས་རོལ་པས་རྗེས་ཆགས་པ་བདེ་ཆེན་གྱི་ཡེ་ཤེས་ཆེས་ཆེར་འབར་བས་གཉིས་སྣང་གི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་ནས་བྱང་སེམས་ཐིག་ལེའི་དྭངས་མ་དབབ་བཟློག་གི་སྦྱོར་བས་བདེ་སྟོང་དགའ་བ་བཞིའི་ཡེ་ཤེས་ཀྱི་རོལ་མོ་རྒྱུད་ལ་བརྟན་པར་བསམ་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭབྷཱ་ཝ་ཨཏྨ་ཀོཉཧཾཿ ཞེས་འཁྱུད་རྒྱ་བྱ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག༔ ཁམས་གསུམ་གནས་ན་སྡིག་མེད་དེ༔ དེ་བས་འདོད་ལ་ཆགས་བྲལ་བ༔ ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག༔ [8a] ཅེས་བརྟུལ་ཞུགས་བསྒྲག ། དེ་ལྟ་ན་གསང་བ་ཆོས་ཐམས་ཅད་འབྱུང་བའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གཟུང་འཛིན་གཉིས་སྣང་གི་རྟོག་ཚོགས་སྦྱངས་ཏེ་ཡིད་ཀྱི་སྒྲིབ་པ་དག །ལམ་དུས་སུ་ཕོ་ཉ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གསེང་ལམ་བསྒོམ་པ་ལ་དབང། བདེ་སྡུག་བྱུང་ཚོར་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་སུ་དག་ནས། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པ་ཚིག་དབང་ནི། མཎྜལ་ཕུལ་ལ། བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས༔ གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ༔ དེ་རིང་རིན་ཆེན་བཞི་པ་ཡང་༔ བཀའ་དྲིན་གྱིས་ནི་བསྐྱང་དུ་གསོལ༔ ཞེས་གསོལ་བ་བཏབ། བླ་མ་དཔལ་ཆེན་པོའི་ཞལ་ནས་སྐྱེ་མེད་རྡོ་རྗེའི་ཚིག་གིས་རང་བྱུང་དོན་གྱི་དགོངས་པ་ངོ་སྤྲད་དེ་དབུགས་དབྱུང་བར་མོས་ལ། ཧཱུྃ༔ འདི་ལྟར་ཆོས་རྣམས་ཐམས་ཅད་ཀུན༔ ཐོག་མཐའ་དབུས་མེད་གསལ་ཞིང་སྟོང་༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ཆེ༔ འདི་ནི་སངས་རྒྱས་དགོངས་པའོ༔ ཛྙཱ་ན་བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ༔ ཞེས་རང་བྱུང་གི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་ངང་ལ་མཉམ་པར་བཞག ། བདུད་འདུལ་དཀྱིལ་འཁོར་ཆེན་པོ་རུ༔ དབང་མཆོག་བསྐུར་བས་སྡིག་ལས་གྲོལ༔ འབྲས་བུ་གྲུབ་པའི་དགེ་བ་ནི༔ ཐོབ་པས་བདག་ནི་འབྲས་དང་བཅས༔ ཞེས་གཟེངས་ [8b] བསྟོད། དེ་ལྟ་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རིག་པའི་རྩལ་དབང་ཐོབ། སྒོ་གསུམ་ཐ་དད་དུ་འཛིན་པའི་ཤེས་བྱའི་སྒྲུབ་པ་ཆེས་ཕྲ་བ་སྦྱངས། ལམ་དུས་སུ་ཀ་དག་ལྷུན་གྲུབ་ཟུང་འཇུག་རྫོགས་རིམ་མཐར་ཐུག་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། སྣང་བཞི་ཟད་སར་འཁྱོལ་ཏེ། འབྲས་བུ་ངོ་བོ་ཉིད་སྐུ་ཀུན་བཟང་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཁྱད་པར་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། རྗེས་ནི། གཙོ་བོའི་ཇི་ལྟར་སོགས་དང་། དེང་ནས་བརྩམས་ཏེ་སོགས་ཀྱིས་དམ་ཚིག་ཁས་བླངས་ཏེ་ལུས་ལོངས་སྤྱོད་དབུལ་ཞིང་། གཏང་རག་གི་མཎྜལ་སྔར་ལྟར་ཕུལ། ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ལས་བྱང་བཞིན་མཐར་དབྱུང་བར་བྱའོ། །ཞེས་པའང་རྩ་བའི་དབང་གི་གཞུང་ལས་འཇུག་པ་བདེ་བའི་ངག་འདོན་ཁོལ་དུ་ཕྱུང་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།། །།