དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་ལྷུན་གྱིས་གྲུབ་པའི་དགའ་སྟོན།

From Dudjom Wiki
DJYD-KABUM-10-THA-021
Wylie title dpal rdo rje phur bu bdud 'joms gnam lcags spu gri'i sbyin sreg gi cho ga phrin las lhun gyis grub pa'i dga' ston DJYD-KABUM-10-THA-021.pdf
Location bdud 'joms rin po che bka' 'bum
Volume 10, Text 21, Pages 361-387 (Folios 1a1 to 14a6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dpal rdo rje phur bu bdud 'joms gnam lcags spu gri'i sbyin sreg gi cho ga phrin las lhun gyis grub pa'i dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 10: 361-387. Kalimpong: Dupjung Lama, 1979-1985.
Side notes Recto: sbyin sreg   Verso: gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Fire Offerings - sbyin sreg
Cycle དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲི་ (dpal rdo rje phur bu bdud 'joms gnam lcags spu gri)
Parent Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Deity rdo rje phur pa
Colophon

དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་ལྷུན་གྱིས་གྲུབ་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། རང་གཞན་མང་པོ་ལ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས་རྩ་བའི་གཞུང་དོན་མན་ངག་གིས་ཕྱེས་ཤིང་ལག་ལེན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་པའི་ཐོག་ཏུ་སོན་པ་དཔལ་གདོང་གི་ལོ་དབོ་ཉ་བའི་ཡར་ངོའི་བཟང་པོ་གསུམ་པར་མཁན་ལྗོངས་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་གྲུབ་པར་བ་གྱིས་པ་སྟེ། འདིས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་མེད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།

de ltar dpal rdo rje phur bu bdud 'joms gnam lcags spu gri'i sbyin sreg gi cho ga phrin las lhun gyis grub pa'i dga' ston ces bya ba 'di ni/___rang gzhan mang po la sman pa'i bsam pa nye bar bskyed nas rtsa ba'i gzhung don man ngag gis phyes shing lag len 'jug pa bde ba'i dbang du byas te/___rig pa 'dzin pa'i myu gu 'jigs bral ye shes rdo rjes rang lo sum cu pa'i thog tu son pa dpal gdong gi lo dbo nya ba'i yar ngo'i bzang po gsum par mkhan ljongs phun tshogs dga' tshal gyi bsti gnas su grub par ba gyis pa ste/____'dis kyang las dang dngos grub thams cad thogs med yid bzhin du 'grub pa'i rgyur gyur cig/___//sarba dA mang+ga laM/

[edit]
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་ལྷུན་གྱིས་གྲུབ་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །


༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའ་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་ལྷུན་གྱིས་གྲུབ་པའི་དགའ་སྟོན་ཅེས་བྱ་བ། བླ་མ་དཔལ་ཆེན་ཧེ་རུ་ཀའི་ཞབས་ལ་ཕྱག་འཚལ་ལོ། །སྤྲོས་ཀུན་ཡོངས་བྲལ་རྡོ་རྗེའི་སྙིང་པོ་རྟག་ཏུ་ཞི་བའི་རང་བཞིན་ལས། །དམིགས་པ་མེད་པའི་ཡེ་ཤེས་མེ་ལྕེ་འོད་གསལ་སྣང་བ་འབུམ་བརྡལ་བས། །མ་དག་འཇིག་རྟེན་གསུམ་གྱི་ཚང་ཚིང་ཕྲ་རབ་རྡུལ་བཞིན་བསྲེག་མཛད་པ། །ཧེ་རུ་ཀ་དཔལ་དཔའ་བོ་དེ་ཡིས་སྙིང་གི་མུན་པ་བཅིལ་བར་མཛོད། །མཆོག་ཏུ་འབར་བའི་ཞལ་གྱི་ཐབ་ཁུང་ཆེ། །སྲེག་བླུགས་མཆོད་པས་མངོན་པར་མཉེས་བྱས་ལས། །རྣམ་མང་ཕྲིན་ལས་རབ་འབྱམས་འདོད་པ་རྒུ། །ཐོགས་མེད་ལྷུན་གྱིས་གྲུབ་པའི་དགའ་སྟོན་ [2a] སྤྲོ། །དེ་ཡང་མངོན་པར་འདོད་པའི་ལས་དང་དངོས་གྲུབ་སྒྲུབ་པའི་འབྲས་བུ་བདེ་བླག་ཏུ་འབྱིན་པར་བྱེད་པ་སྲེག་བླུགས་ཀྱི་ཆོ་གའི་རིམ་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གང་དུ་བྱ་བའི་ས་དེ་སྔར་མ་སྦྱངས་པ་ཡིན་ན་སའི་ཆོ་ག་རྒྱས་པར་བྱ་བའམ། བསྡུ་ན་ཞིང་སྐྱོང་གཞི་བདག་སྤྱི་ལ་གཏོང་མ་དང་གསེར་སྐྱེམས་བྱིན་གྱིས་བརླབས་པ་བསྔོས་ཏེ་གནང་བ་ཞུ། དཔལ་ཆེན་པོའི་སྙེམས་པས་ལག་གཡས་རྡོ་རྗེ་དང་བཅས་པས་ལ་བཞག་སྟེ་ ཀཱི་ལ་ཡ་བརྒྱ་རྩ་དང་། ཨོཾ་ཨཱཿཧཱུྃ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ༔ ཅེས་ལན་བདུན་ཙམ་བརྗོད་པ་ཀུན་རྫོབ་ཀྱི་སྦྱོང་བ་དང་། སྭབྷཱ་ཝས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་གྱི་སྦྱོང་བ་སྟེ་ལས་བཞི་ཀའི་ཐུན་མོང་གི་སྦྱོར་བའོ། །གཉིས་པ་དངོས་གཞི་ལ་གསུམ། ཕན་གདགས་པ། ཚར་གཅོད་པ། ཀུན་འདུས་མཆོག་གི་སྦྱིན་སྲེག་གོ །སྔ་མ་ལ་ཞི་རྒྱས་དབང་གསུམ་གྱི། དང་པོ་ཞི་བའི་སྦྱིན་སྲེག་ནི། དུས་ར་བ་བཞིའི་ཡར་ངོའི་ཚེས་གཅིག་ལ་སོགས་པའི་སྔ་དྲོའི་ཆར་བཀྲ་ཤིས་པའི་ས་ལས་སྟེག་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་ [2b] སྟེང་དུ་མེ་ཐབ་བྱ་སྟེ། དེའང་རྒྱུན་གྱི་ལག་ལེན་དུ་བརྩིགས་ཐབ་དང་བརྐོས་ཐབ་མི་འགྲུབ་པའི་དབང་དུ་བྱས་ནས། སྟེག་བུར་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་སྟེ་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་མཐོ་གང་གིས་ཟླུམ་པོར་བསྐོར་བའི་ཕྱི་རོལ་སོར་བཞི་པའི་ཚད་ཀྱི་མཆུ་དང་ཁ་ཁྱེར་བསྐོར་ལ། དབུས་སུ་རྡུལ་ཚོན་གྱིས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རྡོ་རྗེ་དཀར་པོ་རཾ་ཡིག་གིས་མཚན་པ། པདྨའི་ཕྱི་སྐོར་གྱི་ཟླུམ་སྐོར་བར་མར་མེའི་དཀར་པོ་གཡས་བསྐོར་དུ་འབར་བ་དང་། ཕྱི་མར་རྡོ་རྗེ་ནོར་བུ་དཀར་པོའི་ཕྲེང་བ་དང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲི། དེར་སྲོག་ཆགས་མེད་པའི་བ་ལང་གི་ལྕི་བའམ་ཡམ་ཤིང་གི་རྒྱུ་དང་མཚུངས་པའི་བུད་ཤིང་ཟླུམ་པོས་ཁྲུ་གང་ཙམ་དུ་ཟླུམ་པོར་བརྩིགས་པའི་ནང་གི་ཤར་ངོས་སུ་མེ་ཚང་བཅས་ལ་སྟེང་ནས་ཀུ་ཤ་རྩེ་མོ་ཤར་དུ་བསྟན་པས་བཀབ། རང་གི་གཡས་ངོས་སུ་མཆོད་སྟེགས་དང་གཡོན་དུ་རྫས་སྟེགས་གཉིས་ཀ་དར་རས་དཀར་པོའི་ཁེབས་དང་ལྡན་པའི་མཆོད་སྟེགས་སུ་འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་འདས་གཏོར་ཟླུམ་པོ་དང་། མདུན་དུ་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ། གཡས་གཡོན་དུ་སྨན་ཕུད་དང་རཀྟ །མདུན་དུ་ཡེ་ཤེས་པར་ཞི་དྲག་གི་ཉེར་སྤྱོད་གཉིས་དང་འཇིག་རྟེན་པར་གཅིག་བཅས་ཕྲེང་ཚར་དུ་འགོད། རྫས་སྟེགས་སུ་བལ་དཀར་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་སོར་བཞི་པ་དྲིས་བྱུགས་ཤིང་སྣེ་གཉིས་མར་དང་སྦྲང་རྩིས་ཉུག་པ། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ་དཀར་པོ། དཀར་མངར་འབྲུ་ཕྱེ་འོ་མར་སྦྱར་བའི་ཟས་མཆོག །འབྲས་མ་གྲུགས་པ། ནས་དང་སོ་བ་གྲ་མ་མེད་པ། གྲོ། སྲན་མ། དཱུརྦ། ཀུ་ཤ། ཡུངས་དཀར། ཤིང་ཏོག་རྣམས་དང་། དར་དཀར་གྱི་གོས་ཟུང་། རྡོ་ཐལ་མེད་པའི་སོ་རྩི་རྣམས་མདོག་དཀར་ཞིང་དབྱིབས་ཟླུམ་པོའི་སྣོད་འབའ་ཞིག་པར་འདས་མ་འདས་ཉིས་རིམ་དུ་བཤམ། སློབ་དཔོན་དང་ [3a] ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བཾ་གྱིས་མཚན་པ་བྲིས་པའི་ནང་གི་ཆར། ནང་མཆོད། ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ་བཅས་བཞག །གཞན་ཡང་མེ་དར་དང་རླུང་གཡབ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། སློབ་དཔོན་རྒྱན་ཆས་དཀར་པོ་བགོས་ཏེ་ཞི་ཞིང་དེས་པའི་སེམས་ཀྱིས་ཀུ་ཤ་སོགས་གཙང་མའི་སྟན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཤར་དུ་ཕྱོགས་པར་འཁོད་དེ་བདག་གི་རྣལ་འབྱོར་ལ་གནས་པས་ལས་རིམ་ལ་འཇུག །སྒྲུབ་མཆོད་དང་འགྲེལ་བའི་ཚེ་རྩ་སྔགས་ལ་ཕཊ་ཛཿབཏགས་པ་བརྗོད་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། ཚུལ་བཞིན་བསྒྲུབས་པའི་ལས་བུམ་གྱི་ཆུ་དང་ཨ་མྲྀ་ཏས་རྡོ་དྲིལ་བསང་། སྭབྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། ཨོཾ་མ་ཧཱ་བཛྲ་ཧཱུྃ༔ ཞེས་རྡོ་རྗེ་གསོར་ཞིང་གར་བཟུང་། ཨོཾ་བཛྲ་གཎྜེ་ཨཱཿ ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭབྷཱ་ཝ་ཨཏྣམ་ཀོཉཧཾ༔ ཞེས་པད་སྐོར་སྔོན་དུ་འགྲོ་བས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་ལ་བློ་ལ་བཞག །དགང་བླུགས་སྔར་བཞིན་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་དགང་གཟར་བླུགས་མཚན་ཉིད་ཐམས་ཅད་དང་ལྡན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ [3b] ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག དགང་བླུག་ལ་ཐིམ་པས་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར་པར་བསམ། ཕྱི་ནང་གི་མཆོད་རྫས་རྣམས་བསང་སྦྱངས་ཏེ་བྱིན་གྱིས་བརླབས་པ་ལས་བྱང་ལྟར་བྱ། བསྲེག་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཞི་བའི་ལས་སྒྲུབ་པ་ལ་ཐོགས་པམེད་པའི་ནུས་པ་དང་ལྡན་པར་བསམ་ཞིང་། རྡོལ་དྲིལ་དང་བཅས་དགང་བླུགས་འཛིན་པས་བསྲེག་རྫས་རྣམས་ལ་གཡས་བསྐོར་དུ་རེག་ལ། ཨོཾ་སྭཱཧཱ༔ ཡམ་ཤིང་ལ། ཨོཾ་ཨཱཿསྭཱཧཱ༔ ཞུན་མར་ལ། ཨོཾ་ཤྲཱི་སྭཱཧཱ༔ འབྲུ་རྣམས་ལ། ཨོཾ་ཛིཾ་སྭཱཧཱ༔ རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ༔ ཨོཾ་ཨཱཿཧཱུྃ༔ ཞེས་སྔགས་རྣམས་ལན་གསུམ་གསུམ་དུ་བརྗོད་པས་བརླབ་བོ། དེ་ནས་བགེགས་གཏོར་མ་བྱིན་ཏེ་བཀའ་བསྒོ་ཞིང་མཚམས་བཅད། བཀྲ་ཤིས་པའི་གནས་ལས་བྱུང་བའི་མེ་དུ་བ་མེད་པ་གཡས་སུ་བསྐོར་ཏེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ༔ ཞེས་ཐབ་ཀྱི་ཤར་ལྷོ་ནས་བཅུག ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རླུང་གཡབ་ཀྱིས་མེ་སྦར་ཞིང་། ཧཱུྃ༔ ལན་བདུན་བཟླས་པའི་བླུགས་གཟར་གྱི་མར་ཁུའི་ཐིགས་པས་ཀྱང་གསོ། ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་བུམ་གྱི་ཆུས་བྲན་ཏེ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་སརྦ་བིགྷྣཱན་ནཱ་ཤ་ཡ་ཧཱུྃ་ཕཊ༔ ཅེས་བསང་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ ། ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་ [4a] སྙིང་། །བདག་གིས་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱཧཱ། ཞེས་ཀུ་ཤ་ཐབ་ཀྱི་གཡས་བསྐོར་དུ་དགྲམ་ཞིང་སླར་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ །དེ་ནས་ཐབས་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་དཀར་པོ་དབྱིབས་ཟླུམ་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེ་ནོར་བུ་དཀར་པོའི་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲུབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཞི་བའི་མེ་དཀར་གསལ་དུ་འབར་བའི་དལས་ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞི་ཞིང་འཇུམ་པའི་ཉམས་ཅན། ཕྱག་གཡས་ན་ཞི་མཛད་མེའི་འཁོར་ལོ་དཀར་གསལ་དང་། གཡོན་ན་ཞི་བའི་དུལ་ཕུར་དཀར་པོ་འདྲིལ་བ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཚངས་སྐུད་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། གསུས་ཁྱིམ་ཆེ་ལ་བྲང་རུས་བཀྲ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱད་པའི་ན་ཚོད་ཅན། ར་སྐྱེས་དཀར་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱི་དབུ་བརྒྱན་ཅིང་དྲང་སྲོང་གི་ཚོགས་ཀྱི་ཡོངས་སུ་བསྐོར་བར་གྱུར། [4b] དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ས་སྤྱན་དྲངས་པར་བསམ་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་བྱོན་ཚུར་བྱོན་ལྷ་ཆེན་པོ༔ ཨགྷེ་རཱ་ཛ་འཁོར་དང་བཅས༔ སྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འབར་བའི་གནས་འདིར་གཤེགས་སུ་གསོལ༔ དགྱེས་པའི་གདན་ལ་བཞུགས་སོ་འཚལ༔ ཨོཾ་པཱ་བ་ཀ་ཨགྷ་ཡེ་ཨཱ་གཙྪ་ཡཿམ་མ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ ཞེས་མདུན་གྱི་ནམ་མཁར་བྱོན་པར་བསམ། ལས་བུམ་གྱི་ཆུ་གཏོར་ཞིང་ལས་སྔགས་ཀྱིས་ཕྱི་འབྲང་གིས་བགེགས་བསྐྲད། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཞེས་དམ་ཡེ་དབྱེར་མེད་དུ་བསྟིམ། ཧཱུྃ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ མཐུ་སྟོབས་བྱིན་རླབས་བསམ་མི་ཁྱབ༔ ཇི་ལྟར་འདོད་པའི་དོན་སྒྲུབ་པ༔ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་བྱ། ཧོཿ ལྷ་རྫས་བཟང་པོའི་ཡོན་ཆབ་དང་༔ ཞབས་བསིལ་མེ་ཏོག་སྤོས་མར་མེ༔ དྲི་ཆབ་ཞལ་ཟས་རོལ་མོ་སོགས༔ ཕྱི་མཆོད་རྣམ་པ་སྣ་ཚོགས་འདི༔ མེ་ལྷའི་རྒྱལ་པོ་ཁྱོད་ལ་འབུལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨགྣ་ཡེ་ཨརྒྷཾ་སོགས། ཤཔྡ་པྲ་ཏཱིཙྪ་པཱུ་ཛ་ཧོཿ ཧཱུྃ༔ འཇིགས་བྱེད་མེ་ལྷའི་ [5a] རྒྱལ་པོ་ལ༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ ནང་གི་མཆོད་པ་སྣ་ཚོགས་འབུལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨགྣ་ཡེ་རཱུ་པ་སོགས། སྤརྴེ་པྲ་ཏཱིཙྪ་པཱུ་ཛ་ཧོཿ ཧཱུྃ༔ འཇིགས་བྱེད་མེ་ལྷའི་རྒྱལ་པོ་ལ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་མཆོད་པ་འབུལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཧཱུྃ༔ འཇིགས་བྱེད་མེ་ལྷའི་རྒྱལ་པོ་ཁྱོད༔ འགྲོ་བ་སེམས་ཅན་དོན་སླད་དུ༔ གནས་འདིར་སྲེག་བླུགས་མཆོད་པ་བཞེས༔ ཞི་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཞེས་ཕྱི་ནང་གི་མཆོད་པས་མཆོད། དེ་ནས་བསྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་པ་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོ་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་ བསམ་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ༔ ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ནང་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བྷ་ཧ་ན་ཡ་སྭཱཧཱ༔ ཞེས་པའི་མཐར། བདག་ཅག་དཔོན་སློབ་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ [5b] ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་སྤེལ་ཚིག་སྦྲེལ་བས་ཕུལ། ཚུལ་དེ་ལྟ་བུས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག་པས་དགེ་བར་མཐོང་ན་གཟེངས་བསྟོད། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་སྲུང་བ་བྱ་ཞིང་། བགེགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ༔ ཞེས་སྦྱར་བས་སྲེག་བླུགས་བདུན་ལ་སོགས་པ་འབུལ་ལོ། །དེ་ནས་རྫས་རྣམས་ལས་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་དཱུརྦ་ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟོན་དང་ཏིལ་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུག་གཟེར་གྱིས་འབུལ་ཞིང་། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་། ཨོཾ་བོདྷི་བྲྀཀྵ་ཡ་སྭཱཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ༔ མར་ཁུ། ཨོཾ་ཨགྣ་ཡེ་སྭཱཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ༔ ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ༔ ཞོ་ཟན་ནམ་ཟས་མཆོག ། ཨོཾ་སརྦ་སམྦ་དེ་སྭཱཧཱ༔ བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ༔ འབྲས། ཨོཾ་བཛྲ་པུཥྚ་ཡ་སྭཱཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟ་ཀུ་རུ་སྭཱཧཱ༔ ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱཧཱ༔ ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ༔ སོ་བ། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱཧཱ༔ ནོར་དང་ [6a] འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་སུ་སྭཱཧཱ༔ གྲོ། ཨོཾ་བཛྲ་གྷསྨཱ་རི་སྭཱཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ༔ སྲན་མ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱཧཱ༔ སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ༔ དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ༔ ཚེ་རིང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ༔ ཀུ་ཤ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་བ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ༔ ཡུངས་ཀར། ཨོཾ་བཛྲ་སིདྡྷ་ཡེ་སྭཱཧཱ༔ གདོན་བགེགས་འཇོམས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ༔ ཤིང་ཏོག ཨོཾ་ག་གྷ་ནི་ག་གྷ་ནི་བཻ་ལོ་ཀ་ཏི་སྭཱཧཱ༔ རིགས་རྒྱུད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ༔ དེ་ལྟར་ལན་བདུན་སོགས་ཇི་ལྟར་རིགས་པ་ཕུལ་བའི་མཐར། བསྟོད་པ་ནི། ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྒྲུབ་མཛད་པ༔ བདག་གཞན་དོན་གཉིས་མྱུར་འགྲུབ་སྩོལ༔ འཇིགས་བྱེད་མེ་ལྷ་ཉིད་ལ་བསྟོད༔ མེ་ལྷའི་རྒྱལ་པོ་དགའ་བའི་མཆོག༔ ཚངས་དབང་འཇིག་རྟེན་སྐྱོང་བྱེད་སྲས༔ བགེགས་ཚོགས་མ་ལུས་བསྲེག་མཛད་པའི༔ གཟི་བརྗིད་རྒྱལ་པོ་ཉིད་ལ་འདུད༔ ཉོན་མོངས་སྲེག་པའི་ཡེ་ཤེས་འོད༔ མངོན་ཤེས་ [6b] རྫུ་འཕྲུལ་སྟོབས་དང་ལྡན༔ ཉེས་པའི་སྐྱོན་རྣམས་སེལ་མཛད་པ༔ དྲང་སྲོང་ཆེན་པོ་ཉིད་ལ་བདུད༔ བདེན་པའི་ཚིག་ནི་མི་བསླུ་བས༔ འཇིག་རྟེན་སྐྱོབ་པ་རྣམས་ཀྱི་རྒྱལ༔ ཚངས་པར་གྱུར་པའི་ངག་དང་ལྡན༔ དྲང་སྲོང་ཆེན་པོ་ཉིད་ལ་འདུད༔ དམ་བཅའ་བཞིན་དུ་མེ་ཡི་ལས༔ ནུས་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་བསྟོད། ན་མོ་རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པའི་གདོན་རྣམས་ལས་ཐར་བ་དང་གློ་བུར་ཡེ་འདྲོགས་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་བར་ཆད་མི་འབྱུང་བར་མཛད་དུ་གསོལ། མི་ཁ་སྨྲ་མཆུ་དགྲ་རྐུན་བྱད་སྟེམས་སྦྱོར་བ་རྩུབ་མོ་དང་ཉེ་བར་འཚེ་བ་ལས་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ཟློག་པར་མཛད་དུ་གསོལ། ལས་དང་ཉོན་མོངས་བག་ཆགས་ཤེས་བྱའི་དྲི་མ་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཤིནྟཾ་ཀུ་རུ་སྭཱཧཱ༔ ཞེས་འདོད་དོན་གསོལ། ཨོཾ་ཨཱཿཧཱུྃ་མུཿས། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་ བསམ་མོ། དེ་དག་ནི་འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དེ་ནས་འདས་པའི་མེ་ལྷ་མཆོད་པའི་རིམ་པ་ནི། བུད་ཤིང་ཅུང་ཟད་ཁ་གསོས་བསང་སྦྱང་། ཧཱུྃ༔ [7a] དམ་ཚིག་མེ་ལྷའི་ལྟོ་བ་འབྱམས་ཀླས་དབྱིངས༔ རང་བྱུང་ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་ནི༔ ཞེས་པ་ནས། པྃ་པདྨ་མཎྜ་ལ༔ ཞེས་པའི་བར་གྱིས་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། སྐབས་འདིར་སྦྱིན་སྲེག་རྐྱང་པའི་ཚེ་བརྟན་པ་ལྷ་བསྐྱེད་ནས་སྤྱན་འདྲེན་བྱེད་པ་ཡིན་ཅིང་། སྒྲུབ་མཆོད་དང་འབྲེལ་བའི་སྐབས་སུ། ཧཱུྃ༔ ཆོས་དབྱིངས་བརྡལ་བ་ཆེན་པོའི་ཀློང་དཀྱིལ་ནས༔ ཞེས་སོགས་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་སྔགས་བཟླ་བཞིན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་ལྷན་ཅིག་གཙོ་བོ་འཁོར་སོ་སོའི་བསྐྱེད་སྔགས་བརྗོད་པའི་མཐར། ཧཱུྃ༔ རང་བྱུང་ཕོ་བྲང་ཨེ་ཡི་གཞལ་ཡས་དབུས༔ པདྨ་ཉི་ཟླ་འབར་བའི་གདན་སྟེངས་སུ༔ བདུད་བཞི་རྒྱལ་བསེན་དྲེགས་པ་བསྣོལ་བའི་སྟེང་༔ རྒྱལ་ཀུན་ཕྲིན་ལས་ཡོངས་འདུས་ཆེ་བའི་མཆོག༔ ཅེས་སོགས་ལས་བྱང་བཞིན་གཙོ་འཁོར་ཡོངས་རྫོགས་གསལ་གདབ། གང་ལྟར་ཡང་བཞུགས་སུ་གསོལ་བ་ནས་བཟུང་སྦྱོར་སྒྲོལ་གྱི་མཆོད་པའི་བར་སོང་ནས། སྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་གྱི་ཕུར་པོར་འབར་བས་མཚན་པ་ ཞེས་སོགས་འདོན་པ་སྤོས་ལ། གཙོ་སྔགས་ཀྱིས་དགང་ཞིང་བཞི་སྙིང་གཅིག་དྲིལ་སྤེལ་ཚིག་དང་བཅས་པས་ཕུལ། དེ་ནས་ཡམ་ཤིང་ལ་སོགས་པའི་བསྲེག་རྫས་གཞན་ཐམས་ཅད་གཙོ་སྔགས། ས་པ་རི་ཝཱ་ར་ བཏགས་པ་ཁོ་ནའམ། [7b] སྤྲོ་ན་གཙོ་བོ། ཀཱི་ལ་རིགས་ལྔ། ཁྲོ་བཅུ། སྲས་མཆོག སྒོ་སྲུང་རྣམས་སོ་སོའི་སྔགས་དང་། དམ་ཅན་སྤྱི་ལ་བཞི་སྙིང་གཅིག་དྲིལ་བཅས། ཐོག་མར་དེ་དག་ལན་རེའི་མཐར་རྫས་སྔགས་ཁོ་ནས་བཅུ་ལ་སོགས་པ་ཇི་ལྟར་རིགས་པར་ཕུལ་མཐར་སྤེལ་ཚིག་གོང་ལྟར་སྦྱར། ཚུལ་དེ་ལྟ་བུས་གཙོ་འཁོར་གྱི་འགྲོས་དང་སྦྱར་ཏེ་འབུལ། མཐར་ཚོགས་ཕུད་ཀྱི་ཆ་ཤས་ཕུལ་ལ། ཨོཾ་ཨཱཿཧཱུྃ༔ དཔེ་མེད་བསམ་བརྗོད་བྲལ་བའི་དཀྱིལ་འཁོར་ལ༔ སྣོད་བཅུད་ཚོགས་ཀྱི་འཁོར་ལོར་བསྒྱུར་ཏེ་འབུལ༔ འགྲོ་རྣམས་ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ རང་སྣང་མི་ཟད་རྒྱན་འཁོར་ལོངས་སྤྱོད་ཤོག༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ ཞེས་འབུལ། དེ་ནས་ལས་བྱང་བཞིན་བསྟོད་དེ། ཧོཿ བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལྷ་ཀླུ་ སོགས་གོང་བཞིན་འདོད་པའི་དོན་ལ་གསོལ་བ་བཏབ་བས། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་སྡིག་སྒྲིབ་ནད་གདོན་ལ་སོགས་པའི་ཉེས་པ་ཐམས་ཅད་དག་ཅིང་ཞི་བར་ བསམ་མོ། སླར་ཡང་དགང་བླུགས་སྔར་བཞིན་དུ་ཕུལ་མཐར། ཨོཾ་བཛྲ་ཝསྟྲ་ཡ་སྭཱཧཱ༔ ཞེས་གོས་ཟུང་དང་། ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱཧཱ༔ ཞེས་སོ་རྩི་དབུལ། ཆུ་གཉིས་ཉེར་སྤྱོད་སྔགས་ཙམ་གྱིས་མཆོད་ཅིང་ཤླཽ་ལོ་ཀ་གཅིག་གིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། [8a] སོགས་དང་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་ནས། བཛྲ་མུ༔ ཞེས་སོགས་ཀྱི་སྒྲས་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྒྲུབ་མཆོད་དང་སྦྲེལ་ཚེ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་བསམ་ཞིང་མཎྜལ་མེ་ཏོག་གིས་མཚོན་པར་སྒྲུབ་དཀྱིལ་ག་ལ་བར་སྤྱན་དྲངས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་། དེ་དག་གི་འདས་པའི་མེ་ལྷ་མཆོད་པའི་ཆོ་གའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། སླར་ཡང་བླུགས་གཟར་གྱི་མར་ཁུས་མེ་གསོ་ཞིང་། བཛྲ་ས་མཱ་ཛཱཿས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས་དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པ་ལ། སྔར་བཞིན་དགང་བླུགས་དང་ཡམ་ཤིང་ལ་སོགས་པའི་བསྲེག་རྫས་ལྷག་མ་རྣམས་སྤེལ་ཚིག་མེདཔའི་སྔགས་ཀྱིས་འབུལ། གོས་ཟུང་དང་སོ་རྩིའང་གོང་གི་སྔགས་ཀྱིས་ཕུལ་མཐར། པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད། ཧཱུྃ༔ ཕྲིན་ལས་སྒྲུབ་མཛད་ཆེ་བའི་མཆོག༔ མེ་ལྷའི་རྒྱལ་པོ་གདོན་གྱི་བདག༔ ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཅེས་བསྟོད། ཨ་ཀཱ་རོས་སྔར་བསྔོས་པའི་གཏོར་མ་ཐབ་ཏུ་འབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་སོགས་ཀྱིས་ཕྲིན་ལས་བཅོལ། སྔར་བཞིན་ནོངས་པ་བཤགས་ནས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་ [8b] གི་འདོད་པ་ཐམས་ཅད་བ་སྒྲུབས། །ཞེས་སྙན་མནན་ཏེ། ཨོཾ་ཨགྣ་ཡེ་གཙྪ༔ ཞེས་པའི་ཡེ་ཤེས་ཀྱི་མེ་ལྷ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷརང་ལ་བསྡུ། མེ་རང་ཞིར་གཏོང་བའམ་ལོང་མེད་ན་འོ་མ་དང་དྲི་བཟང་གི་ཆུས་གཞིལ་གབ་ཐལ་སོལ་རྣམས་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་བསྐྱལ། ལས་མཇུག་བྲོ་ཡིས་བསྡུ་བའི་སླད་དུ། །ཞི་བའི་ཕུར་བུ་འདྲིལ། མཆེད་རྣམས་ལག་གཡས་སྟེང་དང་གཡོན་འོག་ཏུ་བྱསཔའི་མཛུབ་མོ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས་བྲོ་ར་ཟླུམ་པོར་བསྐོར་བའམ་དེར་མོས་ལ། ཧཱུྃ༔ དངུལ་ལམ་དཀར་པོའི་ཤིང་རྣམས་ལ༔ མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ༔ ངོས་ལ་ཞི་བའི་ལྷ་བསྒོམས་ཏེ༔ བཏབ་པས་འཇིགས་བརྒྱད་ཞི་བར་འགྱུར༔ བྃ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཨོཾ་ལས་དེ་བཞིན་འཁོར་དང་བཅས༔ རྨུགས་པར་གྱུར་པའི་སེམས་ཅན་རྣམས༔ ཞི་བར་གྱུར་ལ་དབྱིངས་སུ་རོལ༔ ཧཱུཾ་བཞི་པའི་སྔགས་དང་། ཞི་མཛད་ལྷ་ལ་ཕྱག་འཚལ་ལོ༔ སྟེང་གི་ལྷ་ཡང་ཞི་གྱུར་ཅིག༔ འོག་གི་ཀླུ་ཡང་ཞི་གྱུར་ཅིག༔ སྡང་བའི་དགྲ་ཡང་ཞི་འགྱུར་ཅིག༔ གནོད་པའི་བགེགས་ཀྱང་ཞི་གྱུར་ཅིག༔ ནད་དང་སྡུག་བསྔལ་ཞི་གྱུར་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤཱནྟི་ཀུ་རུ་ཡེ་སྭཱཧཱ༔ ཞེས་བྲོ་བརྡུང་། དགེ་བ་བསྔོ་ཞིིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ།། །། གཉིས་པ་རྒྱས་པའི་སྤྱན་སྲེག་ནི། དུས་ར་བ་བཞིའི་ཡར་ངོའི་ཚེས་བརྒྱད་དམ་བཅོ་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་ཉི་དྲོས་ཀྱི་ཆར། རྒྱལ་པོའི་བང་མཛོད་ཀྱི་འོག་དང་ཞིང་བཟང་པོ་སོགས་དཔལ་ཅན་གྱི་ས་ལས་བསྐྲུན་ [9a] པའི་ཐབས་སྟེགས་བ་བྱུང་བདུད་རྩི་དང་སྦྱར་བ་དྲིའི་ཆུས་ཆག་ཆག་བཏབ་པར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་ལོགས་ངོས་ས་ཁྲུ་རེ་གཞལ་བའི་སར་གྲུ་བཞི་པར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པ། མཆུའམ་མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་། ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་ཟུར་བཞི་ལའང་རིན་པོ་ཆེ་འབར་བ་རེ་བཅས་བྲི། དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པའི་གུར་གུམ་གྱི་ཆབ་ཀྱིས་བྲན་པས་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིག །གཏོར་མའི་རྒྱུ་གསེར་ཕྱེ་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་དང་བསྲེས་པས་དབྱིབས་གྲུ་བཞི་པད་འདབ་ཅན། ཡམ་ཤིང་འབྲས་བུ་ཆགས་པའི་ཤིང་གི་བར་གྱི་ཆ་ལས་བྱུང་བ་ཁྲུ་གང་བ་དྲི་དང་མངར་གསུམ་མར་ཁུས་སྦགས་པ། བསྲེག་རྫས་ཞི་བ་དང་མཚུངས་པ་ལས་བི་ལྦ་སོགས་ཤིང་ཏོག་འབྲུ་སྨན་རིན་པོ་ཆེ་དང་དར་གོས་སེར་པོའི་རིགས། སྣོད་དང་རྫས་ཐམས་ཅད་དབྱིབས་གྲུ་བཞི་ཁ་དོག་གསེར་པོ་འབའ་ཞིག་པ་བྱ། སློབ་དཔོན་རྒྱན་ཆས་སེར་པོ་བགོས་པ་དགའ་བའི་སེམས་དང་བཟང་པོའི་སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་པས་འཁོད་ནས་ལས་རིམ་ལ་འཇུག །མེ་རྒྱལ་རིགས་ཀྱི་ཁྱིམ་དང་གཙུབས་ཤིང་ལས་བྱུང་བས་སྦར། ཕྲིན་ལས་ཞི་བའི་སྐབས་ཁོ་ན་ལྟར་ལས། ཐབ་བསྐྱེད་སྐབས། སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ་དྭངས་ཤིང་སྒྲིབ་ [9b] པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་རྒྱས་པའི་མེ་སེར་གསལ་དུ་འབར་བའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་དང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་རྒྱས་པའི་མེ་ལྷ་སྐུ་མདོག་སེར་པོ་གནོད་སྦྱིན་སྒེག་པའི་ཉམས་ཅན། ཕྱག་གཡས་ན་རྒྱས་མཛད་མེའི་འཁོར་ལོ་སེར་གསལ་དང་། གཡོན་ན་རྒྱས་པའི་གསེར་ཕུར་སེར་པོ་འདྲིལ་བ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཚངས་སྐུད་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། ཤ་རྒྱས་ལ་གསུས་ཁྱིམ་ཆེ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱད་པའི་ན་ཚོད་ཅན། ར་སྐྱེས་སེར་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱིས་དབུ་ལ་བརྒྱན་ཅིང་སོགས་སྔར་ལྟར་དང་། མ་མ་ཤནྟིཾ་ཀུ་རུའི་མལ་དུ། མ་མ་པུཥྚིཾ་ཀུ་རུ་ཨོཾ། ཞེས་དང་། ཞི་བའི་མལ་དུ་རྒྱས་པ་ཞེས་བསྒྱུར། དགང་བླུགས་སྐབས་ལག་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་། སྤེལ་ཚིག་སྐབས། ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་དང་། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་པས་འགྲེས་སྦྱར། འདོད་གསོལ་སྐབས། ན་མོ། [10a] རིག་པའི་རྒྱལ་པོ་ སོགས་གོང་ལྟར་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ཟས་ནོར་ལོངས་སྤྱོད་བུ་སློབ་འཁོར་འབངས་མངའ་རིས་ཆུས་སྲིད་ལ་སོགས་པ་དར་ཞིང་རྒྱས་པར་མཛད་དུ་གསོལ། མཁྱེན་པ་དང་བརྩེ་བ་མཐུ་སྟོབས་ནུས་རྩལ་ཉམས་དང་རྟོགས་པ་ས་ལམ་གྱི་ཡོན་ཏན་དཀར་པའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་དབྱར་གྱི་ཆུ་གཏེར་དང་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པའི་མཛད་དུ་གསོལ། པུཥྚིཾ་ཀུ་རུ་ཨོཾ༔ ཞེས་སྦྱར། འདས་པའི་དགང་བླུགས་སྐབས། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་བྷཱུཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ་ ཞེས་འདོན་པ་སྤོ། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་ [10b] རྩི་དང་རིན་པོ་ཆེའི་ཆར་ཕབ་པའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་ བསམ། བྲོ་བརྡུང་བའི་སྐབས་རྒྱས་པའི་ཕུར་བུ་འདྲིལ། གོང་མོ་སྦྲེལ་བའི་བྲོར་གྲུ་བཞིའམ་དེར་མོས་ལ། ཧཱུྃ༔ གསེར་རམ་སེར་པོའི་ཤིང་རྣམས་ལ༔ མགོ་བོ་རྒྱ་མདུད་རྩེ་ཟུར་བཞི༔ ངོས་ལ་རྒྱས་པའི་ལྷ་བཀོད་དེ༔ བཏབ་པའི་ཚེ་དབང་བསོད་ནམས་རྒྱས༔ མཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ སྭཱ་ལས་རིན་ཆེ་འཁོར་དང་བཅས༔ ང་རྒྱལ་དྲེགས་པའི་སེམས་ཅན་རྣམས༔ རྒྱས་པར་གྱུར་ལ་དབྱིངས་སུ་རོལ༔ ཧཱུྃ་བཞི་པའི་སྔགས་དང་། རྒྱས་མཛད་ལྷ་ལ་ཕྱག་འཛལ་ལོ༔ ཚེ་དང་བསོད་ནམས་རྒྱས་གྱུར་ཅིག༔ བཀྲག་དང་གཟི་བརྗིད་རྒྱས་གྱུར་ཅིག༔ གདུལ་བྱ་ཕྲིན་ལས་རྒྱས་གྱུར་ཅིག༔ སྭཱ་རཏྣ་ཀཱི་ལི་ཀཱི་ལ་ཡ་པུཥྚིཾ་ཀུ་རུ་ཡེ་སྭཱཧཱ༔ ཞེས་བརྡུང་། རྗེས་མེ་རང་ཞིར་བཏང་སྟེ་ཐལ་སོལ་བང་མཛོད་དུ་སྦ། གལ་ཏེ་རབ་གནས་དང་འབྲེལ་བར་འོ་ཐུག་སྒྲུབ་ན་དེའི་ལག་ལེན་ནི་སྤྱི་ལྟར་ཤེས་པར་བྱའོ།། །། གསུམ་པ་དབང་གིས་གི་སྦྱིན་སྲེག་ནི། དུས་འབྲིང་པོ་བཞིའི་དམར་ཕྱོགས་ཀྱི་ཚེས་བཅུ་ལ་སགས་པའི་དགོང་མོའི་ཆར། སྨད་འཚོང་མས་ཉལ་པོ་བྱས་པའི་མལ་འོག་གམ་མགྲོན་ཁང་གི་ས་ལས་བསྐྲུན་པའི་ཐབ་སྟེགས་མྱོས་བྱེད་དང་བདུད་རྩིས་བྱུགས་ཤིང་སིནྡྷུ་ར་བརྡལ་བར་དབུས་སུ་ཟླ་གམ་རྒྱར་མཐོ་དོ་སྲིད་དུ་ཁྲུ་གང་པ་ལ་པདྨ་འདབ་བརྒྱད་ལྕགས་ཀྱུས་མཚན་པ། དེ་རྒྱབ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་ལ་མེ་རི་དམར་པོ་གཡོན་ [11a] བསྐོར་དུ་འབར་བ་དང་མེ་ཏོག་དམར་པོ་ལྕགས་ཀྱུ་སྤེལ་མའི་ཕྲེང་བས་བསྐོར་ཞིང་ཟུར་གཉིས་ལའང་ལྕགས་ཀྱུ་རེ་བཅས་བྲི། དེར་ཡམ་ཤིང་གི་རྒྱུ་དང་མཚུངས་པའི་ཤིང་སྲིན་ལག་གི་སྦོམ་ཕྲ་ཅན་མྱོས་བྱེད་ཀྱིས་བྲན་པས་ཟླ་གམ་དུ་བརྩིག །གཏོར་མའི་རྒྱུ་ཟངས་ཕྱེ་པད་རག་བུ་རམ་འབྲས་དམར་རམ་བུའི་ཕྱེ་རྣམས་མར་ལ་བསྲེས་པས་དབྱིངས་ཟླ་གམ་པད་འདབ་ལྔ་པ། ཡམ་ཤིང་ཙན་དན་དམར་པོ་སོགས་དམར་ལ་རོ་སྐྱུར་བའི་ཤིང་གི་སྡོང་པོའི་ཆ་ལས་བྱུང་བ་སོར་ལྔའམ་གསུམ་པ་བུ་རམ་མར་ཁུས་རྩེ་མོ་དང་མཚལ་དང་སིནྡྷུ་རས་རྩ་བ་བྱུགས་པ། མར་ཁུའང་འཛོམ་ན་ཏིལ་མར་གྱི་ཁུ་བ་དང་། བསྲེག་རྫས་ཞི་བ་དང་མཚུངས་པ་ལས་རྒུན་འབྲུམ་སོགས་ཤིང་ཏོག་འབྲུ་སྨན་རིན་པོ་ཆེ་དར་གོས་དམར་པོའི་རིགས། ཁྱད་པར་གྱི་ཕྲིན་ལས་བསྒྲུབ་ན་དེའི་རྫས་ཚུལ་བཞིན་དུ་སྦྱར་བའི་རིལ་བུ་བདུད་རྩི་ལྔས་སྦགས་པ། སྣོད་དང་རྫས་ཐམས་ཅད་དབྱིབས་ཟླ་གམ་ཁ་དོག་དམར་པོ་འབའ་ཞིག་པ་བྱ། སློབ་དཔོན་རྒྱན་ཆས་དམར་པོ་བགོས་ཏེ་ཆགས་པའི་བསམ་པས་སྟན་དམར་པོ་ལ་པདྨའི་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འཁོད་ནས་ལས་རིམ་ལ་འཇུག །མེ་རོལ་མོ་མཁན་ནམ་སྨད་འཚོང་མའི་ལག་ནས་བྱུང་བས་སྦར། ཕྲིན་ལས་ཞི་བའི་སྐབས་དང་འདྲ་བ་ལས། ཐབས་བསྐྱེད་སྐབས། སྟོང་པའི་ངང་ལས་ཧཱུྃ་ལས་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་གྱི་དབྱིབས་ཅན་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ལྕགས་ཀྱུ་དང་ཁ་ཁྱེར་དང་ཟུར་རྣམས་སུ་མེ་ཏོག་དམར་པོ་དང་ལྕགས་ཀྱུས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་ [11b] མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་དབང་གི་མེ་དམར་གསལ་དུ་འབར་བའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་དང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རྃ་ལས་དབང་གིས་མེ་ལྷ་སྐུ་མདོག་དམར་པོ་ཞི་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་ན་དབང་མཛད་མེའི་འཁོར་ལོ་དམར་གསལ་དང། གཡོན་དབང་གི་ཟངས་ཕུར་དམར་པོ་འདྲིལ་བ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྦྲས་པ། ཚངས་སྐུད་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། ཤ་རྒྱས་ལ་གསུས་ཁྱིམ་ཆེ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱད་པའི་ན་ཚོད་ཅན། ར་སྐྱེས་དམར་པོའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱི་དབུ་བརྒྱན་ཅིང་སོགས་སྔར་ལྟར་དང་། མ་མ་ཝཱ་ཤཾ་ཀ་རུ་ཧོཿ ཞེས་དང་། ཞི་བའི་མལ་དུ་དབང་གི་ཞེས་བསྒྱུར། དགང་བླུགས་སྐབས་ལག་གཉིས་ཁུ་ཚུར་སྲིན་མཛུབ་རྩེ་སྤྲད་པ་པདྨའི་ཕྱག་རྒྱས་དགང་བླུགས་བཟུང་། སྤེལ་ཚིག་སྐབས། ཁམས་གསུམ་སྲིད་གསུམ་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་དང་། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་པས་འགྲེས་སྦྱར། འདོད་གསོལ་སྐབས། ན་མོ་རིག་པའི་རྒྱལ་པོ་སོགས་གོང་ལྟར་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་འཇིག་རྟེན་ཁམས་ [12a] ཀྱི་ལྷ་འདྲེ་མི་གསུམ་རྒྱལ་བློན་བཙུན་མོ་འགྲོ་བ་ཕོ་མོ་ཟས་ནོར་ལོངས་སྤྱོད་ཁྱད་པར་དུ་བདུད་རིས་ནག་པོའི་ཕྱོགས་སུ་གྱུར་པའི་དྲེག་ལྡན་མི་དང་མི་མ་ཡིན་མཐུ་བ་ཆེ་མཐའ་དག་རང་དབང་མེད་པར་མོས་པ་རྣམ་བཞིས་དབང་དུ་འདུ་བར་མཛད་དུ་གསོལ། རྩ་བརྒྱད་བླ་མའི་བྱིན་རླབས་ཡི་དམ་ལྷའི་དངོས་གྲུབ་མཁའ་འགྲོ་སྲུང་མའི་མཐུ་རྩལ་ལས་དང་དངོས་གྲུབ་རླུང་སེམས་སྣང་བ་ཐམས་ཅད་རང་དབང་དུ་གྱུར་པར་མཛད་དུ་གསོལ། མདོར་ན་འཁོར་འདས་ལམ་གསུམ་མཆོག་ཐུན་མོང་གི་དངོས་གྲུབ་ཡིད་ལ་འདོད་པ་གང་མཆིས་པ་ཐམས་ཅད་ཐོགས་པ་མེད་པར་དབང་དུ་འདུ་བར་མཛད་དུ་གསོལ། ཝཱ་ཤཾ་ཀུ་རུ་ཧོཿ ཞེས་སྦྱར། འདས་པའི་དགང་བླུགས་སྐབས། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་ཞིང་ཆགས་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་པདྨ་དམར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ་ཞེས་འདོན་པ་སྤོ། ཁྱད་པར་གྱི་རྫས་འབུལ་ན་དེའི་སྔགས་དང་དམིགས་གནད་ནི་མན་ངག་ལས་ཤེས་པར་བྱ་ཞིང་། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་པདྨ་རཱ་གའི་བུམ་པ་བདུད་རྩི་དམར་པོས་གང་བ་འཛིན་པས་ཟླ་བ་དམར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་དབང་བསྐུར་བས་འཇིག་རྟེན་དང་ [12b] འཇིག་རྟེན་ལས་འདས་ཐམས་ཅད་མོས་པ་རྣམ་བཞིས་དབང་དུ་སྡུད་པའི་ནུས་མཐུ་ལ་མངའ་བརྙེས་པར་བསམ། བྲོ་བརྡུང་བའི་སྐབས་དབང་གི་ཕུར་བུ་འདྲིལ། སྲིན་ལག་སྦྲེལ་བའི་བྲོ་ར་ཟླ་གམ་མམ་དེར་མོས་ལ། ཧཱུྃ༔ ཟངས་སམ་དམར་པོའི་ཤིང་རྣམས་ལ༔ མགོ་བོ་རྒྱ་མདུད་རྩེ་ཟླ་གམ༔ ངོས་ལ་དབང་གི་ལྷ་བཀོད་དེ༔ བཏབ་པས་སྣང་སྲིད་དབང་དུ་སྡུད༔ ཡཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཨཱཿལས་པདྨ་འཁོར་ང་བཅས༔ ཆགས་པར་གྱུར་པའི་སེམས་ཅན་རྣམས༔ དབང་དུ་མ་གྱུར་གང་ཡང་མེད༔ ཧཱུྃ་བཞི་པའི་སྔགས་དང་། དབང་མཛད་ལྷ་ལ་ཕྱག་འཚལ་ལོ༔ ལྷ་འདྲེ་མི་གསུམ་དབང་སྡུས་ཤིག༔ ཁམས་གསུམ་སྲིད་གསུམ་དབང་སྡུས་ཤིག༔ མོས་པ་རྣམ་བཞིས་དབང་སྡུས་ཤིག༔ ཨཱཿཔདྨ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཤཾ་ཀུ་རུ་ཡེ་སྭཱཧཱ༔ ཞེས་བརྡུང་། རྗེས་མེ་རང་ཞིར་བཏང་བའང་ཆང་གིས་གཞིལ་ནས་ཐལ་སོལ་རི་རྩེ་ནས་རླུང་ལ་བསྐུར་བའམ་ཆུ་བོ་ཆེན་པོར་བསྐྱལ་ལོ། །གཉིས་པ་ཚར་གཅོད་པ་དྲག་པོའི་སྦྱིན་སྲེག་ནི། སྲེག་པ་ཧོམ་གྱི་ལས་དང་འབྲེལ་བར་དགྲ་བགེགས་མཐར་བྱེད་ཀྱི་ཆོ་ག་སྒྲུབ་པ་སྟེ། ལག་ལེན་འཇུག་པ་བདེ་བའི་ཕྱིར་དེའི་ཆོ་གའི་ཁྲིགས་རིམ་ནི་ལོགས་སུ་བསྙད་པར་སྤྲོའོ།། །། གསུམ་པ་ཀུན་འདུས་མཆོག་གི་སྦྱིན་སྲེག་ནི། དུས་ཟླ་བ་གང་ཡང་རུང་བའི་ཉ་སྟོང་བརྒྱད་ལ་སོགས་པའི་ཉིན་མཚན་ཇི་ལྟར་རིགས་པར། ཆོ་གའི་སྦྱོར་དངོས་རྗེས་གསུམ་གྱི་བྱ་བ་མཐའ་དག་རྒྱས་པའི་སྦྱིན་སྲེག་ཇི་ལྟ་བ་བཞིན་ལས། ཁྱད་པར་གྱི་བསྲེག་རྫས་རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ [13a] ཏ་དང་ཛ་གད་སྦྱར་བའི་རིལ་བུ་གྲངས་མང་བསག །ཐབ་བསྐྱེད་སྐབས། སྟོང་པའི་ངང་ལས་ཧཱུྃ་ལས་མཆོག་གི་ཐབ་ཁུང་སྣ་ཚོགས་མདོག་ཅན་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ནོར་བུ་རིན་པོ་ཆེ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མཆོག་གི་མེ་ཁ་དོག་ལྔ་ལྡན་དུ་འབར་བའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་དང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་མཆོག་གི་མེ་ལྷ་སྣ་ཚོགས་མདོག་འཆང་གནོད་སྦྱིན་སྒེག་པའི་ཉམས་ཅན། ཕྱག་གཡས་ན་སྲེག་མཛད་མའི་འཁོར་ལོ་མཐིང་གསལ་དང་། གཡོན་ན་གནམ་ལྕགས་ཀྱི་ཕུར་བུ་འདྲིལ་བ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཚངས་སྐུ་སུམ་བསྒྲིལ་སེ་རལ་ཁར་ཐོགས་པ། ཤ་རྒྱས་ལ་གསུས་ཁྱིམ་ཆེ་བ། ཨག་ཚོམ་རིང་ཞིང་ལོ་བརྒྱད་པའི་ན་ཚོད་ཅན། ར་སྐྱེས་མཐིང་གའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང་སོགས་སྔར་ལྟར་དང་། རྒྱས་པའི་མལ་དུ་མཆོག་གི་ཞེས་བསྒྱུར། སྤེལ་ཚིག་སྐབས། ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་ [13b] པའི་ཕྲིན་ལས་མཛད་དུ་གསོལ། །ཞེས་དང་། གཟི་བརྗིད་ཕུན་སུམ་ཚོགས་པ་དང་བདེ་ཆེན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་པས་འགྲེས་སྦྱར། འདོད་གསོལ་རྒྱས་པ་ལྟར་ལས། དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། ཁྱད་པར་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་མཛད་དུ་གསོལ། མ་ཧཱ་སུ་ཁ་ས་མ་ཡ་སིདྡྷི་ ཧོཿ ཞེས་སྦྱར། འདས་པའི་སྐབས་ཁྱད་པར་གྱི་རྫས་སྙིང་པོ་འབྲུ་བཅུ་བདུན་པ་ཁོ་ནས་འབུལ་ཞིང་འདོད་དོན་དགང་བླུགས་སྐབས་བཞིན་གསོལ། མཐར་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་མཆོག་གི་འོད་ཟེར་མཐིང་ལ་དམར་བའི་མདངས་ཅན་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་མཁའ་ཁྱབ་ཏུ་སྤྲོས་པས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ཕྱག་རྒྱ་ཆེན་པོ་ཆེ་བའི་མཆོག་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པའི་ཕྲིན་ལས་གྲུབ་པར་བསམ། རྗེས་ཀྱི་རིམ་པ་རྣམས་རྒྱས་པ་བཞིན་མཐར་དབྱུང་བས་ལེགས་པར་གྲུབ་བོ། །དེ་དག་ནི་རྫས་ལ་བརྟེན་པ་ཕྱིའི་སྦྱིན་སྲེག་གོ། །གཞན་དུ་རྣལ་འབྱོར་པས་ཟས་བཟའ་བའི་ཚེ་ཁ་ཟས་འབྲུ་གསུམ་གྱིས་བདུད་རྩིར་བརླབས་པ་ལག་པའི་དགང་བླུགས་ཀྱིས་ཁའི་ཐབ་ཁུང་དུ་ཕུལ་བ་གཏུམ་མོ་སྦར་བའི་མེས་སྦྱངས་པའི་དྭངས་མས་ལུས་དཀྱིལ་ཁྲོ་བཅུ་ལ་སོགས་པའི་ལྷ་རྣམས་མཉེས་ཤིང་ཚིམ་པར་བྱེད་པ་ནང་གི་སྦྱིན་སྲེག །ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་ཆགས་ཀྱི་མེས་ཧཾ་ཡིག་བདེ་བ་ཆེན་པོར་ཞུ་བའི་བསྲེག་རྫས་རོ་རྐྱང་གི་དགང་བླུགས་ཀྱིས་ [14a] ཕུལ་བས་ཕུང་ཁམསཀྱི་ལྷ་རྣམས་ལྷན་སྐྱེས་བདེ་བའི་རང་བཞིན་དུ་ཚིམས་པར་བྱེད་པ་གསང་བའི་སྦྱིན་སྲེག །སྐྱེ་མེད་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ་བདེ་ཆེན་བྱང་ཆུབ་སེམས་ཀྱི་མེ་ལ་ཐབས་ཤེས་ཟུང་དུ་འཇུག་པའི་དགང་བླུགས་ཀྱིས་གཉིས་སྣང་མཚན་མའི་བསྲེག་རྫས་ཐམས་ཅད་ཕུལ་བས་ཆོས་རྣམས་བདེ་ཆེན་མི་ཤིགས་རྡོ་རྗེ་གསུམ་གྱི་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའི་དབྱིངས་སུ་ལ་བཟླ་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་སྟེ། ཚུལ་དེ་ལྟ་བུའི་རིམ་པ་བཞིན་ཉམས་སུ་བསྟར་བས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐམས་ཅད་དཀའ་བ་མེད་པར་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟ་བ་ཡིན་ནོ། ། རབ་འབྱམས་སྔགས་ཀྱི་ཕྲིན་ལས་མ་ལུས་པ། །འབར་བའི་མེ་ཡི་ལས་ལ་བརྟེན་ནས་ཀྱང་། །ཐོགས་མེད་ལྷུན་གྱིས་གྲུབ་པའི་དགའ་སྟོན་གང་། །སྐལ་བཟང་འདོད་པ་འཇོ་བའི་དཔྱིད་དུ་སྤྲོས། །བདེ་ཆེན་དགྱེས་པའི་ཞལ་གྱི་ཐབ་ཁུང་ཆེ། །མཆོད་སྦྱིན་སྲེག་བླུགས་བདུད་རྩིས་མཉེས་བགྱིས་ལས། །རྣམ་མང་ལས་དང་དངོས་གྲུབ་རྒྱ་མཚོའི་དཔལ། །དབང་འབྱོར་སྐྱེ་རྒུའི་གདུང་སེལ་ཉིད་གྱུར་ཅིག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་ལྷུན་གྱིས་གྲུབ་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། རང་གཞན་མང་པོ་ལ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས་རྩ་བའི་གཞུང་དོན་མན་ངག་གིས་ཕྱེས་ཤིང་ལག་ལེན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་པའི་ཐོག་ཏུ་སོན་པ་དཔལ་གདོང་གི་ལོ་དབོ་ཉ་བའི་ཡར་ངོའི་བཟང་པོ་གསུམ་པར་མཁན་ལྗོངས་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་གྲུབ་པར་བ་གྱིས་པ་སྟེ། འདིས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་མེད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།