ཟབ་གསང་རྫོགས་པ་ཆེན་པོའི་ཡང་ཟབ་མྱུར་ལམ་འཕོ་ཆེན་གདམས་པའི་དོན་འགྲེལ་མན་ངག་རོལ་མཚོ།

From Dudjom Wiki
DJYD-KABUM-13-PA-006
Wylie title zab gsang rdzogs pa chen po'i yang zab myur lam 'pho chen gdams pa'i don 'grel man ngag rol mtsho DJYD-KABUM-13-PA-006.pdf
Location bdud 'joms rin po che bka' 'bum
Volume 13, Text 6, Pages 469-565 (Folios 1a1 to 48a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Zab gsang rdzogs pa chen po'i yang zab myur lam 'pho chen gdams pa'i don 'grel man ngag rol mtsho. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 13: 469-565. Kalimpong: Dupjung Lama, 1979-1985.
Side notes Recto: thod rgal   Verso: myur lam 'pho chen don 'grel
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Commentary on Content - don 'grel  ·  Pith Instructions - man ngag
Cycle མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ (ma ha a ti yo ga'i zab chos dgongs pa klong rdol)
Colophon

།དེ་ལྟར་ཟབ་གསང་རྫོགས་པ་ཆེན་པོའི་ཡང་ཟབ་མྱུར་ལམ་འཕོ་ཆེན་གདམས་པའི་དོན་འགྲེལ་མན་ངག་རོལ་མཚོ་ཞེས་བྱ་བ་འདི་ནི། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝའི་རྗེས་སུ་ཞུགས་པའི་སྐལ་བཟང་ཅན། སྤྲུལ་མིང་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་དགུར་སོན་པ་རྔ་ཆེན་གྱི་ལོ། ནག་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་ལ་པདྨོ་རྣམ་པར་བཀོད་པའི་གྲོང་ཁྱེར་མཁན་པ་ལྗོངས་ཀྱི་ཆོས་གྲྭར་སྤེལ་བ་སྟེ། འདིས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།

/de ltar zab gsang rdzogs pa chen po'i yang zab myur lam 'pho chen gdams pa'i don 'grel man ngag rol mtsho zhes bya ba 'di ni/___sangs rgyas gnyis pa pad+ma saM b+ha wa'i rjes su zhugs pa'i skal bzang can/___sprul ming pa 'jigs bral ye shes rdo rjes rang lo bcu dgur son pa rnga chen gyi lo/___nag zla'i dmar phyogs mkha' 'gro 'du ba'i tshes la pad+mo rnam par bkod pa'i grong khyer mkhan pa ljongs kyi chos grwar spel ba ste/___'dis kyang 'od gsal rdo rje snying po'i bstan pa phyogs dus kun tu dar zhing rgyas la yun ring du gnas pa'i rgyur gyur cig/__//sarba dA mang+ga laM/

[edit]
༄༅། །ཟབ་གསང་རྫོགས་པ་ཆེན་པོའི་ཡང་ཟབ་མྱུར་ལམ་འཕོ་ཆེན་གདམས་པའི་དོན་འགྲེལ་མན་ངག་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །


༄༅། །ཟབ་གསང་རྫོགས་པ་ཆེན་པོའི་ཡང་ཟབ་མྱུར་ལམ་འཕོ་ཆེན་གདམས་པའི་དོན་འགྲེལ་མན་ངག་རོལ་མཚོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ངོ་བོ་གདོད་ནས་སྤྲོས་པ་ཀུན་བྲལ་འགྱུར་བ་མེད་པ་ཆོས་ཀྱི་སྐུ། །རང་བཞིན་མ་འགག་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཐུགས་རྗེའི་རོལ་རྩལ་རྒྱུན་མི་འཆད་པའི་ཕྲིན་ལས་ཡོངས་ཤར་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་རང་རིག་བླ་མ་མཚོ་སྐྱེས་རྡོ་རྗེ་སྙིང་དབུས་རོལ། །དགོངས་པ་ཆོས་ཉིད་ནམ་མཁའི་མཛོད་ཁང་ནས། །ངེས་གསང་གདམས་ཟབ་ནོར་བུའི་གཏེར་ཕྱུངས་ཏེ། །སྐལ་ལྡན་གདུལ་བྱའི་དཔལ་ [2a] དུ་སྣང་མཛད་པ། །རིག་འཛིན་བདུད་འཇོམས་གླིང་པས་བདག་བློ་སྐྱོངས། །དམ་པའི་མན་ངག་ཟབ་དོན་བདུད་རྩིའི་བཅུད། །མཁྱེན་རབ་ཐུགས་ཀྱི་བུམ་པར་ལེགས་གཏམས་ནས། །སྐལ་བ་ཇི་བཞིན་གཞན་ལ་འགྱེད་མཁས་པ། །མཚུངས་མེད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོའི་ཆོས། །ཐུན་མིན་སྙིང་ཐིག་མཐར་ཐུག་ངེས་པའི་དོན། །རྡོ་རྗེ་སྙིང་པོའི་གསེང་ལམ་མན་ངག་ཆེའི། །དོན་འགྲེལ་ཟབ་དོན་སྙིང་པོ་འདི་ན་དབྱེ། །དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པ་ཐེག་བརྒྱད་བློའི་གྲུབ་མཐས་མ་རེག་པས་ཀུན་གྱི་རྩེ་མོར་ཕྱིན་པ་ཡེ་ཤེས་རང་སྣང་བའི་ངོ་བོར་ [2b] སངས་རྒྱས་པའི་རང་བཞིན་དུ་སྟོན་པའི་ཐོད་རྒལ་གྱི་གྲུབ་མཐའ་ཚིག་དང་ཡིད་དཔྱོད་ལ་མི་ལྟོས་པར་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པའི་གདམས་པ་ཟབ་མོ་འདི་ཉིད་གསལ་བར་བྱེད་པ་ལ་དོན་གསུམ་སྟེ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལའང་གསུམ། མཚན་སྨོས་པ། མཆོད་པར་བརྗོད་པ། བརྩམས་པར་དམ་བཅའ་བའོ། །དང་པོ་མཚན་སྨོས་པ་ལའང་གང་ལས་བྱུང་བའི་གཞི། དེ་ལས་བྱུང་བའི་ཆོས་ཀྱི་མཚན་དང་གཉིས་ལས། དང་པོ་གང་ལས་བྱུང་བའི་གཞི་ནི། མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས། ཞེས་པའི་སྤྱིར་ན་སྒྲ་ཡི་ཚུལ་ལ་སྒྲ་གཅིག་དོན་མང་པོར་འཇུག་པ་སོགས་མཐའ་ཡས་པ་འདི་ཞེས་མཚོན་དུ་མི་བཏུབས་ཀྱང་དྲང་ཐད་དུ་བསྒྱུར་ན། མ་ཧཱ་ནི་ཆེན་པོ། ཨ་ཏི་ནི་ཤིན་ཏུ། ཡོ་ག་ནི་ཐེག་པའི་ཚུལ་དུ་འཇུག་སྟེ། གོང་འོག་མཚམས་སྦྱར་ན། ཡོ་ག་ལ་སོགས་པ་ཐེག་པ་འོག་མ་མཚན་བཅས་ཀྱི་ཆ་ཐམས་ཅད་ལས་རྣམ་པར་གྲོལ་བ་མཚན་མེད་ཤིན་ཏུ་རྣལ་འབྱོར་ཐེག་བརྒྱད་བློའི་གྲུབ་མཐའ་ལས་འདས་པས་ཀུན་གྱི་རྩེ་མོའམ་ཆེན་པོར་གྱུར་པ་སངས་རྒྱས་པའི་ལམ་ཐམས་ཅད་འདིར་རྫོགས་ཤིང་འདིར་བགྲོད་བྱེད་ཀྱི་ཆ་རྐྱེན་དུ་གྱུར་ [3a] པས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཕུན་སུམ་ཚོགས་པ་འདི་ཉིད་བསླབ་པ་དང་སྦྱངས་པའི་རིམ་པ་ལ་མ་ལྟོས་པར་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་གྱུར་ཏེ་ཐུགས་རྒྱུད་དགོངས་པའི་དབྱིངས་ནས་རང་རྡོལ་དུ་བྱུང་བའོ། །གཉིས་པ་དེ་ལས་བྱུང་བའི་ཆོས་ཀྱི་མཚན་ནི། ཟབ་གསང་རྫོགས་པ་ཆེན་པོའི་ཡང་ཟབ་བཅུད་ཀྱི་དྭངས་མ་མྱུར་ལམ་འཕོ་བ་ཆེན་པོའི་གདམས་པ་མ་བསྒོམ་སངས་རྒྱས་བཞུགས་སོ༔ ཞེས་པ་སྟེ། དེ་ཡང་ཤིན་ཏུ་གཏིང་ཟབ་ཅིང་རྒྱ་ཆེ་ལ་གསང་བ་ཟབ་མོ་གཉིས་དང་ལྡན་པའི་ཆོས་ནི་རྫོགས་པ་ཆེན་པོ་སྟེ། དེ་ལ་ཡང་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཡོད་པ་ལས་འདིར་ཕྱི་མ་ཕྱི་མའི་ཡང་ཟབ་བཅུད་ཀྱི་དྭངས་མ་ལམ་གཞན་ལས་ཁྱད་པར་འཕགས་པ་ཚེ་གཅིག་གིས་ནང་དབྱིངས་གཞོན་ནུ་བུམ་སྐུར་གྲོལ་བའི་མྱུར་ལམ། མ་དག་སྙིགས་མའི་སྣང་བ་དྭངས་མ་འོད་གསལ་ཆེན་པོར་བཙན་ཐབས་སུ་འཕོ་བ་ལས་གཞན་པའི་བསྒོམ་རྒྱུ་རྡུལ་ཙམ་ཡང་མེད་པར་ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་གདམས་པ་ཁྱད་པར་ཅན་དེ་ལྟ་བུ་ཞིག་འདི་ན་ཡོད་ཅེས་པའོ། །གཉིས་པ་མཆོད་པར་བརྗོད་པ་ནི། རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ སྒྱུ་འཕྲུལ་རོལ་པར་རང་ཤར་བའི༔ ཞི་ཁྲོ་རྡོ་ [3b] རྗེ་དབྱིངས་ཀྱི་ལྷར༔ མི་ཕྱེད་དད་པས་གུས་ཕྱག་འཚལ༔ ཞེས་པ་སྟེ། རྒྱུད་གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་དང་། གཞན་ཡང་། བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །ཞེས་པ་ལྟར་རང་ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཉིད། ཕུང་ཁམས་གཤེགས་པ་གཤེགས་མ། དབང་ཡུལ་སེམས་དཔའ་སེམས་མ། ཡན་ལག་སྒོ་སྐྱོང་ཕོ་མོ་སོགས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་རང་བཞིན་ཏེ། དེ་ཡང་འཕྲལ་དང་སླད་ཀྱིས་བྱུང་བ་མ་ཡིན་པར་ཡེ་ཤེས་སྒྱུ་འཕྲུལ་གྱི་རོལ་པ་ཡེ་ནས་རང་བྱུང་རང་ཤར་དུ་གནས་པའི་ཚུལ། ཨོ་རྒྱན་ཆེན་པོས། ཡེ་ནས་རྒྱལ་བའི་དཀྱིལ་འཁོར་སྟེ། །རྩ་ཁམས་ལུས་ཀྱི་གཞལ་ཡས་སུ། །རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ལྷ། །མ་བཙལ་ལྷུན་གྱིས་གྲུབ་པའོ། །ཞེས་གསུངས། དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡེ་སངས་རྒྱས་པའི་བདག་ཉིད་ཅན་དང་། སོ་སོ་རང་རིག་པའི་ཡེ་ཤེས་གཉིས་དབྱེར་མེད་རོ་གཅིག་ཏུ་ཤེས་པ་ནི་བླ་ན་མེད་པའི་ཕྱག་འཚལ་བ་སྟེ། རིམ་ལྔ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ཉིད་ལ་ནི་མར་ [4a] བཞག་ལྟར། །རང་གི་ངང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་བརྩམ་པར་དམ་བཅའ་བ་ནི། ཨྸགྒནྼསྨརྒྱནྡ་རྒྱ་རྒྱརྒྱ༔ བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ ཚེ་སྔོན་ཚོགས་སྨོན་ལས་འཕྲོ་དུས་འཛོམས་པའི༔ སྐལ་བཟང་སྐྱེས་བུ་ཁོ་ནའི་སྐལ་བ་རུ༔ མྱུར་ལམ་འཕོ་ཆེན་གདམས་པ་འདི་བསྟན་བྱ༔ ཞེས་པ་སྟེ། རང་སྣང་གི་སྟོན་པ་བདག་འདྲ་ཀུན་བཟང་མཚོ་སྐྱེས་རྡོ་རྗེའམ་རིག་འཛིན་རྡོ་རྗེ་གཤོག་རྒོད་རྩལ་གྱིས། ཚེ་རབས་ཐོག་མ་མེད་པའི་སྔོན་རོལ་ནས་ཚོགས་རྒྱ་ཆེན་པོས་བསགས་ཤིང་སྨོན་ལམ་རྒྱ་ཆེན་པོ་བཏབ་སྟེ་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་ལ་ལས་འབྲེལ་བཞག་སྟེ་སྔོན་སྦྱངས་ཀྱི་ལས་འཕྲོ་སད་པའི་སྐྱེས་བུ་སྐལ་བ་བཟང་པོ་ཁོ་ནའི་སྤྱོད་ཡུལ་དུ། གྲངས་མེད་གསུམ་སོགས་ཡུན་རིང་ལ་མ་ལྟོས་པར་ཚེ་ལུས་གཅིག་གིས་མངོན་འཚང་རྒྱ་བའི་མྱུར་ལམ་འཕོ་བ་ཆེན་པོའི་གདམས་པ་འདི་ཉིད་བསྟན་པར་བྱའོ། །དེ་ལ་བསྟན་བྱའི་ཡུལ་གྱི་མཚན་ཉིད་ནི། དད་པ་དང་སྙིང་རྗེ་ཆེ་བ། བློ་བརྟན་ཅིང་སྒྲུབ་པ་ལ་བརྩོན་པ། ཤེས་རབ་དང་དག་སྣང་ཆེ་བ། ཉོན་མོངས་དང་ལོག་རྟོག་ཆུང་བ། ཁོག་ཡངས་ཤིང་གཞུང་བཟང་བ། གསང་ [4b] ཐུབ་ཅིང་ངང་ཚུལ་བཟང་བ། ཟོལ་ཟོག་མེད་ཅིང་སྙིང་རུས་ཆེ་བ། བླ་མ་ལ་གུས་པས་བཀའ་བཞིན་དུ་བསྒྲུབ་པ། འཇིག་རྟེན་ལ་ཞེན་པ་ལོག་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པ་སྟེ། རིག་པ་རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཅིང་སྒྲུབ་ལ་བརྩོན། །ཞེས་གསུངས་པ་ལྟར་སྣོད་དང་ལྡན་པའི་སློབ་མ་དེ་ལྟ་བུ་རྣམས་ལ་ནི་གདམས་པ་ཟབ་མོ་སྦྱིན་པར་བྱ་ཞིང་། དེ་ལས་ལོག་པ་སྣོད་ངན་གྱི་མཚན་ཉིད་ནི། དྲིན་མི་བཟོ་ཞིང་ཤེས་རིག་ཆུང་བ། གསར་ངེས་དང་ཁ་གསག་ཆེ་བ། མདུན་དུ་བསྟོད་ཅིང་ལྐོག་ཏུ་གཤེ་བ། ཁ་མཁས་ཤིང་ལག་དམ་པ། བཟང་ཆུང་ཞིང་གཡོ་སྒྱུ་ཆེ་བ། བླ་མའི་བཀའ་གཅོག་ཅིང་བསྒོ་བ་ལ་མི་ཉན་པ། ཡོན་ཏན་མི་མཐོང་ཞིང་སྐྱོན་ལ་རྟོག་པ། དབྱེན་གཅུག་དང་ཕྲ་མ་ལ་དགའ་བ། རང་བསྟོད་དང་བྱས་ཡུས་རྩོད་པ། རིགས་རྒྱུད་དང་སྤྱོད་པ་ངན་པ། སྡོམ་པ་དང་དམ་ཚིག་འཆལ་བ། མཐོང་ན་སྐྱུག་ལོག་ཅིང་འགྲོགས་ན་ཞེ་སུན་པ་སྟེ། ཀློང་གསལ་ལས། སྣོད་དང་མི་ལྡན་སློབ་མ་ནི། །ཤེས་ཆུང་ཁ་གསག་གདོང་ལྟས་ཆེ། །མ་མཁས་ལག་དམ་གཡོ་སྒྱུ་ཆེ། །བླ་མའི་ [5a] གསུངས་གཅོག་དྲིན་ལ་རྩོད། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོག །རིགས་བརྒྱུད་ངང་རྒྱུད་ངན་པ་དང་། །བཀའ་དྲིན་ཁྱད་གསོད་རང་ལ་བསྟོད། །སྡོམ་དང་དམ་ཚིག་ཉམས་ལེན་འཆལ། །སློབ་མ་མ་བརྟག་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དབང་པོ་ནི། །དོན་དམ་གདམས་པ་བསྟན་མི་བྱ། །ཞེས་སོགས་གསུངས་པ་ལྟར་ངེས་པར་སྤང་ཞིང་གདམས་པའི་མི་བསྟན་པ་ཉིད་དེ། གལ་ཏེ་བསྟན་ན་གདམས་པ་འཆལ་ནས་བྱིན་རླབས་ཆུང་དུ་འགྲོ་ཞིང་མཁའ་འགྲོའི་བཀའ་ཆད་འབྱུང་སྟེ་མཐར་ཐུག་དམྱལ་བར་འགྲོ་བའི་ཚུལ། ཀློང་གསལ་ལས། ཡང་གསང་བཅུད་ཀྱི་བདུད་རྩི་ནི། །སྣོད་ངན་རྣམས་སུ་བླུགས་གྱུར་ན། །སྣོད་འཆག་བཅུད་འབོ་དམྱལ་བར་འགྲོ། །ཞེས་སོ། །དེས་ན་སྣོད་མིན་ལོག་ལྟ་ཅན་རྣམས་ལ་ནི་གདམས་པ་དངོས་སུ་སྤེལ་བ་ལྟ་ཅི། ཐ་ན་རླུང་ཕྱོགས་ཙམ་ཡང་བསྒྲག་ཏུ་མི་རུང་བ་སོགས་ཤུགས་ཀྱིས་བསྟན་པ་ཡིན་ནོ། །གཉིས་པ་བར་དུ་དགེ་བ་བགཞུང་གི་དོན་ལ་གཉིས། སྔོན་དུ་འགྲོ་བའི་ཆོས་དང་། དངོས་གཞིའི་རིམ་པའོ། །དང་པོ་སྔོན་དུ་འགྲོ་བའི་ཆོས་ལའང་གཉིས། སྤྱིའི་སྔོན་འགྲོ་དང་། བྱེ་བྲག་གི་སྔོན་འགྲོའོ། །དང་པོ་སྤྱིའི་སྔོན་འགྲོ་ནི། སྒོ་འདི་ཉམས་སུ་ [5b] ལེན་པའི་སྐྱེས་བུ་ཡིས༔ འཁོར་འདས་སྟོང་ཉིད་ཆེན་པོར་འུབ་ཆུབ་པའི༔ རོལ་པ་ཆེན་པོར་མངའ་དབང་བསྒྱུར་བ་དང་༔ ཇི་ལྟ་ཇི་སྙེད་ཤེས་རབ་ཆེན་པོ་ཡིས༔ གནས་ལུགས་ཡིན་ལུགས་མངོན་བྱེད་བརྟན་ཐོབ་མཐར༔ ཞེས་པ་སྟེ། དེ་ལ་སྒོ་འདི་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ཀྱིས་འདི་ལྟར་གཏན་ལ་ཕབ་དགོས་ཏེ། དང་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མིང་མེད་པ་ལ་མིང་དུ་བཏགས། དངོས་པོ་མེད་པ་ལ་དངོས་པོར་བཟུང་། ཕན་གནོད་མེད་པ་ལ་ཕན་གནོད་དུ་སྣང་ཞིང་། རེ་དོགས་ཀྱི་བློ་རྒྱུན་ཆད་མེད་པར་སྐྱེས་ཏེ་གཟུང་བའི་ཡུལ་དུ་འཁྲུལ་པའི་ཚུལ་ནི། དཔེར་ན་རྨི་ལམ་དུ་བདེ་སྡུག་དང་འཇིགས་སྐྲག་ལ་སོགས་ཇི་ཙམ་རྨིས་ཀྱང་ཉིང་འཁྲུལ་གྱི་སྣང་བ་ལས་གཅིག་ཀྱང་མི་བདེན། མི་བདེན་བཞིན་དུ་རྨི་ལམ་ཉིད་རྨི་ལམ་དུ་ངོ་མ་ཤེས་པས་བདེ་སྡུག་ལ་སོགས་པ་མྱོང་བ་ལྟར། ད་ལྟའི་སྣང་བ་འདི་དག་ཀྱང་མི་བདེན་བཞིན་དུ་རང་སེམས་འཁྲུལ་པའི་སྣང་ངོར་ཤར་བ་ལས་གཞན་དུ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད། ནང་འཛིན་བྱེད་ཀྱི་སེམས་དེ་ཡང་བདེན་པར་གྲུབ་བམ་སྙམ་ནམ་ཡིན་ཏེ། དང་པོ་བྱུང་བའི་ཁུང་། བར་དུ་གནས་པའི་ས། ཐ་མ་འགྲོ་བའི་ཡུལ་ལས་འདས་པའོ། །སེམས་ཞེས་བྱ་བ་དོན་ལ་རྣམ་རྟོག་ཝལ་གྱིས་ [6a] ཤར་ནས་སང་གིས་ཡལ་སྙམ་བྱེད་པ་འདི་མ་གཏོགས་ཅི་ཡང་མེད་དེ། དཔེར་ན་ནམ་མཁའི་སྟོང་པའི་ངང་ལས་སྤྲིན་ཐོལ་གྱིས་ཤར། འདི་སོང་མེད་པ་སྟོང་པའི་ངང་དུ་ཡལ་བ་ལྟར་གནས་ལུགས་སྟོང་པའི་ངང་ལས་རྣམ་རྟོག་གི་འགྱུ་བ་ཤར། འགྱུ་བ་དེ་ཉིད་སྟོང་པའི་ངང་དུ་རང་ཡལ་དུ་སོང་བ་ལ་སྐྱེ་འགག་གྲངས་སུ་བཏབ་པས་ཐམས་ཅད་འཁྲུལ། སྟོང་པ་ཅི་ཡང་མེད་པ་ལ་ཐོལ་སྐྱེས་ཀྱི་ཤེས་པ་སྐད་ཅིག་མས་ངའམ་བདག་ཏུ་འཛིན་པ་ལས་གང་ཟག་གི་བདག་བྱུང་བའོ། །དེས་ན་དེ་དག་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ནས་སྟོང་ཉིད་ཆེན་པོ་གཅིག་གི་རོལ་པར་འུབ་ཏུ་འདུས་ཤིང་ཡོངས་སུ་ཆུབ་པ། དཔེར་ན་སྣོད་བཅུད་ནམ་མཁའ་གཅིག་གི་རོལ་པ་བཞིན་དུ་སྟོང་ཉིད་ཆེན་པོ་གཅིག་གི་རོལ་པར་མངའ་དབང་བསྒྱུར་བ་ནི་ཇི་ལྟར་བ་མཁྱེན་པའི་ཤེས་རབ་དང་། དེའི་གནས་ལུགས་དང་ཡིན་ལུགས་མངོན་དུ་གྱུར་བ་ནི་ཇི་སྙེད་པ་གཟིགས་པའི་ཤེས་རབ་སྟེ། ཤེས་རབ་དེ་གཉིས་རྒྱུད་ལ་བརྟན་པ་ནི་ཤིན་ཏུ་གལ་ཆེའོ། །གཉིས་པ་བྱེ་བྲག་གི་སྔོན་འགྲོ་ལ་གཉིས། སྦྱོར་བ་གནས་ཀྱི་གནད་དང་། རུ་ཤན་དངོས་ལ་འཇུག་པའོ། །དང་པོ་སྦྱོར་བ་གནས་ཀྱི་གནད་ནི། སྒོ་གསུམ་མངོན་ཞེན་ལྡོག་ཕྱིར་དབེན་པའི་ས༔ མི་ཡི་རྒྱུ་འགྲུལ་མཐོང་ཚོར་ [6b] མེད་པ་རུ༔ ཕྱིན་ཏེ་སྡེ་བརྒྱད་ཟོ་དོར་དྲེགས་པ་ཅན༔ བདེན་པའི་སྟོབས་དང་སྔགས་དང་ཕྱག་རྒྱས་བ་ཀུག༔ སྐྱེམས་དང་གཏོར་མ་འདོད་རྒུར་བསྒྱུར་ཏེ་ཕུལ༔ འགལ་རྐྱེན་བཟློག་ཅིང་མཐུན་རྐྱེན་བསྒྲུབ་པ་དང་༔ ས་ལམ་བར་ཆད་སེལ་བའི་གྲོགས་སུ་བསྐུལ༔ གླུད་དང་ལན་ཆགས་འབྲས་ཆན་བཏང་ནས་སུ༔ བགེགས་དང་ལོག་འདྲེན་བར་ཆད་བསྐྲད་བྱས་ཏེ༔ བསྲུང་བའི་འཁོར་ལོ་རིམ་པ་ལྔ་རུ་བསྐྱེད༔ ཞེས་པ་སྟེ། ལས་དང་བག་ཆགས་ཀྱིས་བསྐྱེད་པའི་སྒོ་གསུམ་གྱི་བྱ་བར་མངོན་ཞེན་ལྡོག་པ་དང་། གསང་སྔགས་ཀྱི་སྤྱོད་པ་ཟབ་མོ་གསང་ཐབས་སུ་སྦྱང་ཕྱིར་མི་སོགས་གཞན་གྱི་རྒྱུ་འགྲུལ་དང་མཐོང་ཚོར་མེད་པའི་གནས་དབེན་པར་ཕྱིན་ཏེ། ཡུལ་དེའི་སྡེ་བརྒྱད་ཟོ་དོར་དྲེགས་པ་ཅན་རྣམས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པའི་སྟོབས་ཀྱིས་བཀུག་ནས། སྐྱེམས་དང་གཏོར་མ་སྦྱངས་སྤེལ་བསྒྱུར་གསུམ་གྱི་སྒོ་ནས་འདོད་རྒུར་སྤྲུལ་ཏེ། དེ་དག་གི་དབང་པོ་དྲུག་ཆུ་སྣོད་ལྟ་བུ་དབྱིངས་སུ་མ་ཞིག་གི་བར་དུ་འདོད་ཡོན་གྱི་ལོངས་སྤྱོད་གཟའ་སྐར་མཆེད་པ་ལྟར་རྒྱུན་མི་འཆད་པའི་རང་བཞིན་དུ་དམིགས་ནས་ཕུལ་བས། གྱ་ཚོམ་གྱི་སྤྱོད་པ་ལ་ཀོ་ལོང་དང་ཕྲག་དོག་མི་བྱེད་པར་འགལ་རྐྱེན་ཐམས་ཅད་བཟློག་ཅིང་མཐུན་རྐྱེན་བསྒྲུབ་པ་དང་ས་ལམ་གྱི་བར་ཆད་སེལ་བའི་གྲོགས་སུ་བསྐུལ་ཏེ་ [7a] ཕྲིན་ལས་བཅོལ། གང་དག་དཀར་པོ་དགེ་བའི་ལས་བསྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཀྱི་རིགས་ལ་གླུད་དང་ཆང་བུ་འབྲས་ཆན་སོགས་ཀྱི་ཚིམས་པར་བྱས་ནས་སོ་སོ་རང་རང་གི་གནས་སུ་སོང་ཞིག་ཅེས་བཀའ་བསྒོ། གལ་ཏེ་བཀའ་དང་དམ་ལ་མི་གནས་པ་རྣམས་རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་ཁྲོ་ཆུང་ཐུན་མཚོན་མེ་དཔུང་གི་ཚོགས་སྤྲོས་ཏེ་མཐའི་ལྕགས་རི་ནག་པོའི་རྒྱབ་ཏུ་བསྐྲད། ཚུར་འདུས་ཡེ་ཤེས་ལྔའི་རང་གདངས་ལས་གྲུབ་པའི་སྲུང་བའི་འཁོར་ལོ་རིམ་པ་ལྔའི་ནང་དུ་ཚུད་དེ་གནས་པར་བསམ་མོ། །ལེའུའི་སྐབས་བསྡུ་བ་ནི། དེ་དག་སྔོན་འགྲོའི་རིམ་པའི་ལེའུ་སྟེ་དང་པའོ༔ ས་མ་ཡ༔ གུ་ཧྱ༔ གཉིས་པ་རུ་ཤན་དངོས་ལ་འཇུག་པ་ལ་གསུམ། ཕྱི་ལུས་ཀྱི་རུ་ཤན། ནང་ངག་གི་རུ་ཤན། གསང་བ་ཡིད་ཀྱི་རུ་ཤན་དབྱེ་བའོ། །དང་པོ་ཕྱི་ལུས་ཀྱི་རུ་ཤན་དབྱེ་བ་ལའང་གཉིས། སྤྱིར་རིགས་དྲུག་གི་གནས་སྦྱངས་བྱ་བ་དང་། བྱེ་བྲག་རང་ལུས་རྡོ་རྗེར་སྦྱངས་པའོ། དང་པོ་རིགས་དྲུག་གི་གནས་སྦྱངས་བྱ་བ་ལའང་གཉིས། ཕྱི་འགྲོ་དྲུག་གི་སྐྱེ་གནས་སྦྱང་བ་དང་། ནང་རིགས་དྲུག་གི་ས་བོན་སྦྱངས་པའོ། །དང་པོ་ཕྱི་འགྲོ་དྲུག་གི་སྐྱེ་གནས་སྦྱངས་པ་ལའང་། འགྲོ་དྲུག་གི་སྤྱོད་པ་བྱ་བ། དཀོན་མཆོག་གསུམ་གྱི་ [7b] སྤྱོད་པ་བྱ་བ། ཐ་མ་འབྱོངས་པའི་ཚད་བསྟན་པ་དང་གསུམ་ལས། དང་པོ་འགྲོ་དྲུག་གི་སྤྱོད་པ་བྱ་བ་ནི། དེ་ནས་འཁོར་འདས་རུ་ཤན་འབྱེད་པ་ལ༔ ཕྱི་དང་ནང་དང་གསང་བ་རྣམ་གསུམ་ལས༔ དང་པོ་ཕྱི་ལྟར་རུ་ཤན་དབྱེ་བ་ལ༔ བླ་མ་སྤྱི་བོར་བསྒོམ་ཞིང་དབང་བཞི་བླང་༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད༔ ཚེ་རབས་དུ་མའི་ལས་ངན་བག་ཆགས་ཀྱི༔ རྒྱུ་དང་འབྲས་བུ་སྡུག་བསྔལ་མྱོང་འགྱུར་ཀུན༔ སྦྱངས་ཏེ་རྣམ་མཁྱེན་ས་རུ་བགྲོད་སྙམ་ཞིང༔ དམྱལ་བ་ཡི་དྭགས་དུད་འགྲོ་རྣམ་གསུམ་དང་༔ ལྷ་མིན་ལྷ་དང་མི་དང་རྣམ་པ་གསུམ༔ མས་རིམ་བཞིན་དུ་ཡུལ་དང་སྡུག་བསྔལ་རྣམས༔ ཡིད་ལ་བྱས་ཏེ་སྡུག་བསྔལ་བློ་ཐོག་ཏུ༔ བླང་ཞིང་ལུས་དང་ངག་གི་རྣམ་འགྱུར་གྱིས༔ བྱ་སྤྱོད་རྣམ་པ་སྣ་ཚོགས་རིམ་བཞིན་སྤྱད༔ སླར་ཡང་ཡས་རིམ་དེ་ལྟར་ཡང་ཡང་བསྐྱར༔ དཀའ་ཚེགས་སྐྱོ་ངལ་གཅེས་འཛིན་ཁྱད་བསད་དེ༔ ལུས་ཀྱི་མཆོང་རྒྱུག་འགྲེ་ལྡོག་བྱ་བ་དང་༔ ངག་གི་ཀྭི་བསྭོ་ཅ་ཅོ་སྣ་ཚོགས་དང་༔ ཡིད་ཀྱི་དུག་ལྔ་དུག་གསུམ་རྣམ་རྟོག་ཚོགས༔ བཙན་ཐབས་ཉིད་དུ་སློང་བར་བྱ་བ་སོགས༔ མདོར་ན་ཡིད་ལ་གང་དྲན་སྤྱོད་པ་སྤྱོད༔ ཅེས་པ་སྟེ། དེ་ཡང་ཐལ་འགྱུར་ལས། འཁོར་འདས་རུ་ཤན་ [8a] མ་ཕྱེ་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་བ་ཆོད་པར་མི་འགྱུར་པས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་པས། དང་པོ་ལུས་འདི་མ་རིག་པ་ལས་བསྐྱེད་པས་རྒྱུན་དུ་འཁོར་བར་འཁྱམས་ཏེ། ད་ཕན་ཆད་འཁོར་བར་མི་འཁྱམས་པར་བྱ་བའི་ཕྱིར་ལུས་དང་འཁོར་བ་རུ་ཤན་དབྱེ་བ་ནི། འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །ཅེས་པས་ཐོག་མར་རང་རྒྱུད་ལ་བྱིན་རླབས་འཇུག་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་ཏེ་གསོལ་བ་ཕུར་ཚུགས་སུ་བཏབ་ཅིང་དབང་བཞི་བླངས་ཏེ། ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚེ་རབས་ཐོག་མ་མེད་པའི་དུས་ནས་བསགས་པའི་ལས་དང་བག་ཆགས་རྒྱུ་ཉོན་མོངས་དུག་ལྔ་དུག་གསུམ་གྱིས་བསྐྱེད་པའི་འབྲས་བུ་ངན་སོང་གསུམ་སོགས་སྡུག་བསྔལ་མྱོང་འགྱུར་ཐམས་ཅད་ད་ལྟ་ཉིད་དུ་སྦྱངས་ཏེ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་ས་རུ་བགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྟུང་གི་སྡུག་བསྔལ་རྣམས་རང་གི་རྒྱུད་ཐོག་ཏུ་བསམ་ལ། དེ་དག་གི་བདེ་སྡུག་གི་སྤྱོད་པ་དང་རྣམ་འགྱུར་སོགས་དཀའ་ཚེགས་སྐྱོ་ངལ་ [8b] མེད་པར་བྱ། དེ་བཞིན་དུ་ངག་གིས་ཀྱང་ཐལ་འགྱུར་ལས། མདོར་ན་འགྲོ་བ་དྲུག་གི་སྐད། །སེམས་ཀྱི་དྲན་བསམ་ངག་གིས་བརྗོད། །ཅེས་པ་ལྟར་ཅ་ཅོའི་སྒྲ་སྐད་སྣ་ཚོགས་བླང་དོར་མེད་པར་སྒྲོགས་ཤིང་། ཡིད་ཀྱིས་ཀྱང་། འདས་རྗེས་ལས། ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླངས། །ཞེས་དང་། སངས་རྒྱས་སྲས་གཅིག་ལས། དགའ་དང་མི་དགའ་བདེ་སྡུག་བསྔལ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །དགེ་དང་མི་དགའ་ལ་སོགས་པའི། །བསམ་སྦྱོར་རྣམ་པ་སྣ་ཚོགས་བྱ། །ཞེས་པས་དུག་གསུམ་གྱི་རྣམ་རྟོག་སྣ་ཚོགས་བཙན་ཐབས་སུ་སློང་བར་བྱས་པས་སྒོ་གསུམ་ངལ་དུབ་ཀྱི་རྣམ་པ་ཤར་ཚེ་དེའི་ངོ་བོ་ལ་བལྟ་ཞིང་ངལ་གསོ། ཡང་དེ་ལྟར་ཡས་མས་རིམ་བཞིན་དུ་བསྐྱར་རོ། །གཉིས་པ་དཀོན་མཆོག་གསུམ་གྱི་སྤྱོད་པ་བྱ་བ་ནི། མཐར་ཡང་རང་ཉིད་ཤཱཀྱ་ཐུབ་པར་བསྒོམ༔ ས་གནོན་མཉམ་གཞག་སྐྱིལ་ཀྲུང་གིས་འདུག་སྟེ༔ རིགས་དྲུག་སེམས་ཅན་གཅིག་ཀྱང་མ་ལུས་པ༔ བྱང་སེམས་ཉན་རང་འཁོར་གྱི་རིམ་པར་གྱུར༔ དེ་དག་རང་རང་རྒྱུད་དང་མཐུན་པ་ཡི༔ གང་འདུལ་ཆོས་འཁོར་བསྐོར་བར་བསམ་ནས་སུ༔ ཤེར་ཕྱིན་སྙིང་པོ་ལ་སོགས་འདོན་པར་བྱ༔ ཞེས་པ་སྟེ། འདས་རྗེས་ལས། དཀོན་མཆོག་གསུམ་གྱི་ [9a] སྤྱོད་པ་བྱ། །ཞེས་པས། མཐར་རང་ཉིད་ཤཱཀྱ་ཐུབ་པར་གསལ་ཏེ་ལག་གཉིས་ས་གནོན་དང་མཉམ་གཞག །རྐང་པ་སྐྱིལ་ཀྲུང་གིས་འདུག་སྟེ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཉན་རང་བྱང་སེམས་ཀྱི་ཚོགས་སུ་གྱུར་པ་ལ་རང་རྒྱུད་དང་བསྟུན་པའི་ཆོས་འཁོར་བསྐོར་བར་བསམ་ཞིང་ཤེར་ཕྱིན་སྙིང་པོ་སོགས་འདོན་པར་བྱའོ། །གསུམ་པ་འབྱོངས་པའི་ཚད་བསྟན་པ་ནི། ཁམས་གསུམ་འཁོར་བའི་གནས་ཡུལ་སྣང་བ་ཀུན༔ སྒྱུ་མ་སྨིག་རྒྱུ་རྨི་ལམ་ཇི་བཞིན་དུ༔ ཤེས་ནས་མངོན་ཞེན་ལྡོག་ཚེ་འབྱོངས་པའི་ཚད༔ ཅེས་པ་སྟེ། དེ་ལྟར་འབད་པས་ཁམས་གསུམ་འཁོར་བའི་སྣང་བ་ཐམས་ཅད་སྒྱུ་མ་དང་སྨིག་སྒྱུ་རྨི་ལམ་ལྟ་བུར་ཤེས་ནས་མངོན་ཞེན་ལྡོག་ཚེ་འབྱོངས་པའི་ཚད་ཡིནགཉིས་པ་ནང་རིགས་དྲུག་གི་ས་བོན་སྦྱང་བ་ལ་གསུམ། སྦྱང་གཞི་རིགས་དྲུག་གི་ས་བོན། སྦྱོངས་བྱེད་རྡོ་རྗེའི་འབྲུ་གསུམ། ཐ་མ་འབྱོངས་པའི་རྟགས་བསྟན་པའོ། །དང་པོ་སྦྱང་གཞི་རིགས་དྲུག་གི་ས་བོན་ནི། དེ་ནས་ནང་ལྟར་རུ་ཤན་དབྱེ་བ་ལ༔ སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་དང་༔ རྐང་མཐིལ་རྣམས་སུ་རིམ་པ་བཞིན་དུ་ནི༔ ལྷ་དང་ལྷ་མིན་མི་དང་ [9b] བྱོལ་སོང་དང༔ ཡི་དྭགས་དམྱལ་བའི་ས་བོན་རིམ་པ་བཞིན༔ ཨ་དཀར་སུ་སེར་ནྲི་ལྗང་ཏྲི་དམར་ནག༔ པྲེ་ཡིག་ཐལ་སྐྱ་དུ་ཡིག་ནག་པོ་རྣམས༔ རང་མདོག་བག་ཆགས་ཐིག་ལེའི་ཀློང་དུ་བསྐྱེད༔ འོད་འཕྲོས་འགྲོ་དྲུག་སོ་སོའི་སྡུག་བསྔལ་དང་༔ སྡིག་སྒྲིབ་བག་ཆགས་གནས་ཡུལ་དང་བཅས་པ༔ མ་ལུས་བསྡུས་ཏེ་ས་བོན་རྣམས་ལ་བསྟིམ༔ ཞེས་པ་སྟེ། དེའང་བག་ཆགས་ཀྱི་ལུས་འདི་གྲུབ་ཙམ་ནས་རིགས་དྲུག་ཏུ་འཕེན་བྱེད་ཀྱི་ས་བོན་རྒྱུན་ཆགས་སུ་གནས་པ་དེའི་སྟེང་དུ་ལས་སྔ་མའི་རྗེས་ཆགས་ཤིང་ཕྱི་མ་ཉེ་བར་ལེན་པའི་རྐྱེན་བྱེད་པས་འཆི་བའི་ཚེ་ཡི་གེ་རྩ་ཁམས་དེ་རྣམས་གང་དུ་རླུང་སེམས་འདུས་པ་ལས་དེ་དང་དེར་འཕེན་པར་བྱེད་པའི་ཕྱིར། ད་ལྟ་ལམ་གྱི་གནས་སྐབས་ན་སྦྱོངས་ཚུལ་ཁྱད་དུ་འཕགས་པ་འདི་ནི་བླ་ན་མེད་པའི་ཐེག་པ་འདིའི་ཁྱད་ཆོས་ཡིན་ནོ། །དེ་ལ་དབྱེ་བ་དངོས་ནི། འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །ཞེས་སོ། །ས་བོན་དྲུག་ཇི་ལྟར་གནས་ན། ཀློང་གསལ་ལས། སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་བ་རྐང་མཐིལ་དུ། །ཨ་སུ་ནྲྀ་ཏྲི་པྲེ་དུ་གནས། །ཞེས་པ་ལྟར་རང་གི་ལུས་ཀྱི་སྤྱི་བོར་ཨ་དཀར་པོ་ལ་ལྷའི་བག་ཆགས། མགྲིན་པར་སུ་སེར་པོ་ལ་ལྷ་མ་ཡིན་གྱི་བག་ཆགས། [10a] སྙིང་ག་རྀནྲ་ལྗང་གུ་ལ་མིའི་བག་ཆགས། ལྟེ་བར་ཏྲི་དམར་ནག་ལ་དུད་འགྲོའི་བག་ཆགས། གསང་བར་པྲེ་ཐལ་སྐྱ་ལ་ཡི་དྭགས་ཀྱི་བག་ཆགས། རྐང་མཐིལ་དུ་དུ་ནག་པོ་ལ་དམྱལ་བའི་བག་ཆགས་རྣམས་འདུས་པའི་ངོ་བོ་རང་མདོག་གི་ཐིག་ལེའི་ཀློང་དུ་ཡོད་པར་བསྒོམ། དེ་དག་ལས་འོད་འཕྲོས་པས་འགྲོ་དྲུག་སོ་སོའི་སྡུག་བསྔལ་སྡིག་སྒྲིབ་བག་ཆགས་གནས་ཡུལ་དང་བཅས་པ་ཐམས་ཅད་བསྡུས་ཏེ་ས་བོན་རྣམས་ལ་ཐིམ་པར་བསམ་མོ། །གཉིས་པ་སྦྱོངས་བྱེད་རྡོ་རྗེའི་འབྲུ་གསུམ་ནི། སྦྱོངས་བྱེད་རྡོ་རྗེ་གསུམ་གྱི་ས་བོན་ནི༔ དཔྲལ་བར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ༔ སྙིང་གར་ཧཱུྃ་མཐིང་ལམ་ནི་འོད་འཕྲོས་པས༔ བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀུན༔ བསྡུས་ཏེ་ཡི་གེ་འབྲུ་གསུམ་ལ་ཐིམ་པས༔ འོད་དང་འོད་ཕུང་བསྐལ་པའི་མེ་ལྟར་འབར༔ ས་བོན་དྲུག་པོ་བག་ཆགས་དང་བཅས༔ རྩྭ་སྦུར་ཕྲ་མོར་དུས་མཐའི་མེ་མཆེད་བཞིན༔ རིམ་བཞིན་བསྲེགས་ཏེ་རྗེས་ཤུལ་ལྷག་མེད་དུ༔ སོང་མཐར་འོད་ཕུང་མེ་ཡི་རང་བཞིན་ཅན༔ ཆེར་མཆེད་ཁམས་གསུམ་སྲིད་པ་ཐམས་ཅད་ཀུན༔ སྐུ་གསུམ་མཉམ་བརྡལ་རོལ་པར་བསྲེག་བྱས་ཏེ༔ འཁྲུལ་མི་ཤེས་ [10b] པའི་དབྱིངས་སུ་བརྟན་ཐོབ་བསམ༔ མཐར་ནི་སྤྲོས་པ་བྲལ་བའི་དབྱིངས་སུ་བཞག༔ བསྔོ་བ་དང་ནི་སྨོན་ལམ་རྒྱ་ཡིས་གདབ༔ འབྲུ་གསུམ་རྡོ་རྗེའི་བཟླས་པ་བདུན་འབུམ་བསྐྱལ༔ ཞེས་པ་སྟེ། སྔ་མ་ལས། རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེ་རྩལ་སྦྱང་རུ་ཤན་དབྱེ། །ཞེས་པས། སྦྱོངས་བྱེད་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ་གྱི་རང་བཞིན་ཡི་གེའི་རྣམ་པར་ཤར་བ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། སྙིང་གར་ཧཱུྃ་མཐིང་ནག་རྣམས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་བླ་མ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་ཐམས་ཅད་བསྡུས་ཏེ་འབྲུ་གསུམ་ལ་ཐིམ། འབྲུ་གསུམ་བཟླས་པའི་རྐྱེན་གྱི་དེ་ལས་བྱུང་བའི་འོད་ཟེར་གྱིས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་རྩ་སྦུར་ཕྲ་མོ་ལ་དུས་མཐའི་མེ་མཆེད་པ་ལྟར་ཐུལ་ཐུལ་བསྲེགས་ཏེ་རྗེས་ཤུལ་ལྷག་མ་མེད་པར་སོང་མཐར་འོད་ཕུང་མེ་ཡི་རང་བཞིན་ཅན་དེ་ཉིད་ཆེར་མཆེད་ནས་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ནང་གཡོ་བ་བཅུད་ཀྱི་སེམས་ཅན་བར་འདོད་ཡོན་ལྔ་ཡི་ལོངས་སྤྱོད་རང་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་དངོས་མེད་དུ་བསྲེག་ནས། འདོད་ཁམས་སྤྲུལ་སྐུའི་ [11a] རོལ་པ། གཟུགས་ཁམས་ལོངས་སྐུའི་རོལ་པ། གཟུགས་མེད་ཁམས་ཆོས་སྐུའི་རོལ་པ་སྟེ་སྐུ་གསུམ་མཉམ་བརྡལ་ཆོས་དབྱིངས་འཁྲུལ་མི་ཤེས་པའི་དབྱིངས་སུ་བརྟན་པ་ཐོབ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་འབུམ་ཕྲག་བདུན་བཟླའོ། ཐུན་མཐར་སྤྲོས་དང་བྲལ་བའི་ངང་དུ་མཉམ་པར་བཞག་ཅིང་བསྔོ་སྔོན་བྱའོ། །གསུམ་པ་ཐ་མ་འབྱོངས་པའི་རྟགས་བསྟན་པ་ནི། ནམ་མཁའ་གཡའ་དག་ཉི་ཟླ་ཤར་བ་དང་༔ མཁའ་ལ་འཕུར་དང་དུང་དང་རོལ་མོ་སྒྲོགས༔ ཉམས་དང་རྟོགས་པའི་ཡོན་ཏན་གསར་དུ་སྐྱེ༔ དེ་དག་སྒྲིབ་པ་དག་པའི་ལྟས་སུ་འབྱུང་༔ ཞེས་པ་སྟེ་འབྱོངས་པའི་རྟགས་སུ་ནམ་མཁའ་གཡའ་དག་པ། ཉི་ཟླ་ཤར་བ། མཁའ་ལ་འཕུར་བ། དུང་དང་རོལ་མོ་སྒྲོགས་པ་སོགས་སྒྲིབ་པ་དག་པའི་ལྟས་སྣ་ཚོགས་དངོས་ཉམས་རྨི་ལམ་ཅི་རིགས་པར་འབྱུང་ཞིང་། ཉམས་རྟོགས་ཀྱི་ཡོན་ཏན་གསར་དུ་སྐྱེ་བ་དང་ཐ་མལ་གྱི་འཛིན་ཞེན་ཤུགས་ལ་འདག་པར་གྱུར་ཏེ། ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་དབྱེ་བ། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོངས། །ཞེས་དང་། དེ་ལྟར་ས་བོན་མ་ཟད་ན། །འཁོར་བའི་འབྲེལ་ཐག་ཆོད་མི་འགྱུར། །ཞེས་གསུངས་པས་རྒྱུ་ས་བོན་ཟད་ན་དེས་བསྐྱེད་ཀྱི་འབྲས་བུ་མི་འབྱུང་བ་བཞིན་ [11b] ནོ། །ལེའུའི་སྐབས་བསྡུ་བ་ནི། རུ་ཤན་ནང་ལྟར་དབྱེ་བའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡ༔ གུ་ཧྱ༔ གཉིས་པ་རང་ལུས་རྡོ་རྗེར་སྦྱངས་པ་ལ་གཉིས། རྡོ་རྗེར་སྦྱང་བ་དངོས་དང་། ཕན་ཡོན་བསྟན་པའོ། །དང་པོ་རྡོ་རྗེར་སྦྱང་བ་དངོས་ནི། གསང་བ་ལྟར་དུ་རུ་ཤན་དབྱེ་བ་ལ༔ ལུས་ཀྱི་བྱ་བ་རྡོ་རྗེར་སྦྱང་བ་ནི༔ རང་ལུས་གནམ་ལྕགས་རྡོ་རྗེ་མེ་འབར་བ༔ རྩེ་གསུམ་ཡར་རྩེ་སྐུ་གསུམ་མཚོན་བྱེད་ལ༔ མར་རྩེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ སྐེད་པ་ལྷུན་གྲུབ་ཐབས་ཤེས་ཟུང་འཇུག་མཚོན༔ གསལ་ཞིང་ཐལ་མོ་སྤྱི་བོར་སྦྱར་བྱས་ཏེ༔ གྲུ་མོ་བསྒྲེང་ཞིང་རྐང་མཐིལ་ཁ་སྦྱར་ཏེ༔ པུས་མོ་བསྒྲད་ཅིང་གཞན་དུ་མི་ཡེངས་པར༔ དམིགས་པའི་གནད་ལ་འབད་ཅིང་གསལ་བར་བྱ༔ དཀའ་ཞིང་ངལ་དུབ་སྡོད་མི་ཚུགས་པའི་དུས༔ གན་རྐྱལ་ལོག་སྟེ་སྔར་བཞིན་དམིགས་གསལ་འབད༔ ཙོག་པུར་འདུག་སྟེ་སྔར་བཞིན་ཕྱག་རྒྱ་དང་༔ དམིགས་པའི་གནད་བཟུང་དེ་ལྟར་རེས་མོས་བསྐྱར༔ རྡོ་རྗེ་ཚྭ་ཚྭ་སྐར་ལྟར་འཁྲུགས་པ་ཡིས༔ སྔོན་ལས་འཕྲལ་རྐྱེན་ངན་པའི་རྒྱུས་བསྐྱེད་པའི༔ བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་ཀུན༔ རྡུལ་དུ་བརླག་ཅིང་ཡུལ་མེད་ཆེན་པོར་བསྲེགས༔ ཞེས་པ་སྟེ། ཐལ་འགྱུར་ལས། [12a] རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་པས། དེ་ལ་རྡོ་རྗེའི་སྐྱིལ་ཀྲུང་ནི་རྐང་མཐིལ་གཉིས་སྤྲད་དེ་ལུས་དྲང་པོར་བསྲང་། པུས་མོ་བསྒྲད་ཅིང་གྲུ་མོ་བརྒྱངས་ནས་ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར། སེམས་གཞན་དུ་མི་ཡེངས་པར་རང་ལུས་གནམ་ལྕགས་ཀྱི་རྡོ་རྗེ་སྔོན་པོ་མེ་འབར་བར་བསྒོམ་སྟེ། དེ་ཡང་ཡར་རྩེ་གསུམ་ནི་སྐུ་གསུམ་དང་། མར་རྩེ་གསུམ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཚོན་ཞིང་། སྐེད་པ་གཅིག་ཏུ་འདྲིལ་བ་ཐབས་ཤེས་ཟུང་འཇུག་གི་མཚོན་བྱེད་དུ་ཤེས་པར་བྱའོ། །དེས་དཀའ་ཞིང་སྡོད་མི་ཚུག་པའི་དུས་སུ་མཉམ་པ་ཉིད་ཀྱི་འདུག་སྟངས་གན་རྐྱལ་དུ་ལོག་སྟེ་སྔར་བཞིན་བྱ་བ་དང་། ཡང་མི་འགྱུར་རྡོ་རྗེའི་འདུག་སྟངས་ཙོག་པུར་འདུག་སྟེ་སྔར་བཞིན་ཕྱག་རྒྱ་དང་དམིགས་གསལ་ལ་འབད་པ་རྣམས་རེས་མོས་སུ་བསྐྱར། བར་སྐབས་སུ་རྡོ་རྗེ་ལས་མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲུགས་པས་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་དང་བཅས་པ་རྡུལ་དུ་བརླག་ཅིང་ཡུལ་མེད་ཆེན་པོར་བསྲེགས་པར་བསམ་མོ། །གཉིས་པ་ཕན་ཡོན་བསྟན་པ་ནི། གནད་དེས་ཕྱི་ནང་བར་ཆད་གེགས་སེལ་བྱེད༔ མཐར་ཐུག་ལུས་ཀྱང་སྐུ་ཡི་ [12b] རོལ་པར་འཕོ༔ རྡོ་རྗེར་མཐོང་སྟེ་བགེགས་རྣམས་ཉེ་མི་ནུས༔ ཞེས་པ་སྟེ། དེ་ལྟར་སྦྱངས་པའི་དགོས་པ་གནས་སྐབས་སུ་གདོན་བགེགས་རྣམས་ཀྱིས་རང་ལུས་རྡོ་རྗེ་སྔོན་པོ་མེ་འབར་བར་མཐོང་ནས་ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། མཐར་ཐུག་ལུས་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གོ་འཕོས་པའི་དགོས་པ་ཡོད་དོ། །ལེའུའི་སྐབས་བསྡུ་བ་ནི། ལུས་ཀྱི་རུ་ཤན་དབྱེ་བའི་ལེའུ་སྟེ་བཞི་པའོ༔ ས་མ་ཡ༔ གུ་ཧྱ༔ གཉིས་པ་ནང་ངག་གི་རུ་ཤན་དབྱེ་བ་ལ་བཞི། རྒྱས་གདབ་པ། རྩལ་སྦྱང་བ། མཉེན་བཙལ་བ། ལམ་དུ་གཞུག་པའོ། །དང་པོ་རྒྱས་གདབ་པ་ལའང་། ཕྱི་སྣང་བར་རྒྱས་གདབ་པ་དང་། ནང་ཕུང་པོ་ལ་རྒྱས་གདབ་པ་གཉིས་ལས། དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། དེ་ནས་ངག་སྦྱངས་པའི་རིམ་པ་ནི༔ རང་ཉིད་གསང་བ་ཕྱག་ན་རྡོ་རྗེར་བསྒོམ༔ ལུས་དང་བསྟུན་ཏེ་སྐུ་དང་སྲོག་སྙིང་གི༔ ཁ་དོག་དཀར་སེར་དམར་དང་མཐིང་གར་བསྒོམ༔ དང་པོ་ཕྱི་ཡི་སྣང་བར་རྒྱས་གདབ་པ༔ ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་དཔག་མེད་པ༔ ཁ་ནས་ཐོན་ཏེ་སྣོད་བཅུད་བརྟན་གཡོ་ཀུན༔ ན་བུན་འཐིབ་བཞིན་གང་ནས་མ་ལུས་པ༔ ཐམས་ཅད་ཡི་གེ་ཧཱུྃ་དུ་ཞུ་བསམ་ཞིང་༔ སྐད་ཆེར་སྙན་ལ་རིང་བས་ཧཱུྃ་གླུ་གྱེར༔ ཞེས་པ་སྟེ། དེ་ལ་ཐལ་འགྱུར་ལས། [13a] ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱོངས་ཉིད། །མཉེན་བཙལ་ལམ་དུ་ཞུག་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །ཞེས་པས་དང་པོ་རང་ཉིད་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་སྔ་དྲོ་དཀར་པོ། ཉིན་གུང་སེར་པོ། དགུང་མོ་དམར་པོ། སྲོད་ལ་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁར་ཕྱར་བ་གཡོན་པས་སྦྲུལ་ཞགས་ཐུགས་ཀར་འཛིན་ཅིང་ཞབས་གཉིས་པད་ཟླ་ཉི་མའི་གདན་ལ་གྱད་ཀྱི་འདོར་སྟབས་སུ་འགྱིང་བའི་སྐུ་ལ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པར་གསལ་བའི་ཐུགས་ཀར་པད་ཟླ་ཉི་མའི་གདན་ལ་གནམ་ལྕགས་ཀྱི་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་དུས་དང་བསྟུན་པའི་ཁ་དོག་ཅན་ལས་ཧཱུྃ་ཡིག་དཔག་ཏུ་མེད་པ་འཕྲོས། ཁ་ནས་ཐོན་ཏེ་སྣོད་བཅུད་ཀྱི་ཁམས་ཐམས་ཅད་ན་བུན་འཐིབ་པ་བཞིན་དུ་གང་བར་བསམ་ལ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་སྙན་ལ་རིང་བར་བརྗོད་པས་སྣང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་སོང་བར་བསམ་ཞིང་མ་ཡེངས་པར་བྱའོ། །དེས་ནི་ཕྱི་སྣང་བར་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། སླར་ཡང་རང་གི་ལུས་ལ་རྒྱས་གདབ་ནི༔ བརྟན་གཡོའི་ཧཱུྃ་དུ་གྱུར་པ་ཐམས་ཅད་དང་༔ སྤྲོས་པའི་ཧཱུྃ་རྣམས་ཚུར་འདུས་ཁ་ [13b] ནས་ཞུགས༔ ལུས་གང་ལུས་པོའི་ཧཱུྃ་ཡིག་རྡུལ་ཕྲན་གྱི༔ ཆ་ཙམ་འཚོགས་པའི་ཕུང་པོར་གསལ་ཏེ་གྱེར༔ མཐར་ནི་འཇའ་ཚོན་ནམ་མཁར་ཡལ་ལྟར་བསྡུ༔ ཞེས་པ་སྟེ སླར་ཡང་བརྟན་གཡོ་ཧཱུྃ་དུ་གྱུར་པ་དག་དང་ཕར་འཕྲོས་པའི་ཧཱུྃ་རྣམས་གཅིག་བྱུང་གཉིས་བྱུང་གིས་ཚུར་འདུས། ཁ་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་ཧཱུྃ་ཡིག་རྡུལ་ཕྲན་གྱི་ཆ་ཙམ་ཚོགས་པས་གང་བར་བསམ་ལ། ཧཱུྃ་ཞེས་རིང་བར་བརྗོད་ཅིང་མཐར་འཇའ་ཚོན་ནམ་མཁར་ཡལ་བ་ལྟར་སྤྲོས་པ་དང་བྲལ་བའི་དབྱིངས་སུ་བསྡུའོ། །དེས་ལུས་ཀྱི་འབྱུང་བ་དག་ལྟེ་གདོས་བཅས་ཟག་མེད་དུ་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་རྩལ་སྦྱང་བ་ལ། ཕྱི་སྣང་བ་ལ་རྩལ་སྦྱང་བ་དང་། ནང་ཕུང་པོ་ལ་རྩལ་སྦྱང་བ་གཉིས་ལས། དང་པོ་ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། དེ་ནས་ཕྱི་ཡི་དངོས་པོ་ཐམས་ཅད་ཀུན༔ སྟོང་པར་བཤིག་པའི་རྩལ་ཆེན་སྦྱང་བ་ལ༔ རང་གི་སྙིང་གའི་ཧཱུྃ་མཐིང་ཁྲུ་གང་ཙམ༔ རྣོ་མྱུར་ཤུགས་དང་ལྡན་པ་ཞིག་འཕྲོས་ཏེ༔ མདུན་གྱི་རི་བྲག་ཐོག་རེག་རིམ་བཞིན་དུ༔ ཕྱི་ཐལ་ནང་ཐལ་ཟང་ཐལ་གྱིས་འབིག་ནས༔ གཞན་ཡང་རི་བྲག་དངོས་པོ་ཐོག་རེག་གི༔ རི་ཐང་རྫས་དང་དངོས་པོར་གྲུབ་བོ་ཅོག༔ ཕྱི་ཐལ་ནང་ཐལ་ཕུག་ཅིང་སྟོང་པར་སྦྱངས༔ སྣང་སྲིད་སྟོང་དབྱིངས་ནམ་ [14a] མཁའི་རང་བཞིན་དུ༔ གསལ་བཞིན་ཧཱུྃ་སྒྲ་དྲག་ལ་བཅད་ཐོན་བརྗོད༔ ཅེས་པ་སྟེ། རང་གི་སྙིང་ག་ནས་ཧཱུྃ་མཐིང་ནག་ཁྲུ་གང་བ་རྣོ་མྱུར་གྱི་ཤུགས་དང་ལྡན་པ་ཞིག་འཕྲོས་ཏེ། རི་བྲག་ལ་སོགས་དངོས་པོ་ཐོག་རེག་གི་རྣམ་པ་ཅན་ཕྱི་ཐལ་ནང་ཐལ་གྱིས་ཕུག་ཅིང་སྣང་སྲིད་སྟོང་དབྱིངས་ནམ་མཁའི་རང་བཞིན་དུ་གྱུར་པར་བསམ་ལ་ཧཱུྃ་སྒྲ་དྲག་ལ་བཅད་ཐོན་པར་བརྗོད། དེས་སྣང་བ་བདེན་མེད་དུ་ཤེས་པའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། སླར་ཡང་རང་གི་ལུས་ལ་རྩལ་སྦྱང་བ༔ ཧཱུྃ་དེ་ཚུར་འདུས་ལུས་ཀྱི་ཕྱི་ནང་ཀུན༔ ཕྱི་ཐལ་ནང་ཐལ་སྐོར་ཚེར་མེད་པར་ཕུག༔ མཐར་ནི་སྟོང་གཟུགས་འོད་ཀྱི་ཕུང་པོར་བསྒོམ༔ ཞེས་པ་སྟེ་ཡང་ཧཱུྃ་དེ་ཚུར་བྱུང་རང་གི་ལུས་ཕྱི་ཐལ་ནང་ཐལ་སྐོར་ཚེར་མེད་པར་ཕུག་སྟེ་རྡུལ་ཕྲན་དུ་དག་ནས། མཐར་སྟོང་གཟུགས་འོད་ཀྱི་ཕུང་པོར་གྱུར་པར་བསམ་ལ་ཧཱུྃ་དྲག་ལ་ཐུང་བར་བརྗོད། དེས་ནི་ནང་ཕུང་པོའི་ནད་གདོན་ཞི་བ་དང་ལུས་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། དེ་ནས་མཉེན་བཙལ་མདུན་དུ་ཤིང་བུ་བཙུགས༔ རང་གི་སྙིང་གར་ཧཱུྃ་ཞིག་བསྒོམ་བྱས་ཏེ༔ མེ་ལས་མེ་སྟག་ཆད་པ་ཇི་བཞིན་དུ༔ ཧཱུྃ་ལས་ཧཱུྃ་ཡིག་ལུ་གུ་རྒྱུད་དུ་འབྲེལ༔ ཁ་ [14b] ནས་ཐོན་ཏེ་ཤིང་བུའི་རྩར་སླེབ་ནས༔ གཡས་འཁོར་གྱིས་ནི་སྦྲུལ་འཁྱུད་ལྟར་དཀྲིས་ཏེ༔ ཧཱུྃ་ཡིག་སྔ་མ་དམིགས་རྟེན་རྩེར་ཕྱིན་ལ༔ ཤེས་པ་གཏད་དེ་ཧཱུྃ་གླུ་དལ་གྱིས་བརྗོད༔ སླར་ཡང་ལུགས་སུ་ལྡོག་སྟེ་སྙིང་གར་བསྡུ༔ ཞེས་པ་སྟེ། མདུན་དུ་ཤིང་བུ་ལ་སོགས་པའི་མཚན་མ་བཙུགས་ལ། རང་གི་སྙིང་གར་ཧཱུྃ་མཐིང་ནག་ཞིག་བསྒོམ། དེ་ལས་ཧཱུྃ་དེ་འདྲ་བ་འོད་ཟེར་གྱི་ཐག་པས་སྦྲེལ་བ་མང་པོ་ཁ་ནས་ཐོན་ཏེ་དམིགས་རྟེན་གྱི་རྩ་བ་ནས་སྦྲུལ་འཁྱུད་པ་ལྟར་གཡས་བསྐོར་དུ་དཀྲིས་ཏེ་ཧཱུྃ་ཡིག་སྔ་མ་རྩེ་མོར་འགྲེང་སྟབས་སུ་གནས་པ་ལ་ཤེས་པ་མདུང་ཚུགས་སུ་གཏད་ནས་ཧཱུྃ་གླུ་དལ་བར་སྙན་པའི་དབྱངས་ཀྱིས་བརྗོད། སླར་ཡང་རིམ་བཞིན་བཤིག་ནས་གཅིག་ལ་གཅིག་ཐིམ་གྱི་མཐར་རང་གི་སྙིང་གར་བསྡུས་ཏེ་ངལ་གསོ་བར་བྱའོ། །དེས་ནི་དམིགས་པ་གང་དུའང་བསྒྱུར་བཏུབ་པའི་དགོས་པ་ཡོད་དོ། །བཞི་པ་ལམ་དུ་གཞུག་པ་ནི། དེ་ནས་ལམ་དུ་ཞུགས་པའི་རིམ་ལ༔ རང་ལུས་ཧཱུྃ་ཡིག་མཐོ་གང་ཙམ་དུ་གསལ༔ སྲིན་བུའི་འགྲོས་ཀྱིས་ས་སྟེང་ཀུན་ཏུ་འགྲོ༔ རིགས་དྲུག་གནས་ཉུལ་འོད་ཀྱིས་འགྲོ་ཀུན་བསྒྲལ༔ སླར་ཡང་དཔག་ཆེན་མདའ་འཕང་ཇི་བཞིན་དུ༔ དབུས་ཕྱོགས་སྟུག་པོ་བཀོད་དང་ཤར་མངོན་དགའ༔ ལྷོ་ཕྱོགས་དཔལ་ལྡན་ཞིང་དང་ [15a] ནུབ་བདེ་ཆེན༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ༔ ཕྱིན་ནས་དེ་བཞིན་གཤེགས་པ་རིགས་ལྔ་ལ༔ བསྐོར་བ་བྱ་ཞིང་ཕྱག་འཚལ་མཆོད་པ་འབུལ༔ དབང་ཞུ་ལུང་ནོད་སངས་རྒྱས་ལུང་བསྟན་ཐོབ༔ དེ་དག་ཀུན་ལ་ཧཱུྃ་གླུ་དལ་གྱིས་བརྗོད༔ མཐར་ནི་བསྔོ་བ་སྨོན་ལམ་རྒྱ་ཡིས་བཏབ༔ ཞེས་པ་སྟེ། རང་ལུས་ཧཱུྃ་ཡིག་མཐིང་ག་མཐོ་གང་བ་གཅིག་གསལ་ལ། ཕར་འཁྱོགས་ཚུར་འཁྱོགས་སྲིན་བུའི་འགྲོས་ཀྱིས་མཐོང་ཡུལ་གྱི་རི་ལ་སོགས་པ་ནས་མི་མཐོང་བའི་ས་ཕྱོགས་རིགས་དྲུག་གི་ཡུལ་དང་བཅས་པ་ན་མགྲོན་པོ་དོན་གཉེར་བ་བཞིན་ཞུགས་ནས་ཧཱུྃ་གི་འོད་ཀྱིས་འགྲོ་བའི་སྡུག་བསྔལ་སྦྱངས་ཞིང་འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ། སླར་ཡང་དཔག་ཆེན་གྱི་མདའ་འཕང་བ་བཞིན་དུ་དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་སུ་སངས་རྒྱས་རྣམ་པར་སྣང་མཛད་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་རྡོ་རྗེ་སེམས་དཔའ། ལྷོ་ཕྱོགས་དཔལ་ལྡན་མཛེས་པའི་ཞིང་ཁམས་སུ་རིན་ཆེན་འབྱུང་ལྡན། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྣང་བ་མཐའ་ཡས། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ་བཅོམ་ལྡན་དོན་ཡོད་གྲུབ་པ་བཅས་ཀྱི་མདུན་དུ་ཕྱིན་ཏེ་ཕྱག་དང་བསྐོར་བ་ལན་ [15b] གསུམ་བྱས། མཆོད་པ་ཕུལ་ཏེ་ཟབ་པ་དང་རྒྱ་ཆེ་བའི་དབང་ལུང་ནོད། སངས་རྒྱས་ཀྱི་ལུང་བསྟན་ཐོབ་སྟེ་སླར་ལྡོག་པར་བསམ་ལ་ཧཱུྃ་དལ་ལ་རིང་བར་བརྗོད། མཐར་བསྔོ་སྨོན་གྱི་རྒྱས་གདབ་བོ། །དེས་ནི་ཡུལ་གྱི་བག་ཆགས་སྦྱངས་ཤིང་ཞིང་ཁམས་འབྱོངས་པའི་རྟེན་འབྲེལ་དང་ངག་སྒྲིབ་དག་སྟེ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུར་གྲོལ་བའི་དགོས་པ་ཡོད་དོ། །ལེའུའི་སྐབས་བསྡུ་བ་ནི། དེ་དག་ངག་གི་རུ་ཤན་དབྱེ་བའི་ལེའུ་སྟེ་ལྔ་པའོ༔ ས་མ་ཡ༔ གུ་ཧྱ༔ གསུམ་པ་གསང་བ་ཡིད་ཀྱི་རུ་ཤན་དབྱེ་བ་ལ་གསུམ། རྣལ་དུ་དབབ་པ། སོར་གཞུག་པ། ཡོན་ཏན་བསྟན་པའོ། །དང་པོ་རྣལ་དུ་དབབ་པ་ནི། ཡིད་ཀྱི་རུ་ཤན་དབྱེ་བའི་རིམ་པ་ལ༔ མི་ཡི་རྒྱུ་འགྲུལ་མེད་པའི་གནས་དབེན་པར༔ ལུས་ནི་དུར་ཁྲོད་མི་རོ་ལྟ་བུ་རུ༔ གཡོ་འགུལ་མེད་པར་ཅི་བདེར་གནས་པ་དང༔ ངག་ནི་ལྐུག་པ་ལྟ་བུར་ཇི་བཞིན་དུ༔ སྨྲ་བརྗོད་བཟླས་པ་ཐམས་ཅད་སྤངས་ནས་བཞག༔ སེམས་ནི་སྤྲིན་མེད་ནམ་མཁའ་ཇི་བཞིན་དུ༔ བཅས་བཅོས་མེད་པར་ལྷོད་དེ་ཤིག་གེར་བཞག༔ ཅེས་པ་སྟེ། སྒྲོན་མེ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེ་ནས་ནི། །ལུས་ངག་ཡིད་གསུམ་རྣལ་དུ་དབབ། །ཅེས་དང་འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་དབབ་ [16a] ལ་མཁས་པར་བྱ། །ཞེས་པས་དེའང་ལུས་ཀྱི་གནད་བཟང་ངན་བླང་དོར་ལས་འདས་པ་དུར་ཁྲོད་ཀྱི་མི་རོ་བཞིན་དུ་ཅི་བདེར་བཞག །ངག་སྨྲ་བརྗོད་བཟླས་པ་ཐམས་ཅད་སྤངས་ཏེ་ལྐུག་པ་ལྟར་བཞག །ཡིད་དྲན་བསམ་ཐམས་ཅད་བཀག་ལ་བཅས་བཅོས་མེད་པར་སྤྲིན་མེད་ཀྱི་ནམ་མཁའ་ལྟར་ལྷོད་དེ་ཤིག་གེར་འཇོག་པ་སྟེ་བྱ་བ་དང་བྱེད་པ་མེད་པའི་ངང་དུ་གནས་པའོ། །དེའང་ལུས་རྣལ་དུ་ཕེབས་པས་མི་འགུལ། ངག་རྣལ་དུ་ཕེབས་པས་སྨྲ་མི་འདོད། ཡིད་རྣལ་དུ་ཕེབས་པས་འཕྲོ་འདུའི་རྟོག་པ་རང་སར་ཞི་བའོ། །དེས་ནི་འབྱུང་བ་མི་འཁྲུགས་ཤིང་ནད་རྐྱེན་མི་འབྱུང་བས་རང་བཞིན་གྱི་བསམ་གཏན་ལ་གནས་པའི་དགོས་པ་ཡོད་དོ། །གཉིས་པ་སོར་གཞུག་པ་ནི། དེ་མཐར་རྣམ་སྣང་མཛད་ཀྱི་ཆོས་བདུན་ནས༔ ལྟ་སྟངས་སྣ་རྩེར་ཕབ་སྟེ་སྡོད་པ་དང་༔ སླར་ཡང་སྐྱིལ་ཀྲུང་དང་བཅས་མཉམ་གཞག་སྟེ༔ མིག་ནི་བར་སྣང་ཁམས་སུ་ཧ་རེ་བལྟ༔ དེ་ནས་ལངས་ཏེ་གྱད་ཀྱི་འདོར་སྟབས་བསྒྲད༔ སྡིགས་མཛུབ་སྟེང་གི་ནམ་མཁར་འཕང་ནས་སུ༔ ཤེས་པ་ནམ་མཁར་མདུང་ཚུགས་ཀྱིས་གཏད་དེ༔ ཧཱུྃ་སྒྲ་བསྒྲགས་ཤིང་མིག་ཀྱང་ནམ་མཁར་བསྒྲད༔ ཡང་གཅིག་སྡིགས་མཛུབ་གཡོན་གྱི་ནམ་ [16b] མཁར་འཕང་༔ མིག་དང་ཤེས་པ་མཁའ་གཏད་རུ་ལུ་བསྒྲགས༔ དེ་བཞིན་སྔོན་འགྲོའི་སྤྱོད་པ་ཐམས་ཅད་ཀུན༔ ཞག་གྲངས་བརྒྱད་བཅུར་གནད་དུ་བསྣུན་ཏེ་བྱ༔ ཞེས་པ་སྟེ། དེའང་འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །དེས་ནི་གསུམ་པོ་སོར་ཆུད་ནས། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། །ཞེས་པས་དང་པོ་ཉན་ཐོས་ཀྱི་ལྟ་སྟངས་ནི། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལག་པ་ཁུ་ཚུར་བརླ་སྟེང་དུ་བཞག །རྒལ་ཚིག་དྲང་པོར་བསྲངས། དཔུང་པ་རྒོད་གཤོག་ལྟར་བརྒྱངས། ལྕེ་ཡ་རྐན་ལ་སྦྱར། མགྲིན་པ་ལྕགས་ཀྱུ་ལྟར་དགུག །མིག་སྣ་རྩེའི་ཐད་ཀྱི་ནམ་མཁར་གདངས་ཟུམ་མཉམ་པར་བཞག་པ་ནི་རྣམ་སྣང་གི་ཆོས་བདུན་ཞེས་བྱ་བ་ཡིན་ལ། དེ་ཉིད་ཧ་ཅང་བསྡམ་མ་དྲག་པ་དང་ལྷོད་མ་དྲག་པའི་རན་པར་བཅའ་ཞིང་རྟོག་པ་བཟོ་མི་འཆོས་པར་བཞག་གོ ། དེ་སྐད་དུ་ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས་ནི། སྐྱིལ་ཀྲུང་དང་བཅས་མིག་བར་སྣང་ལ་ཧད་པོར་བལྟ་ཞིང་སེམས་གང་དུ་ཡང་མི་གཡོ་བ་སྟེ། དེ་ཉིད་ལས། བོ་དྷི་ས་ཏྭའི་ལྟ་སྟངས་ཀྱིས། །རྣལ་ཕེབས་བདེ་བ་ [17a] ཉིད་ཐོབ་འགྱུར། །ཞེས་སོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ནི། ལངས་ཏེ་རྐང་པ་གྱད་ཀྱི་འདོར་སྟབས་སུ་བསྒྲད། སྡིགས་མཛུབ་སྟེང་གི་ནམ་མཁའ་ལ་འཕང་། མིག་དང་ཤེས་པ་མདུང་ཚུགས་སུ་གཏད་དེ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་དྲག་ལ་ཐུང་བར་བརྗོད། ཡང་སྡིགས་མཛུབ་སོགས་གོ་ལྡོག་ཏེ་ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཞེས་དྲག་པོར་བརྗོད་ལ་སྣང་བའི་རྫུན་ཕུག་བརྡིབ་པའི་བརྟུལ་ཞུགས་ལ་རྩལ་སྦྱངས་ཤིང་སེམས་སྤྲོས་པ་དང་བྲལ་བར་བཞག་གོ ། དེ་སྐད་དུ་ཀློང་གསལ་ལས། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། །ཅེས་ཉན་ཐོས་ཀྱི་ལྟ་སྟངས་ཀྱིས་ལུས་ངག་ཡིད་གསུམ་མི་གནས་པ་གནས་པར་བྱེད། བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱེད། ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱེད་དོ། །དེ་ལྟར་སྔོན་འགྲོའི་སྤྱོད་པ་ཐམས་ཅད་ཞག་གྲངས་བརྒྱད་ཅུ་སོགས་ལ་བསྣུན་པ་གནད་དམ་པའོ། །གསུམ་པ་ཡོན་ཏན་བསྟན་པ་ནི། དེ་མཐུས་གནས་སྐབས་བར་ཆད་གེགས་སེལ་ཞིང་༔ མཐར་ཐུག་སྒོ་གསུམ་མ་དག་སྐྱོན་བྲལ་ནས༔ རྡོ་རྗེ་གསུམ་གྱི་རོལ་པར་སྨིན་གྲོལ་བྱེད༔ ཅེས་པ་སྟེ། དེ་ལྟར་སྦྱངས་པའི་དགོས་པ་གནས་སྐབས་སུ་གེགས་དང་བར་ཆད་ཐམས་ཅད་སེལ་ཞིང་། མཐར་ [17b] ཐུག་སྒོ་གསུམ་མ་དག་པའི་སྐྱོན་དང་བྲལ་ཏེ་དག་པ་རྡོ་རྗེ་གསུམ་གྱི་རོལ་པར་སྨིན་ཅིང་གྲོལ་བར་བྱེད་དོ། །ལེའུའི་སྐབས་བསྡུ་བ་ནི། ཡིད་ཀྱི་རུ་ཤན་དབྱེ་བའི་ལེའུ་སྟེ་དྲུག་པའོ༔ ས་མ་ཡ༔ གུ་ཧྱ༔ གཉིས་པ་དངོས་གཞིའི་རིམ་པ་ཉམས་སུ་ལེན་ཚུལ་ལ་དྲུག །སྒོ་གསུམ་གྱི་གནད་གཟིར་བ། གནད་གསུམ་གྱིས་འོད་གསལ་བལྟ་བ། སྒྲོན་མའི་རྣམ་པར་བཞག་པ། ཇི་ལྟར་ཉམས་སུ་ལེན་ཚུལ། ལམ་རྟགས་སྣང་བཞིའི་ས་མཚམས། མཐའ་རྟེན་གྱི་མན་ངག་བསྟན་པའོ། །དང་པོ་སྒོ་གསུམ་གྱི་གནད་གཟིར་བ་ལའང་། ལུས་ཀྱི་གནད། ངག་གི་གནད། ཡིད་ཀྱི་གནད་དང་གསུམ་ལས། དང་པོ་ལུས་ཀྱི་གནད་ནི། དངོས་གཞིའི་ཉམས་སུ་ལེན་པའི་རིམ་པ་ལ༔ འདུག་སྟངས་རྣམ་པ་གསུམ་གྱི་གནད་མཆིས་པའི༔ ཞེས་པ་སྟེ། དང་པོ་ལུས་འདུག་སྟངས་ཀྱི་ཆིངས་ཀྱིས་མ་བཅིང་ན་དབྱིངས་དང་ཐིག་ལེ་རླུང་གི་ཆ་དང་བཅས་པ་ལུས་ཀྱི་རྩ་ཁམས་ཐམས་ཅད་དུ་འཐོར་ནས་མངོན་དུ་མི་འགྱུར་བ། དཔེར་ན་སྦྲུལ་མ་གཅུས་ན་རྐང་ལག་མི་མངོན་པ་ལས་གཅུས་ན་སྣང་བ་བཞིན་དུ་ལུས་ཀྱི་གནད་འདི་ཤིན་ཏུ་གཅེས་ཏེ། ཀློང་གསལ་ལས། རིག་པ་ལུས་ལ་གནས་གྱུར་ཀྱང་། །འཁྲུལ་འཁོར་དག་གིས་མ་གཅུན་ན། །ཡེ་ཤེས་དབང་པོར་སྣང་མི་ནུས། །ཞེས་སོ། །དེ་ལ་གནད་ [18a] དངོས་ནི། བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་ལས་མི་འདའ་བར་བྱེད་པ་སྟེ། ཐལ་འགྱུར་ལས། ལུས་ནི་སྐུ་གསུམ་བཞུགས་སྟངས་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་ཤེས་པར་བྱ། །ཞེས་པས་དང་པོ་སྤྲུལ་སྐུའི་བཞུགས་སྟངས་ནི། དང་པོ་རྐང་མཐིལ་སར་ཕབ་པུས་བྲང་སྦྱར༔ ལག་པའི་སོར་བསྣོལ་པུས་མོར་འཁྱུད་པ་དང་༔ དཔུང་བསྣོལ་མཆན་ཁུང་འཆད་པའི་མཐིལ་དང་སྤྲད༔ ཡང་ཅིག་ལྐོག་མ་ལག་རྒྱབ་ཁ་སྦྱར་ཏེ་༔ པུས་མོའི་སྟེང་དུ་གྲུ་མོ་བཙུག་ནས་སྡོད༔ དེ་ལ་སྤྲུལ་སྐུའི་ལམ་ཁྱེར་བྱ་བ་གནད༔ ཅེས་པ་སྟེ། དེ་ལ་རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པར་འདུག་ཅིང་ལག་པའི་སོར་མོ་བསྣོལ་བ་པུས་མོར་འཁྱུད་པ་དང་། ཡང་ལག་པ་བསྣོལ་ཏེ་མཆན་ཁུང་དང་ལག་མཐིལ་སྤྲད་དེ་སྡོད་པ་དང་། ཡང་ལྐོག་མ་དང་ལག་རྒྱབ་ཁ་སྦྱར་ཏེ་གྲུ་མོ་པུས་སྟེང་དུ་བཙུག་ནས་སྡོད་པའོ། །གཉིས་པ་ལོངས་སྐུའི་བཞུགས་སྟངས་ནི། རྐང་མཐིལ་ཕྱིར་ཕུལ་ཁ་སྦུབས་པུས་བྲང་སྦྱར༔ གྲུ་མོ་སར་བཙུག་ལག་མཐིལ་འགྲམ་པ་བཏེགས༔ ལོངས་སྤྱོད་རྫོགས་སྐུའི་ལམ་ཁྱེར་བྱ་བ་གནད༔ ཅེས་པ་ [18b] སྟེ། ལུས་ཁ་སྦུབས་ཏེ་པུས་བྲང་སྦྱར་ནས་རྐང་པ་ཕྱིར་ཕུལ་གྲུ་མོ་གཉིས་ས་ལ་བཙུག་སྟེ་ལག་མཐིལ་གཉིས་ཀྱིས་ཨོལ་ཀོ་བསྟེན་ལ་སོར་མོ་འགྲམ་པ་ལ་སྦྱར་ཏེ་སྡོད་པའོ། །གསུམ་པ་ཆོས་སྐུའི་བཞུགས་སྟངས་ནི། ཡང་གཅིག་རྐང་གཉིས་མདུན་དུ་མཐིལ་སྤྲད་པའི༔ དབུས་སུ་རྡོ་རྗེ་ཁུ་ཚུར་སར་བཙུགས་ཏེ༔ རྒལ་རྒྱུད་དྲང་པོར་བསྲང་སྟེ་སྡོད་པ་ལ༔ ཆོས་སྐུའི་ལམ་ཁྱེར་བྱ་བ་གནད་དུ་ཤེས༔ ཞེས་པ་སྟེ། རྐང་མཐིལ་གཉིས་སྤྲད་དེ་པུས་མོ་ཕྱིར་བསྒྲད་པའི་ནང་དུ་ལག་པ་རྡོ་རྗེའི་ཁུ་ཚུར་ས་ལ་བཙུག་ཅིང་རོ་སྟོད་སེང་གེ་ལྟར་སིང་ངེ་བ་ལ་མཇིང་པ་ཡུད་ཙམ་གྱེན་དུ་བཏོད་དེ་འདུག་གོ ། དེ་བཞིན་དུ་གཟིགས་སྟངས་ཡང་གསུམ་སྟེ། ལྟ་སྟངས་འདུག་སྟངས་དང་པོར་སྣ་རྩེར་ཕབ༔ གཉིས་པ་གཡས་གཡོན་མདུན་ཐད་དྲང་པོར་བལྟ༔ གསུམ་པ་གྱེན་དུ་བཟློག་སྟེ་བལྟ་བ་ཡིན༔ ཞེས་པ་སྟེ། ཐལ་འགྱུར་ལས། རྒྱང་ཞག་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཞེས་པས་དེ་ལ་བཞུགས་སྟངས་དང་པོར་གཟིགས་སྟངས་ཐུར་དུ་ཕབ་པས་ཀུན་གཟིགས་ཀྱི་སྤྱན་དབྱེ་བ་འགྱུར། བཞུགས་སྟངས་གཉིས་པར་གཟིགས་སྟངས་ཟུར་ལ་གཏད་པས་ཀུན་མཁྱེན་གྱི་སྤྱན་དབྱེ་བར་འགྱུར། བཞུགས་སྟངས་གསུམ་པར་གཟིགས་སྟངས་གྱེན་དུ་ལྡོག་ [19a] པས་ཀུན་ཁྱབ་ཀྱི་སྤྱན་དབྱེ་བར་འགྱུར་རོ། །དེ་ལྟར་བྱས་པའི་ཡོན་ཏན་ནི། ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བར་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་སོ། །དེ་ལྟར་མ་གཟིར་བའི་སྐྱོན་ནི། ཀློང་གསལ་ལས། ལུས་ཀྱི་གནད་ཀྱིས་མ་གཟིར་ན། །འབྱུང་ཚད་རླུང་ནི་མི་ཟིན་ཅིང་། །དེ་བཞིན་ལུས་ལ་དྲོད་མི་སྐྱེ། །རིག་པ་དངོས་སུ་སྣང་མི་ནུས། །ཞེས་སོ། །དེ་ལྟར་བཞུགས་སྟངས་གསུམ་པོ་ཧ་ཐང་བསྡམས་ཆེ་བ་མ་ཡིན་པར་ཆ་སོ་སོ་ནས་ལྷོད་ཆགས་པ་དང་རང་ལ་གང་བདེ་བ་དང་རན་པ་ཉིད་སྡོད་པ་ལས་གསུམ་ཀ་རྫོགས་དགོས་པ་ནི་མ་ཡིན་ནོ། །གཉིས་པ་ངག་གི་གནད་ནི། ཐལ་འགྱུར་ལས། ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བ་ཉིད་བརྟེན་པར་བྱ། །ཞེས་པས་འཁྲུལ་པའི་གཏམ་འགག་ཅིང་བརྗོད་མེད་ཀྱི་དོན་རྒྱུད་ལ་སྐྱེ་ཕྱིར་དང་པོ་སྨྲ་བཅད་ [19b] ཡུན་ཐུང་བ་ལ་བསླབ། དེ་ནས་རིང་བར་བསླབ། དེ་ནས་ཆོས་སྤྱོད་ཙམ་ལས་ཚིག་གཅིག་ཀྱང་མི་སྨྲ། མཐར་བརྗོད་པ་མཐའ་དག་བཀག་ལ་ལྐུག་པ་ལྟར་གནས་པར་བྱའོ། །དེའི་ཡོན་ཏན་ནི། ཀློང་གསལ་ལས། དེ་ལྟར་ངག་གནད་སུས་གཟིར་བ། །ངག་གི་རྐྱེན་ཟད་མྱ་ངན་འདས། །ཞེས་སོ། །དེ་ལྟར་མ་བྱས་པའི་སྐྱོན་ནི། དེ་ཉིད་ལས། ངག་གི་གནད་ནི་མ་གཟིར་ན། །བརྗོད་མེད་དོན་ནི་མི་རྟོགས་ཤིང་། །འཁྲུལ་པའི་གཏམ་གྱིས་དོན་ལ་བསྒྲིབ། །ཅེས་སོ། །གསུམ་པ་ཡིད་ཀྱི་གནད་ནི། ཀློང་གསལ་ལས། སེམས་ཉིད་ཕྱི་ཡི་མཁའ་ལ་གཏད། །ནང་གི་སྒྲོན་མ་མངོན་དུ་སྣང་། །ཞེས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་མིག་དང་སེམས་མ་ཡེངས་པར་བལྟས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་རིག་པ་སྟོང་གསལ་དུ་འཆར་རོ། །དེའི་ཡོན་ཏན་ནི། ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་སོ། །མ་གཟིར་བའི་སྐྱོན་ནི། དེ་ཉིད་ལས། དེ་ལྟར་སེམས་ཀྱི་གནད་མེད་ན། །རིག་པ་ཡུལ་ལ་ལྡོག་པར་འགྱུར། །ཞེས་སོ། །གཉིས་པ་གནད་གསུམ་གྱིས་འོད་གསལ་ལྟ་བ་ལ། འཆར་བྱེད་སྒོ་ཡི་གནད། འཆར་གཞི་ཡུལ་གྱི་གནད། ཇི་ལྟར་འཆར་བ་ [20a] རླུང་གི་གནད་དང་གསུམ་ལས། དང་པོ་འཆར་བྱེད་སྒོ་ཡི་གནད་ནི། སྒོ་གནད་མིག་ནི་ཕྱེད་བཙུམ་ཟིམ་བུར་བལྟ། ཞེས་པ་སྟེ། དེ་ཡང་མིག་ཧར་གྱིས་ཕྱེས་ཏེ་བལྟས་པས་མིག་གི་རྣོ་ཉམས་ཤིང་འོད་གསལ་གྱི་སྣང་བ་མངོན་དུ་མི་འགྱུར་བས་ན་ཕྱེད་བཙུམ་གྱིས་བལྟ་བར་བྱ་བ་ཡིན་ལ། སྒོའི་གནད་འབྱོངས་པའི་ཚད་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་པའོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། འོད་གསལ་འཆར་སླ་བའི་ཆེད་དུ་ཉིན་མོ་ཉི་མ་ལ་གྲུ་གང་རེག་པའི་སར་བལྟ་བ་དང་། མཚན་མོ་ཡང་མིག་ལ་ཚ་བའི་སྐྱོན་བསལ་བ་དང་འོད་གསལ་ལ་བརྟན་པ་ཐོབ་ཕྱིར་ཟླ་བ་ལའང་དེ་བཞིན་དུ་བལྟ་ཞིང་། མར་མེའི་སྟེང་དུ་བལྟས་པས་དང་པོ་དམར་སེར་རྩའི་ཆུན་པོ་གཤིབ་པ་ལྟ་བུ་ལས་མི་མཐོང་། བར་དུ་དབྱིངས་སྣང་དང་ཐིག་ལེ་འགུལ་འཕྲིག་གི་རྣམ་པར་འཆར་བ་ཡིན། ཐ་མ་དབྱིངས་སྣང་མཛེས་ཤིང་དྭངས་ལ་གསལ་བ་རྒྱ་ཆེ་བར་སྣང་བའོ། །གཞན་ཡང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བལྟ། །ཞེས་དང་། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་པས། ཡུལ་རྐྱེན་དང་བྲལ་བ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་དང་བྲལ་བ་ཆུའི་སྒྲོན་མ། གནས་རྐྱེན་དང་བྲལ་བ་དྭངས་ཤིང་མཐོ་ལ་དབེན་པའི་གནས་སུ་ [20b] སྔ་གྲོ་ནུབ་དང་ཕྱི་དྲོ་ཤར་ཕྱོགས་སུ་བལྟས་ཏེ་སྡོད་པ་དང་། དཀར་ཁུང་དང་གསལ་ལ་ལམ་ལ་བལྟས་པས་ཆོག་པ་ཡིན་ནོ། །གསུམ་པ་ཇི་ལྟར་འཆར་བ་རླུང་གི་གནད་ནི། རླུང་གནད་མཆུ་སོ་ཅུང་ཟད་མ་རེག་པའི༔ བར་ནས་དབུགས་ཀྱི་འབྱུང་འཇུག་དལ་བར་བསླབ༔ ཅེས་པ་སྟེ། དེ་ཡང་རླུང་ཞེས་བྱ་བ་ནི་གྱ་གྱུ་ཅན་རྣམ་རྟོག་གི་བཞོན་པར་གྱུར་ནས་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡང་བསླུ་བར་འགྱུར་བས་ན་དེའི་རྒྱུ་འགག་པར་བྱེད་པའི་ཐབས་སུ་མཆུ་སོ་གཉིས་བག་ཙམ་མ་རེག་པ་བྱས་ཏེ། རླུང་སྣ་ལས་མི་གཏོང་བར་ཁ་ནས་དལ་བུས་འབྱུང་འཇུག་བྱེད་པ་ལ་བསླབ་པ་དང་ཡུད་ཙམ་ཕྱི་རུ་འདུ་བར་བྱའོ། །དེ་སྐད་དུ་ཀློང་གསལ་ལས། ཕྱི་ཡི་རླུང་ནི་དལ་ཞིང་སྙོམས། །ཡུད་ཙམ་ཕྱི་རུ་འདུས་པ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་སོ། །དེའི་གནད་ཀྱང་། ཤེས་པ་མངོན་གྱུར་ངང་ལ་གཡོ་མེད་སྡོད༔ དེ་དག་རླུང་རིག་དལ་བའི་གནད་དུ་མཆོག༔ ཅེས་པ་སྟེ། རིག་པ་གཡོ་མེད་ཀྱི་ངང་དུ་འདུག་པ་ནི་རླུང་རིག་དལ་བའི་གནད་མཆོག་ཏུ་གྱུར་པ་ཡིན་ནོ། །ད་ནི་མི་འགུལ་བ་གསུམ་གྱིས་གཞི་བཟུངས་ཏེ་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་དགོས་པར་གདམས་པ་ནི། ལུས་མི་འགུལ་བར་དུར་ཁྲོད་རོ་བཞིན་སྡོད༔ ངག་ནི་མི་འགུལ་ལྐུག་པ་ལྟ་བུར་སྡོད༔ ཤེས་པ་མི་ [21a] གཡོ་མངོན་གྱུར་ངང་དུ་བཞག༔ སྒོ་གསུམ་བྱ་བ་དགུ་ཕྲུགས་གནད་དུ་ཤེས༔ ཞེས་པ་སྟེ། དེ་ལྟར་ཉམས་སུ་ལེན་པའི་དུས་སུ་ལུས་མི་འགུལ་བ་དུར་ཁྲོད་ཀྱི་མི་རོ་ལྟ་བུར་སྡོད་པ་དང་། ངག་སྨྲ་བཅད་ལས་མི་འགུལ་བར་ལྐུག་པ་བཞིན་སྡོད་པ་དང་། སེམས་མ་བཅོས་པར་ཤེས་པ་འོད་གསལ་དུ་མཆེད་པ་མངོན་དུ་བྱེད་པའི་ངང་ལས་མི་འགུལ་བར་སྡོད་པའོ། །གཞན་ཡང་ལུས་ངག་ཡིད་གསུམ་གྱི་བྱ་བ་མ་བཏང་ན་ཉམས་ལེན་ལ་མི་གནས་པས་དགུ་ཕྲུགས་སུ་བཏང་སྟེ། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུགས་བཏང་། །ཞེས་པས། དེ་ལ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་བྱ་བ་ཚོང་སོ་ནམ་ལ་སོགས་སྣ་ཚོགས་པ་དང་། ནང་དམན་པའི་དགེ་བ་ཕྱག་དང་བསྐོར་བ་སོགས་དང་། གསང་བ་རྣམ་གཡེང་དང་འདུ་འཛི་སྤངས་ཏེ་གཅིག་པུར་གནས་པའོ། །ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་བཟླས་བརྗོད་ཁ་འདོན། གསང་བ་སྨྲ་བརྗོད་ཇི་སྙེད་པ་བཀག་ནས་ལྐུག་པ་ལྟ་བུར་གནས་པའོ། །ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་སྣ་ཚོགས། ནང་ཆོས་སྤྱོད་བློ་སྦྱོང་སྣ་ཚོགས། གསང་བ་རྣམ་རྟོག་འཕྲོ་འདུ་སྣ་ཚོགས་བཀག་ནས་དྲན་བསམ་ [21b] རྣམ་རྟོག་དང་བྲལ་བར་གནས་པའོ། །དེ་ལྟར་བྱ་བ་བཏང་བའི་ཕན་ཡོན་ནི། ཀློང་གསལ་ལས། ལུས་ངག་འཁྲུལ་པ་རྒྱུན་ཆད་ནས། །ཡེ་ཤེས་རྒྱུད་ལ་གནས་པར་འགྱུར། །ཞེས་སོ། །མ་བཏང་བའི་སྐྱོན་ནི། དེ་ཉིད་ལས། བྱར་མེད་རྒྱུད་ལ་མ་གནས་ན། །རིག་པའི་དོན་ལ་རིག་པ་མེད། །ཅེས་སོ། །ལེའུའི་སྐབས་བསྡུ་བ་ནི། སྒོ་གསུམ་གྱི་གནད་བཤད་པའི་ལེའུ་སྟེ་བདུན་པའོ༔ ས་མ་ཡ༔ གུ་ཧྱ༔ གསུམ་པ་སྒྲོན་མེའི་རྣམ་བཞག་བསྟན་པ་ལ། གནས་ལུགས་གཞིའི་སྒྲོན་དྲུག །རྣལ་འབྱོར་ལམ་གྱི་སྒྲོན་བཞི། དེ་དག་རང་བྱུང་དུ་གནས་པའི་ཚུལ་བསྟན་པ་གསུམ་ལས། དང་པོ་གནས་ལུགས་གཞིའི་སྒྲོན་དྲུག་བསྟན་པ་ནི། གནས་ལུགས་གཞི་ཡི་སྒྲོན་མ་རྣམ་པ་དྲུག༔ ལུས་ཀྱི་དྭངས་མ་ཙིཏྟ་ཤ་ཡི་སྒྲོན༔ རྩ་ཡི་དྭངས་མ་ཀ་ཏི་ཤེལ་གྱི་སྦུག༔ སྒོ་ཡི་དྭངས་མ་རྒྱང་ཞགས་ཆུ་ཡི་སྒྲོན༔ འདི་གསུམ་སྣོད་ཀྱི་སྒྲོན་མ་རྣམ་གསུམ་སྟེ༔ ཕྱི་འབྱུང་དྭངས་མ་ནང་དབྱིངས་རྣམ་དག་དང་༔ ནང་འབྱུང་དྭངས་མ་ཐིག་ལེ་སྟོང་སྒྲོན་དང་༔ འཆར་གཞི་ཤེས་རབ་རང་བྱུང་སྒྲོན་མ་རྣམས༔ བཅུད་ཀྱི་སྒྲོན་མ་རྣམ་པ་གསུམ་ཞེས་བྱ༔ ཞེས་པ་སྟེ། དེ་ཡང་སྤྱིར་ཐེག་པ་འདི་རང་ལམ་གྱི་རྩ་དང་ཐིག་ལེའི་བཤད་པ་ཞིག་ཡོད་པ་ཨ་ཏིའི་ཨ་ནུ་ཞེས་བྱ་བ་ཡིན་པས་དེའི་ངང་ [22a] ཚུལ་ཤེས་དགོས་ཏེ། མ་དག་པའི་ཉོན་མོངས་རླུང་སེམས་རགས་པ་མངོན་གྱུར་གྱི་སྒོ་ཁ་དང་། ཕྲ་བ་ལྐོག་གྱུར་གྱི་སྒོ་སྣ་བུག་གཉིས་ཡིན་ཏེ། དེའི་རྒྱུ་ཚུལ་གློ་བ་ནི་རྩ་གྲོ་སོག་གི་སྦུ་གུ་ཙམ་ཞིག་འབྱུང་འཇུག་གི་རླུང་གིས་གང་བ་ལས་འཕེལ་བ་ཆེར་མཆེད་ན་ཚ་བའི་ནད་དང་། བྲི་བར་གྱུར་ན་གྲང་བའི་ནད་འབྱུང་ལ། དྲང་པོར་རྒྱུ་ཚེ་ཚ་གྲང་ཆ་སྙོམས་པར་འགྱུར་བ་དང་། སེམས་ཀྱི་རང་བཞིན་ཆོས་ཉིད་ཀྱི་གདངས་སྐྱེས་བུ་ཕྱེ་བོ་འདྲ་བ་དེ་རླུང་རྟ་རྒོད་ལོང་བ་ལྟ་བུ་དང་འདྲེས་ནས་རྣམ་པར་རྟོག་པ་རྩལ་སྒོ་ལྔའི་ཡུལ་ལ་ཤར་ནས་ལས་དང་ཉོན་མོངས་པའི་བྱེད་ལས་ཅན་ཏེ། དུར་ཁྲོད་ཕུང་པོར་རོལ་པ་ལས། སེམས་ཀྱི་ངོ་བོ་ཡེ་ཤེས་ཏེ། །དེ་ལ་གཟུང་འཛིན་རྩལ་དུ་ཤར། །དབུགས་ལ་རྟ་བྱས་རྐྱེན་དང་འཕྲད། །ཅེས་སོ། །སྐབས་འདིར་བྱེ་བྲག་ཏུ་བཤད་པར་བྱ་བ་སྒྲོན་མ་རྣམ་པ་དྲུག་གི་དང་པོ་སྣོད་ཀྱི་སྒྲོན་མ་རྣམ་པ་གསུམ་ནི། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ཞེས་པ་ལྟར་ལུས་ཀྱི་དྭངས་མ་ཙིཏྟ་ཤའི་སྒྲོན་མའི་སྦུབས་སུ། དཀར་འཇམ་རྩའི་སྒྲོན་མ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ནི། གསེར་ཕྲེང་ལས། རིན་ཆེན་རྒྱ་མཚོར་འབྲེལ་བའི་རྩ། །དཀར་འཇམ་ཁོག་པ་སྟོང་པ་ནི། །ཐིག་ལེ་ཁྲག་གིས་མ་གོས་པར། །ཡེ་ཤེས་ཆེན་པོ་དེ་ནས་རྒྱུ། །ཞེས་པ་ལྟར་ལུས་ [22b] དང་པོ་ཆགས་པའི་དུས་ན་ཆུའི་བྱེད་ལས་ཀྱིས་ཆགས་པའི་བསྐྱེད་བྱེད་ཀྱི་རྩའི་མདུད་པ་ན་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གཉིས་སྔོན་དུ་ཆགས་ནས་འབྱུང་བའི་སྤྱན་ལས་ཕུང་པོར་གྲུབ་ཅིང་། སྒྲོན་མའི་སྤྱན་ལས་ཡེ་ཤེས་ཀྱི་འོད་སྣང་གསལ་བྱེད་མིག་གི་ཨ་འབྲས་ཀྱི་དཀྱིལ་ན་རྩ་བ་མེན་གྱི་རྭ་འདྲ་བ་རྩ་བ་ཕྲ་ཞིང་རྩེ་མོ་ཡངས་པ་གཉིས་ཆགས་ཏེ། དེ་ལ་དཀར་ནག་ཕྱེད་མ་ཆུའི་རང་བཞིན་དྭངས་ལ་གསལ་བ་བྱུང་བས་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་སྟེ། ངེས་ཚིག་ནི་རིག་ཆའི་གདངས་ཕྱི་རོལ་གྱི་ཡུལ་ལ་མཐོང་བས་རྒྱང་ཞེས་བྱ་ལ། མཐོང་བ་དེ་ཡང་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་འཆིང་གྲོལ་བྱེད་པ་ན་ཞགས་པའི་སྒྲ་ཞུགས་པའོ། །གཉིས་པ་བཅུད་ཀྱི་སྒྲོན་མ་རྣམ་པ་གསུམ་ནི། དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་འབྱུང་ལྔའི་སྙིགས་མ་དྭངས་མར་འཕོས་པའི་འོད་ལྔ་སྟེ། དེ་ཡང་མཁར་སྣང་གི་དྭངས་མ་མཐིང་ག་དང་སྔོ་སྐྱ། ཆུར་སྣང་གི་དྭངས་མ་དཀར་པོ་དང་སྐྱ་བོ། མེར་སྣང་གི་དྭངས་མ་དམར་པོ་དང་ཁམ་པ། སར་སྣང་གི་དྭངས་མ་སེར་པོ་དང་སེར་ནག །རླུང་སྣང་གི་དྭངས་མ་ལྗང་གུ་དང་ལྗང་སྐྱ། དེ་དག་དང་པོ་མ་དག་པའི་སྣང་བ་ལ་ཁ་དོག་ཇི་ལྟར་སྣང་བ་དེ་བཞིན་དབྱིངས་སུ་འཕོ་བའི་ཚེ་ཡང་སྣང་བའོ། །ངེས་ཚིག་ནི་འབྱུང་ལྔའི་དྭངས་མ་འོད་ལྔར་སྣང་བས་དབྱིངས་དང་། དངོས་ཞེན་ [23a] དག་པས་རྣམ་པར་དག་པ། དེ་ལ་བརྟེན་ནས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་གསལ་བས་ན་སྒྲོན་མ་ཞེས་བྱའོ། །ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ནི་ནང་འབྱུང་ལྔ་པོ་དྭངས་མར་འཕོས་པ་སྟེ། སེམས་ཀྱི་དྭངས་མ་མཐིང་ག །ཁྲག་གི་དྭངས་མ་དཀར་པོ། ཤའི་དྭངས་མ་སེར་པོ། དྲོད་ཀྱི་དྭངས་མ་དམར་པོ། དབུགས་ཀྱི་དྭངས་མ་ལྗང་གུ་སྟེ། དྭངས་མ་དེ་དག་མུ་ཁྱུད་ཀྱི་རྣམ་པར་སྣང་བས་ན་ཐིག་ལེ་སྟེ་དོན་ལ་ཟླུམ་པོ་གྲྭ་ཟུར་མེད་པ་རྨ་བྱའི་སྒོ་ང་ལྟ་བུ་ཞིག་གོ ། ངེས་ཚིག་ནི། མུ་ཏིག་ཕྲེང་བ་ལས། ཐིག་ནི་འགྱུར་བ་ཡོད་མ་ཡིན། །ལེ་ནི་ཁྱབ་ཅིང་ཡུལ་ལ་སྣང་། །སྟོང་པ་དངོས་པོ་མཚན་མ་མེད། །སྒྲོན་མས་མུན་སེལ་སྣང་བར་འགྱུར། །ཞེས་སོ། །དེ་ཡང་སྙིང་དབུས་ཀ་ཏི་ཤེལ་སྦུག་གི་ནང་ན་ཡོད་པ་ནང་གི་དབྱིངས་ཐིག་དང་། གཟིགས་སྟངས་ཀྱིས་གཅུན་པས་ཕྱིར་སྣང་བ་གདངས་ཀྱི་དབྱིངས་ཐིག་སྟེ་གཉིས་སུ་བཞེད་པ་ཡིན་ནོ། །ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་བ་ནི། སྟོང་གསལ་འགག་པ་མེད་པའི་རིག་པ་བདེ་གཤེགས་སྙིང་པོ་སྒྲོན་མ་ལྔ་ཡི་འཆར་གཞིར་ཡེ་ནས་འབྲལ་མེད་དུ་གནས་པའོ། །སྣང་ཚུལ་གཟིགས་སྟངས་ཀྱིས་གཅུན་པས་ནང་གི་རིག་པ་ཤིན་ཏུ་དྭངས་ལ་ཡུལ་མེད་པ་ཞིག་ཉམས་སུ་མྱོང་བ་ཡིན། དེའི་རྩལ་ལས་ཡུལ་ཤེས་ཀྱི་ [23b] ཤེས་རབ་རྣོ་ལ་མྱུར་བ་དང་ཚིག་དོན་ཀློང་རྡོལ་དུ་འབྱུང་བ་རྣམས་སོ། །ངེས་ཚིག་ནི། མུ་ཏིག་ཕྲེང་བ་ལས། ཤེས་པས་ཆོས་རྣམས་གཅིག་ཅར་རྟོགས། །རབ་ནི་ཀུན་གྱི་རྩེ་མོར་གྱུར། །རང་ནི་གཞན་ལྟོས་ཆོས་དང་བྲལ། །བྱུང་བས་མ་བཀག་ལྷུག་པར་སྣང་། །སྒྲོན་མས་འཆར་བྱེད་སྒོ་མ་འགགས། །ཞེས་སོ། །གཉིས་པ་རྣལ་འབྱོར་ལམ་གྱི་སྒྲོན་བཞི་བསྟན་པ་ནི། མདོར་ན་རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་༔ ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་༔ ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་དང་༔ ཤེས་རབ་རང་བྱུང་སྒྲོན་མ་དང་བཅས་པ༔ རྣལ་འབྱོར་ལམ་གྱི་སྒྲོན་མ་རྣམ་བཞི་སྟེ༔ ཞེས་བཤད་མ་ཐག་པའི་སྣོད་ཀྱི་སྒྲོན་མ་རྣམ་གསུམ་ལ་མིང་གསུམ་དུ་བརྗོད་ཀྱང་། དོན་ལ་རྩ་བ་སྙིང་། སྡོང་པོ་རྩ། འབྲས་བུ་མིག་སྟེ་གསུམ་ཀ་གཅིག་ཏུ་འདུ་ཕྱིར་རྒྱང་ཞགས་ཆུའི་སྒྲོན་མ་དང་། བཅུད་ཀྱི་སྒྲོན་མ་རྣམ་གསུམ་བཅས་བཞི་པོ་ནི་རྣལ་འབྱོར་ལམ་གྱི་སྒྲོན་མ་རྣམ་བཞི་ཞེས་གནད་གཅིག་ཏུ་བསྡུས་ཏེ་ཉམས་སུ་ལེན་པ་ཡིན་ནོ། །གསུམ་པ་དེ་དག་རང་བྱུང་དུ་གནས་པའི་ཚུལ་བསྟན་པ་ནི། ཡེ་ནས་གནས་ལུགས་གཞི་ཡི་སྒྲོན་མ་དྲུག༔ སེམས་ཅན་ཀུན་ལ་རང་བྱུང་གནས་པ་ལ༔ མངོན་དུ་མ་གྱུར་བག་ལ་ཉལ་ནས་སོང་༔ ཞེས་པ་སྟེ། རང་ཤར་ལས། ཐིག་ལེ་ [24a] སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་རྣམས། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་པ་ལྟར། གནས་ལུགས་གཞིའི་སྒྲོན་མ་རྣམ་པ་དྲུག་པོ་སེམས་ཅན་ཀུན་ལ་ཡེ་ནས་རང་བྱུང་དུ་གནས་ཀྱང་ཤེས་རབ་ཀྱི་མིག་ལྡོངས་ཏེ་མངོན་དུ་མ་གྱུར་པའོ། །ལེའུའི་སྐབས་བསྡུ་བ་ནི། གཞི་དང་ལམ་གྱི་སྒྲོན་མའི་ངང་ཚུལ་བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ ས་མ་ཡ༔ གུ་ཧྱ༔ བཞི་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་བསྟན་པ་ལ་བཞི། འོད་གསལ་མངོན་དུ་བྱེད་པ། ཉམས་ལེན་སྲང་དུ་འཛུད་པ། ལམ་གྱི་གོལ་ས་བསྟན་པ། མྱུར་ལམ་གཞན་ལས་ཁྱད་པར་འཕགས་ཚུལ་ལོ། །དང་པོ་འོད་གསལ་མངོན་དུ་བྱེད་པ་ལའང་། འོད་གསལ་དངོས་དང་། ཉམས་ལེན་གྱི་གནད་བཤད་པ་གཉིས་ལས། དང་པོ་འོད་གསལ་དངོས་ལ་བསླབ་པ་ནི། ད་ནི་ཚུལ་བཞིན་ཤེས་པའི་ཤེས་རབ་ཀྱིས༔ མངོན་གྱུར་སྙིགས་མ་དྭངས་མར་སྦྱོང་བའི་ཐབས༔ བརྒྱུད་གསུམ་རིག་འཛིན་བླ་མ་དམ་པ་དང་༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ འོད་ཕུང་འཇའ་སྤྲིན་ལྟ་བུའི་རྣམ་པ་རུ༔ ཐིབས་ཀྱིས་བྱུང་ནས་མིག་གི་ཨ་འབྲས་ནས༔ ཀ་ཏིའི་ལམ་ [24b] ཞུགས་དབྱིངས་ཐིག་རོལ་པར་ཐིམ༔ ཆེར་མཆེད་རང་ལུས་ཕུང་ཁམས་སྐྱེ་མཆེད་དང་༔ ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ འོད་ཕུང་རྣམ་ལྔའི་རོལ་པར་མེར་གྱིས་ཞུ༔ ཐམས་ཅད་དག་དབྱིངས་དྭངས་མའི་རོལ་པ་རུ༔ གསལ་ཞིང་ཡུན་གཅིག་མཉམ་པར་བཞག་པའི་མཐར༔ བསམ་བྱ་བསྒོམ་དམིགས་ཐམས་ཅད་ཆམ་བཞག་སྟེ༔ འོད་གདངས་མངོན་གྱུར་ལམ་བྱེད་བྱར་མེད་སྡོད༔ ཕྱི་ཡི་ནམ་མཁའ་སྟོང་དབྱིངས་ལས་གཞན་པའི༔ འོད་གདངས་ཅི་ཤར་གང་སྣང་ཐམས་ཅད་ཀུན༔ ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་སྟེ༔ བཟང་ངན་རེ་དོགས་ཡིད་དཔྱོད་བཅས་བཅོས་སོགས༔ སྤངས་ཏེ་མངོན་གྱུར་ངང་ལ་ཆམ་གྱིས་བཞག༔ ཅེས་པ་སྟེ། ད་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་སྟེ་བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་གྱུར་ནས། མ་དག་སྙིགས་མའི་སྣང་བ་དྭངས་མ་འོད་གསལ་དུ་སྦྱོངས་པའི་ཐབས་ཟབ་མོ་ནི། དེ་ཡང་ཐོག་མར་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བཟུང་སྟེ་མོས་གུས་ཕྱག་རྒྱ་ཆེན་པོའི་ལམ་ཁྱེར་དང་མ་བྲལ་བའི་ངང་ནས་དབང་བཞི་བླངས་ཤིང་ཐུགས་ཡིད་བསྲེ་བ་ནི་རང་རྒྱུད་ལ་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བའི་ཐབས་ [25a] རྨད་དུ་བྱུང་བ་ཡིན་པས་གཞུང་འདི་ཉིད་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ལྟར་ནན་ཏན་དུ་བྱའོ། །དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་རིག་འཛིན་གྱི་ས་ལ་བཞུགས་པ་རྣམས་དང་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དབང་བྱིན་དངོས་གྲུབ་ཡེ་ཤེས་ཡོན་ཏན་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་འཇའ་ཡི་སྤྲིན་ཕུང་ལྟ་བུའི་རྣམ་པར་ཐིབས་ཀྱིས་བྱུང་། མིག་གི་ཨ་འབྲས་ནས་ཞུགས་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་གྱི་ལམ་བརྒྱུད་ནས་ནང་དབྱིངས་རྣམ་དག་གི་སྒྲོན་མར་ཐིམ་པས། འོད་མདངས་དེ་ཉིད་ཆེར་མཆེད་ནས་རང་ལུས་ཕུང་ཁམས་སྐྱེ་མཆེད་ཕྱི་ནང་སྣོད་བཅུད་ཐམས་ཅད་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་འོད་ཕུང་རྣམ་ལྔའི་རོལ་པར་མེར་གྱིས་ཞུ་ནས་ཐམས་ཅད་དག་དབྱིངས་དྭངས་མའི་རོལ་པར་འབྱམས་ཀླས་པའི་ངང་དུ་བསམ་བྱ་བསྒོམ་དམིགས་དང་བྲལ་བར་བཞག་སྟེ། ཕྱིའི་དབྱིངས་ནམ་མཁའ་སྟོང་གསལ་ལ་གོ་འབྱེད་པའི་དཀྱིལ་དུ་རིག་པ་ཐིམ་འགྲོ་བ་ལྟ་བུར་གཏད་པས། འོད་གདངས་སྔོ་རེ་བ་ཤིན་ཏུ་དག་པ་ཞིག་ཐོག་མར་སྣང་ལ། དེ་ལས་སྣང་བ་མཆེད་པའི་ཚུལ་དུ་འོད་ལྔའི་གདངས་ཁ་དོག་ལ་ཟ་འོག་ཁ་ཕྱེ་བ་ལྟ་བུར་འཇའ་ཡི་སྣམ་ [25b] བུ་གྱེན་བསྒྲེང་དང་རྩིབ་ཤར་གྱི་རྣམ་པར་སྣང་བ་ནི་ནང་དབྱིངས་ཕྱིར་གསལ་བ་དབྱིངས་རྣམ་པར་དག་པའི་སྒྲོན་མ་སྟེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་དག་ཏུའོ། །ཞེས་སོ། །དེ་ལྟར་དབྱིངས་ཀྱི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཀོ་མའི་ཆུ་ལ་རྡོ་བོར་བའི་རི་མོའི་རྣམ་པ་ལྟར་ཐིག་ཟླུམ་འོད་ལྔའི་མུ་ཁྱུད་ཅན་ལ་སོགས་པར་སྣང་ཞིང་། དེ་དག་གི་གོ་མཚམས་སུ་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་མུ་ཏིག་བསྟར་ལ་རྒྱུས་པའམ་གསེར་ཀྱི་སྐུད་པ་ལྡིང་བ་ལྟར་སྣང་བ་ལ་ཤེས་རབ་ཀྱི་གདངས་ཞེས་བྱ་སྟེ། དེ་དག་དང་པོའི་གནས་སྐབས་ཕྲ་ཞིང་འཁྱོག་ལ་འགྲོ་འོང་གི་རྣམ་པ་ཅན་དུ་སྣང་ཞིང་རེས་གསལ་བ་དང་རེས་མི་གསལ་བ་སོགས་འབྱུང་བས། དེ་དག་གང་ལ་ཡང་བཟང་པོ་ཞེས་བླང་བྱ་ངན་པ་ཞེས་དོར་བྱ་ཨེ་འཆར་སྙམ་པའི་རེ་བ་མི་འཆར་སྙམ་པའི་དོགས་པ་སོགས་ཡིད་དཔྱོད་བཅས་བཅོས་ཐམས་ཅད་སྤངས་ཏེ་དབྱིངས་རིག་མི་འགྱུར་བའི་ངང་དུ་འཇོག་པ་གནད་དམ་པ་ཡིན། དེ་ལྟར་དབྱིངས་ཐིག་གི་སྣང་བ་དེ་དག་ཕྱི་ནས་ཤར་བ་མ་ཡིན་ཏེ། བལྟ་བ་ཕྱིར་བལྟས་ཀྱང་མཐོང་བ་ནང་མཐོང་བ་ཡིན་པའི་ཚུལ་རང་ལས་གཞན་གྱིས་མི་མཐོང་བ་དེས་སྟོན་ལ། དབྱིངས་ཕྱི་རུ་བཟུངས་རིག་པ་ནང་དུ་ [26a] བཟུངས་ཏེ། ཕྱི་ནང་རང་རྒྱུད་དུ་མི་གོལ་བར་དབྱིངས་རིག་དབྱེར་མེད་ཀྱི་རོལ་པར་ཞེན་པ་མེད་པའི་བརྟུལ་ཞུགས་ལ་བསླབ་པར་བྱའོ། །གཉིས་པ་ཉམས་ལེན་གྱི་གནད་བཤད་པ་ནི། སྤྱིར་ན་འགྲོ་དྲུག་འཁྲུལ་པའི་སྣང་བ་རྣམས༔ ཤེས་པ་དང་པོ་ཡུལ་གྱི་རྣམ་པར་མཆེད༔ རྣམ་རྟོག་ཕྱི་མས་ཨ་འཐས་ཉེར་ལེན་པའི༔ ཕྱི་ནང་སྣོད་བཅུད་འདོད་ཡོན་ལྔ་རུ་འཐས༔ མངོན་པར་ཞེན་པའི་རྐྱེན་གྱིས་འཁྲུལ་པར་འཕྱན༔ ལམ་འདིར་བསྟེན་པས་ཤེས་པ་དང་པོ་ཉིད༔ དག་དབྱིངས་དྭངས་མ་ཉིད་དུ་གོ་འཕོས་ཏེ༔ མ་དག་བསྐལ་པ་དབྱིངས་སུ་འཇིག་པ་ཡིན༔ གནད་དེ་ཤེས་པ་ཡང་དག་གནད་ཀྱི་མཆོག༔ ཅེས་པ་སྟེ། དེ་ལ་སྤྱིར་འགྲོ་བ་རྣམས་ཀྱི་ཤེས་པ་དང་པོ་ཉིད་ཕྱི་ནང་སྣོད་བཅུད་འདོད་ཡོན་གྱི་ཡུལ་དུ་རྣམ་པར་མཆེད་པ་ལ། རྣམ་རྟོག་ཕྱི་མས་ཨ་འཐས་ཉེ་བར་བླངས་ཏེ་མངོན་པར་ཞེན་པའི་རྐྱེན་གྱིས་འཁྲུལ་པའི་འཁོར་ལོར་ཁ་འཕྱན་པ་ཡིན་ལ། ཐོད་རྒལ་གྱི་ལམ་འདིར་བསྟེན་པའི་ཤེས་པ་དང་པོ་འོད་གསལ་དྭངས་མ་ཉིད་དུ་གོ་འཕོས་པས་ན་མ་དག་སྙིགས་མའི་བསྐལ་པ་དབྱིངས་སུ་འཇིག་པ་ཡིན་པའི་ཚུལ་ཤེས་པ་ནི་གནད་ཀྱི་མཆོག་ཏུ་བཟུང་བར་བྱའོ། །ལེའུའི་སྐབས་བསྡུ་བ་ནི། འབྱུང་བ་དྭངས་སྙིགས་ཀྱི་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ༔ ས་ [26b] མ་ཡ༔ གུ་ཧྱ༔ གཉིས་པ་ཉམས་ལེན་སྲང་དུ་འཛུད་པའི་ཚུལ་ནི། འོག་གི་ལེའུ་བཅུ་གསུམ་པ་རུ་འཆད་པར་འགྱུར་བ་ཡིན་ནོ། །གསུམ་པ་ལམ་གྱི་གོལ་ས་བསྟན་པ་ནི། དེ་ལྟར་ཚུལ་བཞིན་རྟོགས་པར་མ་གྱུར་ན༔ ཇི་ལྟར་བསྒོམ་ཀྱང་གཟུང་འཛིན་ལམ་དུ་གོལ༔ དེ་ཕྱིར་ཁྲེགས་ཆོད་ལྟ་བ་གཏན་ཕབ་ནས༔ འཁོར་འདས་རང་སྣང་ཉིད་དུ་རྟོགས་ནས་སླར༔ རང་སྣང་སྣང་ཙམ་ཉིད་ནས་སྟོང་པ་ཉིད༔ ངོ་བོ་སྟོང་ལ་རང་བཞིན་རང་གསལ་ཅན༔ སྟོང་དང་གསལ་བ་ཡ་མ་བྲལ་བ་སྟེ༔ དཔེར་ན་རྙོགས་མ་དྭངས་པའི་ཆུ་བཞིན་དུ༔ ཆུ་དང་དྭངས་གསལ་ཐ་དད་མ་གྲུབ་པ༔ དེ་བཞིན་གཟུགས་བརྙན་སྣ་ཚོགས་འཆར་རུང་བ༔ ཆུ་ཉིད་ཀྱིས་ནི་གཟུགས་བརྙན་སྣང་བ་ལས༔ ཆུ་ལས་གཞན་པའི་གཟུགས་བརྙན་མེད་བཞིན་དུ༔ སེམས་ཉིད་སྟོང་པའི་རང་བཞིན་གསལ་བ་ལས༔ སྣ་ཚོགས་སྣང་བའི་ཆོས་ཀུན་ཤར་བ་སྟེ༔ སྣང་བ་སེམས་མིན་སེམས་ལས་གཞན་མ་ཡིན༔ ནམ་མཁའ་ཉིད་ཀྱིས་འཇའ་ཚོན་སྣང་བ་བཞིན༔ རྒྱུ་རྐྱེན་འཕྲད་པས་རྟེན་ཅིང་འབྲེལ་འབྱུང་སྟེ༔ ཤེས་པ་དང་པོ་ཡུལ་དུ་གྱུར་པ་ལ༔ རླུང་གི་འགྱུ་འཕྲིག་གཡོ་བའི་ཆོ་འཕྲུལ་སྟེ༔ མ་རིག་རྐྱེན་གསུམ་འཐས་པའི་བྱེད་ལས་ཀྱིས༔ གཞི་ཡི་རང་ [27a] མདངས་ལྷུམས་སུ་བསྒྲིབ་པ་ལས༔ འོད་ཀྱི་གདངས་ལྔ་ཤར་ལ་དངོས་འཛིན་གྱི༔ བག་ཆགས་འཐས་པས་འབྱུང་བ་ལྔ་རུ་བསྒྲིབ༔ མདངས་ལྔ་དྭངས་མར་བསྒྲིབ་པས་ནང་འབྱུང་ལྔ༔ ནང་འབྱུང་སྙིམས་མར་འཐས་པའི་ཕྱི་འབྱུང་ལྔ༔ ལུགས་སུ་འབྱུང་སྟེ་འཁོར་བར་འདུ་བྱེད་ཅིང་༔ ལུགས་སུ་ལྡོག་ཏེ་སྟོང་ཁྱབ་དབྱིངས་སུ་འཇིག༔ ཅེས་པ་སྟེ། འདི་ལྟར་འཁོར་བར་འཁྱམས་པའི་གཞི་ནི་མ་རིག་པ་ལས་བྱུང་སྟེ། དེ་ཡང་ཤེས་པ་དང་པོ་ཡུལ་དུ་གྱུར་པ་ལ་འཛིན་པ་ལས་རླུང་གཡོ་བའི་ཆོ་འཕྲུལ་ལས་བརྟན་ཅིང་འཐས་པར་བྱས་པ་ནི་རྒྱུའི་མ་རིག་པ། རྒྱུ་དེ་ཉིད་ལས་འཕྲལ་བྱུང་གི་བག་ཆགས་སྣ་ཚོགས་འདུས་པ་ནི་སྣ་ཚོགས་འདུས་པའི་མ་རིག་པ། དེ་དག་དུས་འཛོམ་པ་ལས་འཁོར་བ་ཡོངས་སུ་གྲུབ་པ་ནི་དེ་མ་ཐག་པའི་མ་རིག་པ་སྟེ། དེ་དག་གི་བྱེད་ལས་ཀྱི་ངོ་བོ་ཤེས་རབ་དང་རྩལ་ཡེ་ཤེས་བསྒྲིབ་པས་གཞིའི་ངང་མདངས་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་ནང་མདངས་སུ་ནུབ་ནས་འཁོར་བའི་སྣང་སེམས་ཐམས་ཅད་ཤར་བ་སྟེ། དེ་ཡང་ཡེ་ཤེས་ལྔ་མ་རིག་པས་བསྒྲིབ་པའི་ཕྱི་གདངས་འོད་ལྔར་སྣང་བ་ནི་ནང་འབྱུང་དང་འབྱུང་ལྔའི་དྭངས་མ་འབྱུང་ཆེན། དེ་རྣམས་དངོས་འཛིན་བདེན་ཞེན་འཐས་པས་མ་དག་པའི་ [27b] འབྱུང་ལྔར་སྣང་བ་ལ་ཕྱི་འབྱུང་དང་འབྱུང་ཕྲན་སྙིགས་མའི་སྣང་བ་ཞེས་བྱ་སྟེ། འཁྲུལ་པའི་གཞི་དེ་དག་གི་རྩལ་ལས་རྣམ་པར་ཤེས་པ་དང་ཉོན་མོངས་པའི་ཚོགས་རྣམས་མཆེད་དུ་འཁྲུལ་པ་ཡིན་ནོ། །དེ་ལྟར་འཁྲུལ་པའི་རྩ་བ་གཟུང་འཛིན་གཉིས་པོ་སྔར་བཤད་པ་ལྟར་གཏན་ལ་ཕབ་སྟེ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་རང་བཞིན་རྫོགས་པ་ཆེན་པོར་ལ་བཟླ་བར་བྱ་སྟེ། དེ་ཡང་ངོ་བོ་ཀ་དག་གི་ཡེ་ཤེས་རྒྱུ་རྐྱེན་གྱིས་འདུས་མ་བྱས་པས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། རང་བཞིན་འོད་གསལ་བའི་ཡེ་ཤེས་གཏིང་གསལ་སྒྲིབ་གཡོགས་དང་བྲལ་བའི་འཁོར་འདས་ཁྱབ་པར་བརྡལ་བ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་འགག་པ་མེད་པས་འཁོར་འདས་ཀྱི་འཆར་གཞིར་གནས་པའོ། །དེའང་གདོད་མའི་གནས་ལུགས་སྟོང་གསལ་སྤྲོས་པ་དང་བྲལ་བའི་རང་བཞིན་གང་དུའང་མ་གྲུབ་པ་མེ་ལོང་ལྟ་བུ་ལ། དེ་ཉིད་རིག་པ་དང་མ་རིག་པའི་རྣམ་པར་གཏོད་བྱེད་སོ་སོར་ཤར་བས། འཁོར་འདས་ཀྱི་གཟུགས་བརྙན་ཐ་དད་དུ་སྣང་། ཇི་ལྟར་སྣང་ཡང་ཆོས་ཉིད་ཀ་དག་གི་ངང་ལས་མ་འདས་ཤིང་། གདོད་མའི་གཞི་མེ་ལོང་ལྟ་བུ་བཟང་ངན་གང་དུའང་འགྱུར་བ་མེད་དེ། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་ [28a] དང་། ཡོན་ཏན་རིན་པོ་ཆེའི་མཛོད་ལས། ཤེས་བྱ་སྣང་བས་མ་བཅིངས་སྟོང་པའི་དངོས། །སྟོང་པ་རང་བཞིན་གསལ་བའི་སྙིང་པོ་ནི། །རིག་པར་བཞུགས་པའི་སྐུ་དང་ཡེ་ཤེས་ཁམས། །འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་བཞིན། །ཞེས་པས། སྤྱིར་ཤེས་བྱའི་གཤིས་སྣང་བའི་ཡུལ་དང་མ་འདྲེས་པ་ནི་ཕུང་པོ་ལྔའི་ཉེ་བར་ལེན་པས་རང་བཞིན་གྱི་རྣམ་པར་སྟོང་པ་ཉིད་ཡིན་ལ། དེ་ལྟར་སྟོང་པའི་མཚན་ཉིད་ཀྱང་ཐལ་བྱུང་གི་སྟོང་རྐྱང་དུ་བལྟ་བ་མ་ཡིན་པར་རང་བཞིན་འོད་གསལ་བའི་བདག་ཉིད་ཅན་ཏེ། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་སོ། །དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་པ་ཙམ་ལས་རང་ངོར་སྐྱོན་གྱིས་བྲི་བ་དང་ཡོན་ཏན་གྱིས་གང་བ་གཉིས་ཀ་མེད་པས་ན། འདིར་རང་བཞིན་རྫོགས་པ་ཆེན་པོའི་ལམ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་འཆིང་གྲོལ་ལས་འདས་པའི་སྙིང་པོ་རིག་པའི་བདག་ཉིད་ཅན་ལ་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་མ་ལུས་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གདོད་ནས་ཡེ་རྫོགས་ཆེན་པོ་ལས་མི་འདའ་བ་ནི་གྲུབ་པའི་མཐའ་ཆེན་པོ་ཡིན་ནོ། །དེ་ [28b] ལྟ་བུའི་གནས་ལུགས་ལ་ངེས་པ་རྙེད་པར་མ་གྱུར་ན་ཇི་ལྟར་བསྒོམ་ཀྱང་གཟུང་འཛིན་གྱི་ལམ་དུ་གོལ་བར་འགྱུར་ཏེ། ཇི་སྐད་དུ། ཁྲེགས་ཆོད་གདིང་དང་མ་ལྡན་ན། །ཐོད་རྒལ་ཤར་ཡང་གཟུང་འཛིན་ཅན། །ཞེས་པའང་གནད་འདི་ལ་དགོངས་ནས་གསུངས་པ་ཡིན་པས་དང་པོ་ཁྲེགས་ཆོད་ཀྱི་ལྟ་བས་སྣང་སྲིད་འཁོར་འདས་ཐམས་ཅད་རིག་པ་གཅིག་ཏུ་ཐག་ཆོད་ཅིང་ངང་མངོན་དུ་གྱུར་པ་ལ་བསླབ་པ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་པར་ཤེས་པར་བྱའོ། །བཞི་པ་མྱུར་ལམ་གཞན་ལས་ཁྱད་དུ་འཕགས་ཚུལ་ནི། ངང་ཚུལ་རྟོགས་པའི་ཤེས་རབ་ཡེ་ཤེས་ཀྱིས༔ མ་དག་འཁོར་བའི་སྣང་ཞེན་ཐམས་ཅད་ཀུན༔ དག་དབྱིངས་དྭངས་མ་ཉིད་དུ་གོ་འཕོས་པའི༔ འཕོ་བ་ཆེན་པོའི་མྱུར་ལམ་ལ་བརྟེན་པས༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ ཐུགས་གསང་ཆོས་ཉིད་རོལ་པའི་ཀློང་ཆེན་པོ༔ མངོན་གྱུར་གྲོལ་ཐོབ་མྱུར་ལམ་སྙིང་པོའི་ཆོས༔ ལམ་དང་སྒྲུབ་པ་གཞན་ལས་ཁྱད་དུ་འཕགས༔ ཞེས་པ་སྟེ། དེ་ལྟར་ཚུལ་བཞིན་རྟོགས་པའི་ཤེས་རབ་དང་ཡེ་ཤེས་ཆེན་པོས་མ་དག་འཁོར་བའི་སྣང་ཞེན་ཐམས་ཅད་འོད་གསལ་དྭངས་མའི་དབྱིངས་སུ་འཕོ་བའི་གདམས་པ་འདི་ཉིད། འདས་པའི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ། [29a] མ་འོངས་པའི་སངས་རྒྱས་རྣམས་ཀྱིས་བསྒྲུབ་བྱ། ད་ལྟའི་སངས་རྒྱས་རྣམས་ཀྱི་བགྲོད་པ་གཅིག་པུའི་ལམ། གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ཆེན་མངོན་དུ་གྱུར་པ་ལ་གྲོལ་བའི་ཐ་སྙད་བཏགས་པ། ཐེག་པ་གཞན་དང་ལམ་མྱུར་བུལ་ཤིང་རྟ་དང་ཉི་ཟླའི་འགྲོས་ལྟར་ཁྱད་པར་ཆེ་བ་མན་ངག་ཨ་ཏི་ཡོ་གའི་ཟབ་ཆོས་འདི་ཉིད་ཁྲེགས་ཆོད་ལས་ཀྱང་ཁྱད་འཕགས་ཀྱི་ཆེ་བ་བདུན་དང་ལྡན་པ་སྟེ། དེ་ཡང་ཁྲེགས་ཆོད་ཀྱིས་རྡོ་རི་བྲག་ལ་སོགས་འཁྲུལ་སྣང་གི་ཡུལ་དག་པར་མི་ནུས་ལ། ཐོད་རྒལ་གྱིས་སྣང་བ་འོད་ལྔར་བྱེད་ལས་ཁྱད་པར་འཕགས། ཁྲེགས་ཆོད་དུ་རྩ་རླུང་འཛིན་རྩོལ་ཅན་བསྟེན་པས་གེགས་དང་གོལ་ས་མང་བ་ལས། ཐོད་རྒལ་གྱིས་དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་ལས་འདས་པ་ལམ་དུ་བྱས་པས་དུག་གསུམ་གྱི་ལས་རླུང་རང་མལ་དུ་གསོད་པས་ཁྱད་པར་འཕགས། ཁྲེགས་ཆོད་ཀྱི་སྐྱོན་དང་ཡོན་ཏན་ལྐོག་ཏུ་གྱུར་པ་ལས། ཐོད་རྒལ་གྱིས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གདངས་མངོན་དུ་མཐོང་བས་ཁྱད་པར་འཕགས། ཁྲེགས་ཆོད་ཀྱི་ལམ་བློ་དང་ཡིད་དཔྱོད་ཀྱི་ཡུལ་དུ་སོང་བས་ལམ་བསྒྲོད་འཕགས་ཤིན་ཏུ་བུལ་བ་ལས། ཐོད་རྒལ་དུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་མ་བསྒོམ་རང་བྱུང་ལྷུན་གྲུབ་ཀྱི་ངང་དུ་ [29b] ཡིན་པས་ས་ལམ་གཅིག་ཆར་དུ་བརྒལ་བས་ཁྱད་པར་འཕགས། རིག་པ་ཡེ་ནས་འོད་གསལ་དུ་གསུངས་པ་ཁྲེགས་ཆོད་ཀྱིས་སྟོང་གསལ་ཙམ་ལས་བལྟར་མེད་དུ་ཐག་གཅོད་པ། ཐོད་རྒལ་དུ་གནད་གཅུན་པས་ཡེ་ཤེས་ཀྱི་མཐོང་ཕྱེ་སྟེ་ཆོས་ཉིད་ཟེར་གདངས་ལ་མཐོང་བའི་ཁྱད་པར་འཕགས། ཁྲེགས་ཆོད་དུ་དབང་པོ་དྲུག་གི་སྒོམ་དག་པ་འཁྲུལ་སྣང་ལ་ཞེན་པ་སྤོང་བའི་དྭངས་འཚོལ་བ་ལ། ཐོད་རྒལ་དུ་དག་པ་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་ཕྱེ་བས་ཕྱི་ནང་ཟང་ཐལ་གྱི་དབང་པོས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་སྒྲོན་མ་བཞིའི་སྣང་བ་ལ་ལོངས་སྤྱོད་པའི་ཁྱད་པར་འཕགས། ཁྲེགས་ཆོད་དུ་བརྩོན་འགྲུས་སྙིང་སྟོབས་དྲག་པོས་ཉམས་སུ་ལེན་པའི་སྐྱེས་བུ་གྲོལ་པའི་ས་ལ་ཕེབས་ནའང་ལུས་རྡུལ་ཕྲན་དུ་དེངས་པ་ལས་འོད་གསལ་དུ་མི་སྨིན་པ་ལས། ཐོད་རྒལ་གྱིས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་པོ་ཆེའི་བདག་ཉིད་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་སངས་རྒྱས་པར་འགྱུར་བའི་ཁྱད་པར་འཕགས་པ་སྟེ། ཡོན་ཏན་དེ་དག་དང་ལྡན་པའི་ཐེག་མཆོག་བླ་ན་མེད་པ་འདི་ཉིད་ཀྱི་དོན་ཐེག་པ་གཞན་གྱིས་མི་མཐོང་སྟེ། སྒྲོན་མ་སྣང་བྱེད་ལས། དཔེར་ན་རི་རྒྱལ་རྩེར་ཕྱིན་ན། །དམའ་བའི་ལུང་རྣམས་མཐོང་བ་བཞིན། །འོག་མའི་རྒྱུད་དོན་ཇི་བཞིན་མཐོང་། ། [30a] འོག་མས་གོང་མ་མཐོང་བ་མེད། །ཅེས་པ་ལྟར་མན་ངག་འདིས་ནི་ཐམས་ཅད་མཐོང་ཞིང་གྲོལ་བར་འགྱུར་བའི་ཚུལ་ཤེས་རབ་ཀྱི་མིག་ལྡན་དག་གི་རྟོགས་པར་བྱའོ། །ལྔ་པ་ལམ་རྟགས་སྣང་བཞིའི་ས་མཚམས་བསྟན་པ་ལ། ཆོས་ཉིད་མངོན་སུམ་གྱི་སྣང་བ། ཉམས་སྣང་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བ། ཆོས་ཉིད་ཟད་པའི་སྣང་བ་དང་བཞི་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། དེ་ལྟར་རྩེ་གཅིག་ཉམས་ལེན་གནད་བསྣུན་པའི༔ བསྐྱེད་རིམ་ལྷུར་ལེན་བློ་ཡིས་འཆོས་པ་དང༔ ཁྲེགས་ཆོད་ལྟ་བུར་ལྐོག་ཏུ་མ་གྱུར་པར༔ ཤེས་རབ་མིག་ལ་ཡེ་ཤེས་སྤྱན་ཚུད་པའི༔ གཞི་ཡི་རང་བཞིན་ཡེ་ཤེས་ལྔ་ཡི་གདངས༔ དྭངས་མ་འོད་ལྔའི་ཆོས་ཉིད་མངོན་སུམ་དུ༔ སྣང་ཞིང་མངོན་གྱུར་ངང་ལ་ཆམ་བཞག་པས༔ སྒོ་གསུམ་གཡོ་མེད་ངང་དུ་བརྟན་ཐོབ་པས༔ རྡོ་རྗེ་གསུམ་གྱི་བྱིན་རླབས་ཞུགས་པ་ཡི༔ ལྟས་མཚན་ཚུལ་བཞིན་འབྱུང་སྟེ་ཆོས་ཉིད་ཀྱི༔ བདེན་པ་མངོན་དུ་མཐོང་ཞིང་རྣམ་གྲོལ་གྱིཿ ས་དང་ལམ་གྱི་དང་པོར་སླེབས་པ་ཡིན༔ ཁྲེགས་ཆོད་ལྟ་བ་ཇི་བཞིན་རྟོགས་ནས་སུ༔ ལམ་འདིའི་གནད་འགགས་ཇི་ལྟ་བ་བཞིན་དུ༔ ཤེས་ཏེ་ཕྱི་ཡི་རྐྱེན་གསུམ་ལ་བརྟེན་ནས༔ རྩེ་གཅིག་སྙིང་པོའི་སྒྲུབ་ལ་བརྩོན་ [30b] པའི་མི༔ ཟླ་བ་དྲུག་གི་ངེས་པར་བརྟན་ཐོབ་ཅིང་༔ མངོན་སུམ་སྣང་བ་མཐོང་བའི་ཡོན་ཏན་གྱིས༔ ཕྱིན་ཆད་འཁོར་བར་མི་ལྡོག་གདེངས་ཐོབ་བོ༔ ཞེས་པ་སྟེ། དེ་ལྟར་ཉིན་མོ་ཆོས་སྐུའི་རྟེན་ཉི་མ། མཚན་མོ་ལོངས་སྐུའི་རྟེན་ཟླ་བ། ནང་ནུབ་སྤྲུལ་སྐུའི་རྟེན་ཨ་ལོ་ཀེར་བལྟས་ནས་ཉམས་ལེན་གནད་དུ་བསྣུན་པས། བསྐྱེད་རིམ་ལྟར་བཅས་བཅོས་དང་ཁྲེགས་ཆོད་ལྟར་མུན་བསྒོམ་མ་ཡིན་པར་ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་ཚུད་དེ། གཞི་ཡི་རང་བཞིན་ཡེ་ཤེས་ལྔའི་རང་གདངས་མངོན་སུམ་དབང་པོའི་སྒོ་རུ་སྣང་བའི་ཕྱིར་ཆོས་ཉིད་མངོན་སུམ་ཞེས་བྱ་བ་སྟེ། དེའི་ཕྱི་རྟགས་སུ་དབྱིངས་སྣང་ཡོལ་བ་བཀྲམ་པ་ལྟ་བུར་ལྷུན་ཆགས་ཤིང་ངང་བརྟན་པ་དང་། ཐིག་ལེ་འོད་ཟླུམ་ཐིག་ཕྲན་གྱི་རྣམ་པ་ཉ་མིག་ཙམ་ལས་མཐེབ་སྐོར་ཙམ་དུ་སྣང་ཞིང་། དེ་དག་གི་གོ་མཚམས་སུ་རིག་པ་རྡོ་རྗེ་ལུག་རྒྱུད་རྟ་རྔའི་ཉག་ཕྲན་ཙམ་པ་རྩ་གནད་ཀྱིས་གྲོལ་བའི་རྟགས་སུ་ཕྲ་ཞིང་འཁྱོགས་པ་ཐིག་ལེའི་གནད་ཀྱིས་གྲོལ་བའི་རྟགས་སུ་འཁྱོགས་འཚམས་སུ་ཐིག་ལེ་ཕྲ་མོ་ཟུང་འབྲེལ་ཡོད་པ། རླུང་གནད་ཀྱིས་གྲོལ་བའི་རྟགས་སུ་འགྲོ་འོང་གི་རྣམ་པ་ཅན་གསེར་སྐུད་ལྟ་བུའི་འོད་དང་ལྡན་པར་འཆར་རོ། །ནང་རྟགས་སུ་བུམ་དབང་གི་ནུས་པ་ལུས་ཀྱི་གདོས་པ་ལ་ཐེབས་པས་ལུས་དཀའ་ཞིང་ངལ་ [31a] བའི་རྣམ་པས་འགུལ་སྙིང་མི་འདོད་པར་སྡོད་པ་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་དང་། ངག་སྨྲ་བརྗོད་མི་འདོད་པར་ལྐུག་པ་ལྟར་གནས་པ་དང་། སེམས་ཀྱི་རྣམ་རྟོག་དུམ་བུར་འཕྲོ་བའི་རྒྱུན་ཆད་ནས་གར་གཏད་དུ་སྡོད་ཚུགས་པ་མཁའ་འགྲོ་རྙི་ལ་ཟིན་པ་ལྟ་བུའོ། །འདིའི་དུས་སུ་ཕྱིན་ཆད་འཁོར་བར་མི་ལྡོག་པའི་གདེངས་ཐོབ་པས་མདོ་ལམ་གྱིས་དང་པོ་དང་། མ་དག་འཁྲུལ་པའི་སྣང་སེམས་ཐམས་ཅད་དྭངས་མ་འོད་གསལ་གྱི་རང་བཞིན་དུ་རྣམ་པར་སྨིན་ཏེ་མ་རིག་པ་རིག་པར་འཕོས་པས་ན་སྔགས་ལམ་དུ་རྣམ་པར་སྨིན་པའི་རིག་འཛིན་དོན་གྱིས་ཐོབ་པ་ཡིན། སྐབས་འདིར་འཆི་བའི་དབང་དུ་གྱུར་ནས་བར་ཆད་ནའང་རང་བཞིན་སྤྲུལ་པར་དབུགས་འབྱིན་པ་ནི། ཕྱིའི་དབྱིངས་སྣང་གི་རྟགས་དང་པོ་ཙམ་མཐོང་བས་མ་ཡིན་པར་ནང་དུ་ཤེས་རབ་ཀྱི་མིག་རྡུལ་དང་བྲལ་བའི་བདེན་པ་མཐོང་བའི་གནད་ཀྱིས་ཡིན་ཏེ། ཀློང་གསལ་ལས། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །ལེའུའི་སྐབས་བསྡུ་བ་ནི། ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཚུལ་དངས་ཐོབ་པའི་ལེའུ་སྟེ་བཅུ་པའོ༔ ས་མ་ཡ༔ གུ་ཧྱ༔ གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། གསང་ [31b] སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་གྱིས༔ དེ་ལྟར་རྣལ་མའི་དོན་ལ་རྩེ་གཅིག་ཏུ༔ གནད་དུ་བསྣུན་པའི་ཕྱི་རྟགས་འོད་གསལ་གྱི༔ དབྱིངས་དང་ཐིག་ལེ་རིམ་བཞིན་གོང་འཕེལ་གྱི༔ ཚུལ་དུ་སྣང་སྟེ་གྲུ་ཆད་རྣམ་པ་ནས༔ དབྱིངས་སྣང་མཆོད་རྟེན་མདུང་རྩེ་རལ་གྲི་དང་༔ འཁོར་ལོ་རྡོ་རྗེ་པདྨ་རི་ལྡེ་དང་༔ མེ་ལོང་སྤྲིན་དཔུང་ལྟ་བུའི་རྣམ་པར་མཆེད༔ ཐིག་ལེ་ཉ་མིག་ཙམ་ནས་རིམ་པ་བཞིན༔ མཐེབ་གོར་དང་ནི་ཁམ་ཕོར་རྡ་ཆུང་དང་༔ ཤིང་རྟའི་འཕང་ལོ་ཕུབ་ཀྱི་རྦ་འཁོར་དང༔ ཤིན་ཏུ་ཆེ་བ་འདོམས་ཀྱིས་འཁོར་ཙམ་གྱི༔ བར་དུ་མཆེད་པ་འོད་ལྔའི་མུ་ཁྱུད་ཅན༔ མི་གཡོ་མི་འགུལ་ལྷན་ནེར་གནས་པ་སྣང་༔ རྡོ་རྗེ་ལུག་རྒྱུད་རྟ་རྔའི་ཉག་ཕྲན་ཙམ༔ གསེར་སྐུད་ལྟ་བུར་འོད་དང་ལྡན་པ་ལ༔ ཕྲ་ཞིང་འཁྱོགས་ལ་འགྲོ་འོང་རྣམ་པ་རུ༔ ཆོས་ཉིད་མངོན་སུམ་དུས་སུ་སྣང་བ་ནས༔ གོང་འཕེལ་དུས་སུ་ཅུང་ཟད་བརྟན་གྱུར་ཏེ༔ མུ་ཏིག་ཕྲ་མོ་བསྟར་ལ་བརྒྱུས་པ་བཞིན༔ སྨིན་ཏེ་རིམ་བཞིན་ཆེར་འཕེལ་ཇེ་བརྟན་འགྱུར༔ མཐར་ནི་ས་རྡོ་རི་བྲག་གཟུགས་བརྙན་ཀུན༔ མ་དག་སྣང་བ་རྡུལ་ཙམ་མི་མངོན་པར༔ དྭངས་མ་འོད་དང་འཇའ་ཚོན་རྣམ་པར་སྣང༔ དེ་ནི་ཕྱི་ཡི་འཕེལ་ཚད་རྫོགས་པ་ཡིན༔ ནང་རྟགས་ལུས་དང་རྩ་ཁམས་འཁྲུག་པ་ལས༔ གྱེན་རྒྱུ་སྲོག་འཛིན་མེ་ [32a] མཉམ་ཁྱབ་བྱེད་དང་༔ ཐུར་སེལ་རླུང་འཕེལ་འགྲིབ་བྱུང་བ་ཡི༔ བྱེད་ལས་བདེ་སྡུག་ན་ཚ་ཟུག་རྡུ་དང་༔ ཟ་ཟི་བྱ་སྤྱོད་མ་ངེས་སྣ་ཚོགས་ཀྱི༔ སྤྱོད་པ་བྱེད་ཅིང་བརྟན་གནས་མེད་པ་ཡིན༔ ངག་ཀྱང་སྨྱོན་པ་རང་ཚིག་རྡོལ་བ་བཞིན༔ གླུ་དང་མགུར་མ་ལ་སོགས་ཆོས་ཚིག་དང་༔ འཇིག་རྟེན་ཐ་མལ་པ་ཡི་འཆོལ་ཚིག་རྣམས༔ མ་བསམ་བཞིན་དུ་རང་རྡོལ་འབྱུང་འགྱུར་ཏེ༔ སེམས་ཀྱང་སྨྱོན་པའུར་གྱིས་བསླང་བ་ལྟར༔ གཏད་མེད་འཛིན་མེད་བྱུང་རྒྱལ་ངང་གྱུར་ཏེ༔ འདུག་ཚེ་སྡོད་སྙིང་མི་འདོད་སྡོད་མི་ཚུགས༔ འགྲོ་ཚེ་འགྲོ་སྙིང་མི་འདོད་འདུག་པར་བསམ༔ ཉོན་ཡིད་བསླང་ནས་དུག་ལྔ་རེས་མོས་སུ༔ ཤིན་ཏུ་དྲག་ལ་ཤུགས་ཆེ་བ་རུ་ལྡང་༔ རེས་འགའ་སྙིང་རྗེ་ངེས་འབྱུང་རྩལ་འབར་ཏེ༔ དུ་སྙིང་འདོད་ཅིང་བཟོད་མེད་སྡུག་བསྔལ་འཆར༔ མ་དག་བསྐལ་པ་དབྱིངས་སུ་འཇིག་པའི་ལུས༔ མ་ངེས་ཉམས་སྣང་ཆལ་མ་ཆོལ་མར་འབྱུང་༔ ལྷ་འདྲེའི་ཆོ་འཕྲུལ་ཐན་དང་ལྟས་ངན་སྣང་༔ མོ་རྩིས་སྨན་དཔྱད་ཀུན་ཀྱང་རབ་ཏུ་འཁྲུགས༔ དེ་དག་བདེན་མེད་ཉམས་ཀྱི་སྣང་བ་རུ༔ ཤེས་ཏེ་བདེན་ཞེན་མེད་པར་འཇོག་ནུས་ན༔ སྒྱུ་མ་རྨི་ལམ་ལྟ་བུར་རིམ་བཞིན་ཡལ༔ འདི་ཡི་ཡོན་ཏན་མངོན་སུམ་སྣང་བའི་དུས་ [32b] རང་བཞིན་སྤྲུལ་པའི་སྐུ་རུ་དབུགས་འབྱིན་འགྱུར༔ གྲུ་ཆད་རྣམ་པར་ཤར་བའི་དུས་སྐབས་སུ༔ བར་དོ་མེད་པར་གྲོལ་འགྱུར་གདོན་མི་ཟ༔ འཕེལ་ཚད་རྫོགས་ཚེ་ལོངས་སྤྱོད་རྫོགས་སྐུར་གྲོལ༔ མདོར་ན་ས་མཚམས་འདི་ལ་བབས་པའི་ཚེ༔ འཁོར་བར་མི་ལྡོག་སྲིད་ལས་རྣམ་པར་རྒྱལ༔ ཞེས་པ་སྟེ། དེ་ཡང་གོང་བཞིན་ཉམས་ལེན་ལ་གནད་དུ་བསྣུན་པས་ནང་དུ་ཆོས་ཉིད་ཀྱི་ངོ་བོ་སྟོང་པར་མཐོང་བས། དེའི་གདངས་རང་བཞིན་གསལ་བའི་ཡེ་ཤེས་ཕྱི་རོལ་དུ་མི་འགྱུར་བར་གོང་དུ་འཕེལ་བས་ན་ཉམས་གོང་འཕེལ་ཏེ། ཕྱི་རྟགས་སུ་འོད་སྣང་ཆེར་མཆེད་དེ་དབྱིངས་སྣང་འོད་ལྔ་རྩིབས་ཤར་དང་། གྱེན་འགྲེང་དང་། ཟླུམ་འཁྲིགས་དང་། དྲྭ་བ་དྲ་ཕྱེད། མིག་མང་རིས། མཆོད་རྟེན། མདུང་རྩེ། པདྨ་སྟོང་ལྡན། རེ་ལྡེ། མེ་ལོང་། སྤྲིན་དཔུང་། རལ་གྲི། འཁོར་ལོ། རྡོ་རྗེ་ལྟ་བུ་སོགས་རྣམ་པ་མ་ངེས་པར་སྣང་ལ། ཐིག་ལེ་མཐེབ་སྐོར་ཙམ་ནས། ཁམ་ཕོར། རྔ་ཆུང་། ཤིང་རྟའི་འཕང་ལོ། ཕུབ་ཀྱི་རྦ་འཁོར། ཆེ་བ་འདོམས་ཀྱིས་འཁོར་ཙམ་དུ་འཕེལ་ཞིང་། རིག་པ་མུ་ཏིག་ཕྲ་མོ་བསྟར་ལ་བརྒྱུས་པ་ལྟར་རིམ་བཞིན་ཇེ་འཕེལ་དུ་འགྲོ་ཞིང་འདབ་ཆགས་འཕུར་སྐྱེན་པ་དང་། རི་དྭགས་རྩིབས་ལ་རྒྱུག་པ་དང་། ཤ་ར་ཎ་དལ་གྱིས་འགྲོ་བ་དང་། བུང་བ་མེ་ཏོག་ལ་ལྡིང་བ་ལྟ་བུར་ [33a] ཇེ་དལ་དུ་འགྲོ་བ་ནི་ཅུང་ཟད་གོམས་པ་དང་། བར་དུ་གོམས་པའི་ཐ་སྙད་བཏགས་ཅིང་། མཆོག་ཏུ་གོམས་པའི་ཚད་ནི་གང་དུ་བལྟས་པའི་སྟོང་ཁམས་འོད་གསལ་གྱི་སྣང་བས་ཁྱབ་ཅིང་འགུལ་འཕྲིགས་མེད་པར་གནས་པ་སྟེ། སྒྲོན་མ་སྣང་བྱེད་ལས། སྣང་བ་ཐམས་ཅད་ཐིག་ལེ་རུ། །ཤར་ནས་དཀྲིག་གི་གནས་པ་ན། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །ནང་རྟགས་སུ་གསང་དབང་གི་ནུས་པ་རྩ་རླུང་ལ་ཐེབས་པའི་ལྟས་སུ་ལུས་དང་རྩ་ཁམས་ཐམས་ཅད་འཁྲུགས་ཏེ། སྙིང་ག་ནས་མགྲིན་པའི་བར་གྱི་ནང་རོལ་ཐམས་ཅད་ན་ཞིང་གྱེན་རྒྱུའི་རླུང་འཕེལ་བས་དང་ཀ་འགག་ནས་དབུགས་ཀྱི་རྒྱུ་ལམ་མི་བདེ་ཞིང་ཟས་སྐོམ་ཕྱིར་འཕེན་པ་སོགས་དང་། སྲོག་འཛིན་གྱི་རླུང་འཁྲུགས་པས་སེམས་ལས་སུ་མི་རུང་ཞིང་སྙིང་ན་བ་དང་། མེ་མཉམ་གྱི་རླུང་འཕེལ་བས་ལུས་ལ་ཚ་དྲོད་དྲག་པོ་འབར་ཞིང་འགྲིབ་ཚེ་གྲང་བས་གདུང་བ་དང་། ཁྱབ་བྱེད་ཀྱི་རླུང་འཕེལ་བས་ལུས་སྐྲངས་ཏེ་ཤ་རྒྱས་པ་དང་། འགྲིབ་ཚེ་མདངས་ཉམས་ནས་ཤ་སྐམ་པ་སོགས་དང་། ཐུར་སེལ་གྱི་རླུང་ལྡང་བས་དྲི་ཆུ་དང་གཤང་ལྕི་འགག་པ་དང་། འགྲིབ་ཚེ་རང་བཞིན་གྱིས་འཛག་པ་སོགས་མདོར་ན་མི་བདེ་བའི་ཟུག་རྔུ་སྣ་ཚོགས་འཆར་བ་དང་། ལུས་སྒེག་ཆོས་ངོ་ཚ་དང་བྲལ་ཏེ་སྐྱེས་ [33b] བུ་ཆང་གིས་མྱོས་པ་ལྟ་བུར་བྱ་སྤྱོད་སྣ་ཚོགས་པས་སྡོད་མི་ཚུགས་པ་དང་། ངག་ཀྱང་སྨྱོན་པའི་ཅ་ཅོ་སྒྲོགས་པ་ལྟར་གླུ་དང་མགུར་མ་འཆོལ་ཚིག་ལ་སོགས་མ་ངེས་པའི་ཚིག་རང་རྡོལ་དུ་འབྱུང་བ་དང་། སེམས་ཀྱང་གཟའ་གཏད་མེད་པར་སྨྱོན་པ་འུར་ལངས་པ་ལྟར་གཏད་མེད་རྒྱ་འབྱམས་སུ་ཡན་པའོ། །གཞན་ཡང་འདུག་ཚེ་འགྲོ་སྙིང་འདོད་ཅིང་འགྲོ་ཚེ་སྡོད་སྙིང་འདོད་པ་དང་། ཉོན་ཡིད་བསླང་ནས་དུག་ལྔའི་རྟོག་པ་དྲག་ལ་ཤུགས་ཆེ་བའི་རེས་མོས་སུ་ལྡང་ཞིང་། འགའ་ཞིག་ངེས་འབྱུང་དང་སྙིང་རྗེའི་རྩལ་འབར་ནས་སྡུག་བསྔལ་གྱི་སྣང་བ་བཟོད་མེད་དུ་སྐྱེས་ཏེ་ངུ་སྙིང་འདོད་པ་དང་། ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ། ནང་སློང་ལུས་ཀྱི་ན་ཚ། གསང་སློང་སེམས་ཀྱི་བདེ་སྡུག་ལ་སོགས་མ་ངེས་པའི་ཉམས་རྟགས་སྣ་ཚོགས་ཆལ་ཆོལ་དུ་སྣང་ཞིང་། དེའི་ཚེ་མོ་རྩིས་སྨན་དཔྱད་བྱས་པས་ཤིན་ཏུ་འཁྲུགས་པའི་མཚན་མ་སོགས་འབྱུང་བས། འདིའི་དུས་སུ་དེ་དག་བདེན་མེད་ཉམས་ཀྱི་རྫུན་རིས་སུ་ཤེས་ནས་བདེན་ཞེན་སྤངས་ཏེ་རང་སར་བཞག་པས་སྒྱུ་མ་དང་རྨི་ལམ་ལྟ་བུར་ཡལ་དུ་འགྲོ་བ་ཡིན། དེ་རྣམས་ནི་མ་དག་སྙིགས་མའི་བསྐལ་པ་འོད་གསལ་དྭངས་མའི་དབྱིངས་སུ་འཇིག་པའི་ལྟས་སོ། །འདིའི་དུས་སུ་མདོ་ལམ་གྱི་ས་ལྔ་པ་དང་། འཁོར་བར་སྐྱེ་འཆིའི་སྣང་བ་ [34a] ཐམས་ཅད་ཆོད་པས་སྔགས་ལམ་དུ་ཚེ་དབང་རིག་འཛིན་གྱི་ས་ཐོབ་པ་ཡིན་ནོ། །སྐབས་འདིར་མཚམས་ཆད་ནའང་གྲུ་ཆད་ཀྱི་རྣམ་པར་ཤར་བའི་དུས་སུ་ཚོམ་བུའི་སྣང་བ་ལ་གྲོལ་ནས་བར་དོ་མེད་པར་རང་བཞིན་སྤྲུལ་པར་དབུགས་འབྱིན། འཕེལ་ཚད་རྫོགས་ཚེ་ཆོས་ཉིད་བར་དོར་ལོངས་སྤྱོད་རྫོགས་སྐུར་གྲོལ་བ་སྟེ། ཀློང་གསལ་ལས། སྐུ་ཤར་ཉམས་གྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོངས། །ཞེས་སོ། །སྐུ་ཤར་བ་གོང་འཕེལ་རྫོགས་པའི་རྟགས་སུ་བཤད་པས་ཚད་ཕེབས་ཀྱི་མགོ་ཟིན་པ་ཡང་དོན་གྱིས་བསྟན་ནོ། །ལེའུའི་སྐབས་བསྡུ་བ་ནི། གོང་འཕེལ་དང་ཕན་ཡོན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ༔ ས་མ་ཡ༔ གུ་ཧྱ༔ གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དེ་ལྟར་ཡང་ཡང་སྦྱངས་པའི་སྟོབས་བསྐྱེད་པས༔ རིག་པ་བཅུད་དུ་སྨིན་ཅིང་ཚད་ལ་ཕེབས༔ ཕྱི་རྟགས་དབྱིངས་སྣང་གཞལ་ཡས་ཁང་དུ་མཆེད༔ ཐིག་ལེ་ལྔ་ཚོམ་ཤར་བའི་ནང་དབུས་སུ༔ རིགས་ལྔའི་ཕྱག་རྒྱ་ཡར་ཕྱེད་གདོང་ཕྱེད་དུ༔ སྣང་ཞིང་ཆེར་སྨིན་སྐུ་རྐྱང་ཚང་བར་འཆར༔ མཐར་ནི་ཚོམ་བུ་ལྔ་ལྔར་ཤར་བའི་ནང་༔ རྣམ་སྣང་རྡོར་སེམས་རིན་འབྱུང་སྣང་མཐའ་ཡས༔ [34b] དོན་ཡོད་གྲུབ་པ་ཡུམ་དང་བཅས་པ་ལ༔ འཁོར་ཀྱང་སེམས་དཔའ་སེམས་མ་བཞི་བཞིར་བཅས༔ མཛེས་ཤིང་སྐྱེ་མཆེད་རྒྱན་རྫོགས་རྣམ་པར་འཆར༔ རྡོ་རྗེ་ལུག་རྒྱུད་དཀར་སེར་དམར་ལྗང་གུ༔ མུ་ཏིག་བསྟར་ལ་རྒྱུས་པ་ལྟ་བུ་རུ༔ དྲྭ་བ་དྲྭ་ཕྱེད་རྣམ་པར་འཆར་བ་ཡིན༔ ནང་རྟགས་ལུས་ནི་ཟང་ཐལ་དྲི་མེད་ཀྱིས༔ དངོས་པོ་ཐོག་རེག་ཀུན་ལ་ཐོགས་པ་མེད༔ ངག་ནི་ཆོས་ཚིག་གཏམ་རྒྱུད་གླུ་མགུར་མ༔ རང་རྡོལ་བྱུང་སྟེ་གཞན་སྣང་དགེ་ལ་སྦྱོར༔ སེམས་ཉིད་ཡེ་ཤེས་ལྔ་རུ་གོ་འཕོས་ཏེ༔ སྤྲུལ་བསྒྱུར་སྐྱེ་འཇུག་རྣམས་ལ་རང་དབང་བསྒྱུར༔ འདི་དུས་གདུལ་བྱ་ཐེར་འབུམ་དང་བཅས་པ༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ས་རུ་གྲོལ༔ ཞེས་པ་སྟེ། དེ་ལ་རིག་པའི་ཡོན་ཏན་འཕེལ་བའི་ཆ་སྟོབས་སུ་གྱུར་པ་ལས་སྣང་བ་འོད་གསལ་དུ་སྨིན་ཅིང་ཚད་ལ་ཕེབས་པ་སྟེ། ཕྱི་རྟགས་སུ་དབྱིངས་ཀྱི་སྣང་བ་གཞལ་ཡས་ཁང་ལྟ་བུའི་ཀློང་དུ་ཐིག་ལེ་ལྔ་ཚོམ་གྱི་ནང་དུ་རྒྱལ་བ་རིགས་ལྔའི་སྐུ་དང་པོ་ཡར་ཕྱེད་དང་གདོང་ཕྱེད་དུ་སྣང་ཞིང་། བར་དུ་སྐུ་རྐྱང་དང་ཚང་བར་འཆར་བ་དང་། མཐར་རྣམ་སྣང་དཀར་པོ། རྡོར་སེམས་མཐིང་ག །རིན་འབྱུང་སེར་པོ། སྣང་མཐའ་དམར་པོ། དོན་གྲུབ་ལྗང་གུ་རྣམས་རང་རང་རིགས་ཀྱི་ཡུམ་དང་སེམས་དཔའ་ [35a] སེམས་མ་བཞི་བཞིར་བཅས་པ་མཛེས་ཤིང་རྒྱན་རྫོགས་ཀྱི་རྣམ་པར་གཙོ་དང་འཁོར་གྱི་ཚོམ་བུ་ཐ་དད་པའི་དཀྱིལ་འཁོར་མུ་ཁྱུད་ཀྱི་ར་བ་དང་བཅས་པ་འཆར་ཞིང་། རིག་གདངས་རྡོ་རྗེ་ལུག་རྒྱུད་དཀར་སེར་དམར་ལྗང་དྲྭ་བ་དྲྭ་ཕྱེད་ཀྱི་རྣམ་པར་འཆར་རོ། །འདིའི་དུས་སུ་སྣང་བ་ཐམས་ཅད་དབྱིངས་དང་ཐིག་ལེ་ལྷ་སྐུའི་རོལ་པར་སྨིན་ཏེ་འབྱུང་ལྔའི་སྣང་བ་དབྱིངས་སུ་ནུབ་ནས་སྣང་སྲིད་དག་པ་རབ་འབྱམས་སུ་འཆར་བའི་གནས་སྐབས་ཡིན། ནང་རྟགས་སུ་ཤེར་དབང་གི་ནུས་པ་སེམས་དང་ཐིག་ལེ་རུ་ཕེབས་པས་རླུང་སེམས་གཉིས་ལ་རང་དབང་ཐོབ་ནས་གྲུབ་པ་བརྒྱད་ལ་མངའ་བརྙེས་པ་དང་། ལུས་འོད་གསལ་དུ་སྨིན་ནས་རི་བྲག་སོགས་ཐོག་རེག་གི་གནས་རྣམས་སུ་ཟང་ཐལ་དུ་འགྲོ་བ་གླང་པོ་ཆེ་འདམ་དུ་ཚུད་ཀྱང་རང་སྟོབས་ཀྱིས་བརྒལ་ནུས་པ་ལྟ་བུ་དང་། ངག་རྡོ་རྗེ་གསུང་གི་རོལ་པར་སྨིན་ཅིང་དག་ནས་ཅི་སྨྲས་ཐམས་ཅད་གྲུལ་བུམ་གྱིས་ཕྲུ་གུས་གླུ་ལེན་པ་ལྟར་གཞན་གྱི་རྣ་བར་སྙན་ཅིང་རྒྱུད་ལ་ཕན་ཐོགས་པ་དང་། རྒྱུ་རྐྱེན་ལ་མི་ལྟོས་པར་ཡང་དག་པའི་རྒྱུད་ལུང་མན་ངག་གི་ཆོས་ཚིག་ཐམས་ཅད་རང་རྡོལ་དུ་འབྱུང་། སེམས་ཉིད་ཡེ་ཤེས་ལྔ་རུ་གོ་འཕོས་ཏེ་རིག་པ་རང་ཐོག་ཏུ་སད་ཅིང་ཤེས་རབ་དང་ཡེ་ཤེས་ཀྱི་སྤྱན་ཚུད་པས་སྣང་སྲིད་འཁོར་འདས་ཐམས་ [35b] ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་ལྟར་གསལ་འགྲིབ་མེད་པའི་མངོན་ཤེས་ཀྱིས་གཟིགས་ཤིང་ངར་འཛིན་མེད་པ་དང་། སྤྲུལ་བསྒྱུར་སྐྱེ་འཇུག་ལ་རང་དབང་བསྒྱུར་བས་གདུལ་བྱ་ཐེར་འབུམ་དང་བཅས་རྣམ་མཁྱེན་གྱི་ས་རུ་སྒྲོལ་བའོ། །འདི་དུས་སུ་མདོ་ལམ་གྱིས་བརྒྱད་པ་དང་། སྔགས་ལམ་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་བ་ཐོབ་པའོ། །འདིར་བར་དོ་མེད་པར་རང་གྲོལ་བ་སྟེ། ཀློང་གསལ་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་སོ། །ལེའུའི་སྐབས་བསྡུ་བ་ནི། རིག་པ་ཚད་ཕེབས་ཀྱི་ཚུལ་བསྟན་པའི་ལེའུའི་སྟེ་བཅུ་གཉིས་པའོ༔ ས་མ་ཡ༔ གུ་ཧྱཿ འདིར་གོང་དུ་སྨྲོས་པ་ཉམས་ལེན་སྲང་དུ་འཛུད་པའི་ཚུལ་བཤད་པ་ལ། སྤྲོས་བཅས་ཐུན་བཞིའི་རྣལ་འབྱོར། སྤྲོས་མེད་ཉིན་མཚན་ཁ་སྦྱར། བར་སྐབས་འཆི་བ་སྦྱངས་པ་དང་གསུམ་ལས། དང་པོ་སྤྲོས་བཅས་ཐུན་བཞིའི་རྣལ་འབྱོར་ལ་བསླབ་པ་ནི། ཀློང་གསལ་ལས། དགེ་སྦྱོར་སྲང་དུ་འཇུག་པའི་ཕྱིར། །ཐུན་བཞིའི་རྣལ་འབྱོར་ཉིད་ལ་བསླབ། །ཅེས་པས། དེ་ཡང་ཐོ་རངས་དང་པོ་ལ་བླ་མའི་རྣལ་འབྱོར་བསྒོམ། བར་པ་ལ་ཁྲེགས་ཆོད་བསྐྱང་། ཐ་མ་ལ་བདེ་སྟོང་གཏུམ་མོ་བསྒོམ། ནམ་ལངས་ནས་ཉི་ཤར་གྱི་བར་ལ་ཁ་ [36a] ཏོན་སོགས་བྱའོ། །ཉི་ཤར་ནས་གུང་གི་བར་ཐོད་རྒལ་བསྒོམ། གུང་ལ་ཆོས་སྤྱོད་ཀྱི་རིགས་བྱ། ཕྱི་དྲོ་ལ་ཐོད་རྒལ་བལྟ། དགོང་མོར་གཏོར་བསྔོས་སོགས་བྱ། སྲོད་ཐུན་དང་པོར་འཆི་བ་མི་རྟག་པ་བསྒོམ། བར་པ་ལ་བསྐྱེད་རིམ་དང་བཟླས་པ་བྱ། གུང་ཐུན་ལ་གཉིད་འོད་གསལ་དུ་སྦ་བའི་ཏིང་ངེ་འཛིན་ལ་འཇུག །ཐམས་ཅད་ལ་ཐུན་མགོར་སེམས་བསྐྱེད། ཐུན་དངོས་དམིགས་མེད། ཐུན་འཇུག་བསྔོ་སྨོན་ཏེ་དམ་པ་གསུམ་གྱིས་ཟིན་པར་བྱའོ། །གཉིས་པ་སྤྲོས་མེད་ཉིན་མཚན་ཁ་སྦྱར་ལ་བསླབ་པ་ནི། བསྐལ་མང་གོང་ནས་བསོད་ནམས་རྒྱ་ཆེན་པོ༔ བསགས་དང་སྨོན་ལམ་བཟང་པོའི་སྟོབས་ལྡན་ཏེ༔ ཐེག་ཆེན་ཆོས་ལ་ལས་འབྲེལ་བཞག་པ་ཡི༔ སྐྱེས་བུ་སྐལ་པ་བཟང་པོ་ཉིན་སྐར་ཙམ༔ སྲིད་ན་ཉིན་མཚན་ཁ་སྦྱར་རིམ་པས་སྦྱངས༔ ཞེས་པ་སྟེ། འོད་གསལ་ཐོད་རྒལ་ཉག་གཅིག་ལ་བསླབ་པར་འདོད་པའི་སྤྱོད་ཡུལ་ཡིན་ཏེ། སྒྲོན་མ་སྣང་བྱེད་ལས། ཉིན་མཚན་ཁ་སྦྱོར་རིམ་ཐོབ་བཞིན། །ཞེས་སོ། །དེ་ཡང་ཇི་ལྟར་བསྒོམ་ན། ཉིན་དུས་འོད་གསལ་སྣང་བ་མངོན་བྱེད་ཅིང་༔ ཞེས་ཉིན་མོ་བྱ་བ་དགུ་ཕྲུགས་སུ་བཏང་ནས་ལུས་བཞུགས་སྟངས་དང་གཟིགས་སྟངས་ལས་མི་འགྱུར་བར་འོད་གསལ་གྱི་སྣང་བ་མངོན་དུ་བྱེད་པ་ལ་ [36b] བསླབ། མཚན་མོ་ཆ་གསུམ་དུ་བྱས་པའི་སྲོད་ལ་དབང་པོ་གནད་དུ་བསྡུ་བ་ནི། མཚན་མོ་ཉལ་ཚེ་ཤེས་བྱ་བུམ་པར་བསྡུ༔ ལུས་ནང་དབུ་མ་མཚན་ཉིད་བཞི་ལྡན་བསྒོམ༔ ལྟེ་བར་ཨ་ཐུང་དམར་པོ་གསལ་བ་ལས༔ གཏུམ་མོ་ཡེ་ཤེས་མེ་ལྕེ་རབ་མཆེད་པས༔ འཁོར་ལོ་བཞི་ཁྱབ་སྤྱི་བོའི་ཧཾ་ལ་ཕོག༔ ཧཾ་ལས་བདེ་སྟོང་བདུད་རྩིའི་ཆུ་རྒྱུན་བྱུང་༔ ལྟེ་བའི་ཨ་ཐུང་ཉིད་ལ་ཕོག་པ་ལས༔ མེ་དང་བདུད་རྩི་གཉིས་མེད་རབ་མཆེད་དེ༔ ནད་གདོན་ལས་ཉོན་སྡིག་སྒྲིབ་བག་ཆགས་བསྲེགས༔ རང་ལུས་འོད་ཀྱི་ཕུང་པོར་གསལ་བའི་དབུས༔ དབུ་མའི་སྦུབས་དང་མེ་ལ་ཤེས་པ་གཏད༔ གཞན་དུ་མི་འགྱུར་དེའི་ངང་གཉིད་ནས་སླར༔ ཞེས་པ་སྟེ། དྲང་སྲོང་གི་འདུག་སྟངས་དང་བཅས་རང་ལུས་འོད་ཀྱི་ཕུང་པོར་གསལ་བའི་དབུས་སུ་རྩ་དབུ་མ་དེ་ཉིད་ཕྱི་དཀར་ལ་ནང་དམར་བ་བར་མཐིང་ག་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། པདྨའི་འདབ་མ་ལྟར་སྲབ་པ། རྒྱ་ཚོས་ཀྱི་ཁུ་བ་ལྟར་སྣུམ་པ། ཏིལ་གྱི་མར་མེ་ལྟར་གསལ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣེ་སྤྱི་བོར་ཚངས་པའི་བུ་གར་ཟུག་ཅིང་མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་ཁ་ཟུམ་པ། གཡས་སུ་རོ་མ་དཀར་མོ་དང་གཡོན་དུ་རྐྱང་མ་དམར་མོ་གཉིས་ཀྱི་མར་སྣེ་ལྟེ་འོག་ཏུ་དབུ་མར་ཟུག་ཅིང་ཡར་སྣེ་རྣ་ལྟ་གནས་གུག་སྟེ་སྣ་བུག་ [37a] གཉིས་སུ་ཟུག་པ། རྩ་གསུམ་པོའི་འདུས་མདོར་ཤེས་རབ་སྟོང་ཉིད་ཡུམ་གྱི་ངོ་བོ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་མེ་ཡི་རང་བཞིན་ཅན་སྐྱེར་ཚེར་བཅད་པ་ལྟ་བུའི་རྩེ་མོར་ནྰད་དང་བཅས་པ་གསལ། སྤྱི་བོ་ཚངས་པའི་བུ་གར་ཐབས་མཆོག་བདེ་ཆེན་ཡབ་ཀྱི་ངོ་བོ་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་དུ་ཡོད་པར་བསྒོམ། རང་གི་སྣ་རྩེའི་ཐད་ཀྱི་ནམ་མཁར་སོར་བཅུ་གཉིས་ཀྱི་མཚམས་སུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ཐམས་ཅད་འདུས་པའི་ངོ་བོ་འོད་ཕུང་ལྗང་ནག་རླུང་གི་རང་བཞིན་ཅན་དུ་གསལ་ལ། སྣ་བུག་ནས་རླུང་རྡུབས་པ་དང་མཉམ་དུ་འོད་ཕུང་དེ་སྤོས་རིང་གི་དུད་པ་ལྟར་བྱུང་ནས་རོ་རྐྱང་གི་ལམ་བརྒྱུད་དེ་ལྟེ་བའི་ཨ་ཐུང་ལ་ཕོག་པའི་རྐྱེན་གྱིས་མེ་འབར་ཏེ་ལྟེ་བ་ནས་སྙིང་ག་མགྲིན་པ་སྤྱི་བོའི་བར་གྱི་རྩ་འཁོར་རྣམས་ཁྱབ། ཧཾ་ལ་ཕོག་པས་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ངང་ནར་གྱིས་བྱུང་སྟེ་སྤྱི་མགྲིན་སྙིང་ག་ལྟེ་བ་རྣམས་སུ་བབས་པས། སྒྲིབ་བཞི་དག །དབང་བཞི་ཐོབ་ཅིང་། དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། བདུད་རྩི་ལྟེ་བའི་ཨ་ཐུང་ལ་ཕོག་པས་མེའི་གསོས་བྱས་ཏེ་བྱིན་རླབས་ཡེ་ཤེས་ཀྱི་རླུང་། གཏུམ་མོ་ཡེ་ཤེས་ཀྱི་མེ། བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩི་གསུམ་དབྱེར་མེད་དུ་གྱུར་པ་ཆེར་མཆེད་དེ། ཚེ་རབས་ [37b] ཐོག་མ་མེད་པ་ནས་བསགས་པའི་སྒྲིབ་བག་ཆགས་ནད་གདོན་གཟུང་འཛིན་གཉིས་སུ་སྣང་བའི་རྟོག་ཚོགས་ཐམས་ཅད་ལྷག་མེད་དུ་བསྲེགས་ཏེ་རང་ལུས་དབུ་མ་མེ་དང་བཅས་པས་སྟོང་ཁམས་ཁྱབ་པར་བསྒོམ་ལ་བདེ་སྟོང་གི་ངང་དུ་བཞག །སླར་ཡང་དེ་ཉིད་ཇེ་ཕྲར་སོང་ནས་རང་ལུས་དང་དབུ་མ་སྔར་བཞིན་དུ་གྱུར་པར་བསམ་ཞིང་གཞན་དུ་མི་ཡེངས་པར་ཨ་ཐུང་ལ་སེམས་གཏད་དེ་གཉིད་ལོག་པར་བྱའོ། །གུང་ལ་ཤེས་བྱ་བུམ་པར་བསྡུ་བ་ནི། ནམ་ཕྱེད་ལོངས་སྐུའི་འདུག་སྟངས་ལ་བརྟེན་ཏེ༔ སྣ་རྩེར་ཐིག་ལེ་དཀར་པོ་ཞིག་གསལ་ཏེ༔ རང་གི་ལུས་ངག་ཡིད་གསུམ་འོད་དུ་ཞུ༔ ཆུ་ཉིད་ལ་ནི་ཆུ་བཞག་ཇི་བཞིན་དུ༔ སྣ་རྩེའི་ཐིག་ལེ་ཉིད་ལ་ཐིམ་བྱས་ཏེ༔ ཐིག་ལེ་མངོན་བྱེད་ངང་ནས་ཐུན་ཆུང་བཟུང༔ མཐར་ནི་དབུ་མ་སྔར་བཞིན་གསལ་བཏབ་སྟེ༔ སྙིང་གར་ཨ་དཀར་གསལ་འཚེར་འོད་འབར་བསྒོམ༔ དབུ་མའི་ཡར་སྣེ་དེ་བཞིན་ཨ་དཀར་པོ༔ དེ་གཉིས་བར་དུ་ཨ་དཀར་བཅུ་དགུ་ནི༔ འོད་དང་འོད་ཟེར་འབར་བའི་རང་བཞིན་ཅན༔ དཔེར་ན་ཉི་མའི་དཀྱིལ་འཁོར་ལྟ་བུར་གསལ༔ བརྒྱུད་གསུམ་བླ་མ་རྒྱ་མཚོ་མ་ལུས་པ༔ འོད་ཕུང་སྤྲིན་དཀར་རྣམ་པར་བསྡུས་ཏེ་ཐིམ༔ ཨ་ནི་རིམ་བཞིན་དང་པོ་མས་རིམ་དུ༔ གཉིས་པ་ཐིམ་སྟེ་གཉིས་ཀྱི་འོད་ [38a] བཀྲག་མདངས་༔ འབར་བཞིན་རིམ་བསྡུས་སྙིང་གའི་ཨ་ལ་ཐིམ༔ ཨ་དཀར་ཉེར་གཅིག་བཀྲག་མདངས་གཟི་བརྗིད་འདུས༔ དབུ་མའི་ནང་ཀུན་འོད་ཀྱིས་གང་བ་ལ༔ ཤེས་པ་གཏད་དེ་གཉིད་དུ་ཕྱོགས་ནས་སུ༔ ཞེས་པ་སྟེ། གླང་ཆེན་ཉལ་སྟབས་དང་བཅས་དང་པོ་སྣ་རྩེར་ཐིག་ལེ་དཀར་པོ་ཞིག་གསལ་ཏེ་རང་གི་ལུས་ངག་ཡིད་གསུམ་འོད་དུ་ཞུ་ནས་མཆུ་ལ་ཆུ་ཐིམ་པ་བཞིན་དུ་སྣ་རྩེའི་ཐིག་ལེ་ལ་ཐིམ་པར་བསམ་ལ་ཅུང་ཟད་མཉམ་པར་བཞག །སླར་ཡང་རང་ལུས་དང་དབུ་མ་སྔར་བཞིན་གསལ་ལ་སྙིང་གར་ཨ་དཀར་པོ་བཀྲག་མདངས་འཚེར་བ་གཅིག་དང་། ཚངས་བུག་ཏུ་ཨ་དཀར་པོ་གཅིག །དེ་གཉིས་ཀྱི་བར་ཨ་ཝ་དྷུ་ཏིའི་ནང་ན་ཨ་དཀར་བཅུ་དགུ་ཤེལ་གྱི་ཕྲེང་བ་བརྒྱུས་པ་ལྟར་གསལ་བ་ལས་འོད་ཟེར་འཕྲོས། བརྒྱུད་གསུམ་རིག་འཛིན་གྱི་བླ་མ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ཐམས་ཅད་འོད་ཕུང་སྤྲིན་དཀར་འཁྲིགས་པ་ལྟ་བུའི་རྣམ་པར་བསྡུས་ཏེ་ཐིམ་པའི་རྐྱེན་གྱིས་སྤྱི་བོའི་ཨ་དེ་འོག་གི་ཨ་ལ་ཐིམ་པས་གཉིས་ཀྱི་བཀྲག་མདངས་འབར། དེ་བཞིན་མས་རིམ་དུ་གཅིག་ལ་ཐིམ་གྱིས་མཐར་སྙིང་གའི་ཨ་གཅིག་ཏུ་གྱུར་པ་ལ་ཨ་ཉེར་གཅིག་གི་བཀྲག་མདངས་འབར་ཞིང་ཉི་མ་སྟོང་ལས་ལྷག་པའི་གཟི་བརྗིད་ཅན་དུ་གསལ་བའི་འོད་ཟེར་གྱིས་ [38b] བདག་ལུས་སྣང་སྲིད་ཐམས་ཅད་མུན་ཁང་དུ་ཉི་མ་ཤར་བ་ལྟར་འོད་ལམ་མེར་སོང་བར་བསམ་ཞིང་ཨ་ལ་ཤེས་པ་གཏད་དེ་གཉིད་ལོག་པར་བྱའོ། །དེ་ནི་གཉིད་འོད་གསལ་དུ་སྦ་བའི་གནད་ཡིན་ནོ། །དེ་ནས་ཐོ་རངས་འབྱུང་ཁམས་དག་སྦྱོར་གྱི་གནད་ནི། ཐོ་རངས་འབྱུང་ཁམས་དག་སྦྱོར་བྱེད་པ་ལ༔ དང་པོ་མལ་ནས་ལངས་ཏེ་ཧ་ཞེས་སྒྲས༔ དབུགས་རིང་གསུམ་འཕང་དུག་གསུམ་ལས་ཀྱི་རླུང༔ ཁམས་ནག་དམར་དང་ནག་པོའི་རྣམ་པར་ཐོན༔ སྙིང་གའི་ཨ་ལས་མེ་ལས་མེ་སྟག་བཞིན༔ སྨིན་མཚམས་ཐད་ཀྱི་ནམ་མཁའ་སོར་ལྔའི་མཚམས༔ དང་པོ་ཨ་མཐིང་ནམ་མཁའི་རང་བཞིན་དུ༔ གཉིས་པ་ཨ་དཀར་ཆུ་ཡི་སྙིང་པོར་བསྒོམ༔ གསུམ་པ་སེར་པོ་ས་ཡི་རང་བཞིན་དང་༔ བཞི་པར་དམར་པོ་མེ་ཡི་སྙིང་པོ་དང་༔ ལྔ་པ་ལྗང་གུ་རླུང་གི་སྙིང་པོ་རྣམས༔ གསལ་ཏེ་ཤེས་པ་མིག་ལ་གཏད་ནས་སུ༔ མིག་ནི་ཨ་ཡིག་ཉིད་ལ་གཏད་དེ་སྡོད༔ མཐར་ནི་ཨ་ལས་རང་མདོག་འོད་འཕྲོས་ཏེ༔ རང་ལུས་ཕུང་ཁམས་སྣོད་བཅུད་སྣང་བ་ཀུན༔ འོད་ཞུ་མདུན་གྱི་ཨ་ཡིག་ཉིད་ལ་ཐིམ༔ ཨ་ཡིག་འོད་ཞུ་ནམ་མཁའ་ཆུ་དང་ནི༔ ས་མེ་རླུང་རྣམས་དྭངས་མར་འོད་དུ་ཞུ༔ ནམ་མཁས་གར་ཁྱབ་འབྱུང་བའི་ཁ་དོག་གི༔ འབྱུང་བའི་རྣམ་པར་ [39a] བརྡལ་ཁྱབ་ཆེན་པོར་གསལ༔ དེའི་ངང་མཉམ་པར་བཞག་ཅིང་མཐར་ནི་ཡང༔ དམིགས་མེད་ངང་བཞག་བསྔོ་སྨོན་རྒྱ་ཡིས་བཏབ༔ ཅེས་པ་སྟེ། ཐོ་རངས་མལ་ནས་ལངས་མ་ཐག་ཏུ་ཧ་ཞེས་དབུགས་རིང་བ་གསུམ་བུས་ལ། དང་པོས་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་རླུངས་ཁམ་ནག་གི་རྣམ་པར་ཐོན་པར་བསམ། གཉིས་པས་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་རླུང་དམར་ནག་གི་རྣམ་པར་ཐོན་པར་བསམ། གསུམ་པས་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་རླུང་སྔོ་ནག་གི་རྣམ་པར་ཐོན་པར་བསམ་ལ། རང་ལུས་ཕྱི་ནང་གསལ་འགྲིབ་དང་བྲལ་བཟང་ཐལ་འོད་ཀྱི་རང་བཞིན་དུ་གསལ་ཞིང་སེང་གེའི་འདུག་སྟངས་དང་བཅས། སྙིང་གའི་ཨ་ལས་ཨ་མཐིང་ནག་ཞིག་ཆད་དེ་སྨིན་མཚམས་ཐད་ཀྱི་ནམ་མཁའ་ལ་ལིང་ངེར་འདུག་པར་བསྒོམ། ཤེས་པ་མིག་ལ་གཏད་མིག་ཨ་ཡིག་ལ་གཏད་དེ་མ་བཅོས་པར་བཞག །མཐར་ཨ་ལས་འོད་ཟེར་བྱུང་སྟེ་རང་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཀྱི་ཕུང་པོ་དང་བཅས་པ་སངས་ཀྱིས་དག་ནས་འོད་ཕུང་མཐིང་ག་ཞིག་ཏུ་གྱུར་ཏེ་མདུན་གྱི་ཨ་ལ་ཐིམ་པས་གཉིས་མེད་དུ་གྱུར། ཡང་དེ་ལས་འོད་ཟེར་འཕྲོས་པས་ [39b] ཕྱི་ནང་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་ཨ་ལ་ཐིམ་པས་ཨ་ཡིག་དང་བཅས་པ་ནམ་མཁའ་སྔོ་ནག་གི་རང་བཞིན་དུ་གྱུར་པར་བསམ་ལ་འོད་གདངས་དེ་གའི་ངང་དུ་ཅིག་ནས་མཉམ་པར་འཇོག་ཅིང་མཐར་དམིགས་མེད་ཀྱི་ངང་ནས་བསྔོ་སྨོན་བྱའོ། །གཉིས་པ་ཨ་དཀར་ཆུ་ཡི་སྙིང་པོ། གསུམ་པ་ཨ་སེར་ས་ཡི་རང་བཞིན། བཞི་པར་ཨ་དམར་མེ་ཡི་སྙིང་པོ། ལྔ་པར་ཨ་ལྗང་རླུང་གི་རང་བཞིན་ཅན་དུ་བསྒོམ་པ་ལས་རང་མདོག་གི་འོད་ཟེར་འཕྲོ་བ་སོགས་རིགས་བགྲེས་ཏེ་སྦྱངས་པ་ལ་བརྩོན་ནོ། །གསུམ་པ་བར་སྐབས་སུ་འཆི་བ་སྦྱངས་པའི་མན་ངག་ནི། བར་སྐབས་འཆི་བ་སྦྱངས་པའི་མན་ངག་ནི༔ ལུས་ནི་སེང་གེའི་ཉལ་སྟབས་ཀྱིས་གནས་ཤིང་༔ འཆི་བའི་དུས་བབས་ཡིད་ལ་བྱས་ནས་སུ༔ ཤེས་པ་མིག་དང་མིག་ནི་ནམ་མཁར་བལྟ༔ ནམ་མཁའ་རྣམ་པར་དག་པའི་མཁའ་ཀློང་དུ༔ ད་ནི་མྱ་ངན་འདའོ་བསམ་ནས་སྡོད༔ ཡང་གཅིག་གླང་ཆེན་ཉལ་སྟབས་ཀྱིས་སྡོད་ཅིང་༔ བདག་ནི་ངེས་པར་འཆི་བའི་དུས་བབ་ཀྱི༔ དུས་དེ་ཡི་དལ་བྱས་ནས་ཞེན་ཆགས་སྤངས༔ ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ཡིད་བྱེད་ཅིང་༔ གོང་བཞིན་ཤེས་པ་མིག་ལ་གཏད་ནས་སུ༔ མིག་གི་དབྱིངས་སྣང་མངོན་དུ་བྱེད་པ་དང་༔ མ་དག་སྣང་བ་དག་དབྱིངས་དྭངས་མ་རུ༔ གོ་འཕོས་ཟུང་ [40a] འཇུག་ཆེན་པོར་འབྱམས་ཀླས་བཞག༔ སླར་ཡང་དྲང་སྲོང་ཙོག་པུ་གྱིས་སྡོད་ཅིང་༔ མ་དག་འཁོར་བའི་སེམས་དང་སྣང་བ་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ཇི་བཞིན་དུ༔ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ཡིད་བྱེད་ཅིང་༔ དབྱིངས་སྣང་མངོན་བྱེད་སྤྲོས་པ་བྲལ་བར་བཞག༔ གནད་དེས་འཆི་བ་འོད་གསལ་ཆེན་པོར་འཕོ༔ རང་བཞིན་རྣམ་དག་ཞིང་དུ་འཕོ་ནུས་འགྱུར༔ ཞེས་པ་སྟེ། ལུས་སེང་གེའི་ཉལ་སྟབས་དང་བཅས་ད་ནི་བདག་འཆི་བའི་དུས་ལ་བབ་པ་ཡིན་པས་ནམ་མཁའ་རྣམ་པར་དག་པའི་ཀླུང་དུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་ཤེས་པ་མིག་ལ་གཏད་ཅིང་མིག་ནམ་མཁའ་ལ་གཏད་དུ་དབྱིངས་རིག་མི་འགྱུར་བའི་ངང་དུ་མཉམ་པར་འཇོག །ཡང་གླང་ཆེན་ཉལ་སྟབས་དང་བཅས་ཆགས་འཛིན་ཞེན་སེམས་ཐམས་ཅད་སྤངས་ནས་འཆི་བའི་དུས་བབ་ཡིད་ལ་བྱས་ཏེ་མ་དག་སྙིགས་མའི་སྣང་བ་དག་དབྱིངས་དྭངས་མར་གོ་འཕོས་ནས་སྐུ་དང་ཐིག་ལེའི་རོལ་པར་འབྱམས་ཀླས་པར་བསམ་ལ་དབྱིངས་སྣང་མི་འགྱུར་བའི་ངང་དུ་བཞག །ཡང་དྲང་སྲོང་ཙོག་པུར་འདུག་སྟེ་མ་དག་འཁྲུལ་པའི་སྣང་སེམས་ཐམས་ཅད་རྨི་ལམ་དབྱིངས་སུ་སད་པ་ལྟར་རང་བཞིན་སྤྲུལ་པའི་ཞིང་ཁམས་སུ་མཆེད་པར་བསམ་ལ་དབྱིངས་སྣང་མངོན་དུ་བྱས་ཏེ་སྤྲོས་པ་དང་ [40b] བྲལ་བར་བཞག་གོ ། དེ་ལྟར་གནད་དུ་བསྣུན་པས་སྔ་མས་ཆོས་ཀྱི་སྐུར་སངས་རྒྱས། བར་པས་ལོངས་སྤྱོད་རྫོགས་སྐུར་དབུགས་འབྱིན། ཐ་མས་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཕོ་བར་འགྱུར་རོ། །ལེའུའི་སྐབས་བསྡུ་བ་ནི། འབྱུང་བ་ཟད་པའི་སྐྱེ་མཆེད་འགྲུབ་པ་དང་འཆི་བ་སྦྱངས་པའི་མན་ངག་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ༔ ས་མ་ཡ༔ གུ་ཧྱ༔ བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ལ། ཆོས་ཟད་བློ་འདས་ཀྱི་ཚུལ་དང་། གཞོན་ནུ་བུམ་སྐུར་གྲོལ་ཚུལ་གཉིས་ལས། དང་པོ་ཆོས་ཟད་བློ་འདས་ཀྱི་ངང་ཚུལ་བསྟན་པ་ནི། དེ་ལྟར་སྦྱངས་པའི་ཡོན་ཏན་མཐར་ཕྱིན་ཏེ༔ རིགས་ལྔའི་ཚོམ་བུར་རང་མདོག་རེས་མོས་སུ༔ ཤར་ནས་འོད་ཟེར་ཆེན་པོའི་དབང་ནོད་དེ༔ ཆོས་ཅན་སྣང་བ་ཆོས་ཉིད་ཆེན་པོ་རུ༔ ཟད་པས་མི་འཇིགས་གདེངས་ཆེན་བཞི་ཐོབ་སྟེ༔ སྤྲོས་བྲལ་རྣམ་ཐར་གསུམ་ལྡན་བཙུན་མོའི་མཁར༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ངང་དུ་འབྱམས༔ ལུས་ནི་དུར་ཁྲོད་མི་རོ་ཇི་བཞིན་དུ༔ འཇིགས་པའི་ཡུལ་དང་འཇིགས་དང་དོགས་པ་མེད༔ ངག་ནི་བྲག་ལ་བྲག་ཆ་སྣང་བ་བཞིན༔ སྒྲ་རྣམས་ཀུན་གྱི་རྗེས་སུ་ཟློས་པ་ལ༔ འཛིན་དང་ཞེན་པ་མེད་པ་རང་རྡོལ་འོང་༔ ཡིད་དང་འཛིན་རྟོག་ཡེ་ཤེས་དབྱིངས་སུ་ཞིག༔ ཆབ་རོམ་གྲང་ལྷག་སྤུན་ཐག་ [41a] དང་བྲལ་ཚེ༔ ཆུ་ཡི་རང་བཞིན་ཉིད་དུ་ཞིག་པ་བཞིན༔ གཟུང་འཛིན་གཉིས་ཀྱི་སྤུན་ཐག་དང་བྲལ་ཏེ༔ གདོད་མ་གཞི་ཡི་ངང་དུ་འབྱམས་ཀླས་སོ༔ ཞེས་པ་སྟེ། ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་རང་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་པས། ཕྱི་འཁྲུལ་སྣང་གི་ཆ་དང་ནང་འཁྲུལ་རྟོག་སེམས་དང་སེམས་བྱུང་གི་བག་ཆགས་ཐམས་ཅད་ཟད་པ་དང་གསང་བ་འོད་གསལ་གྱི་སྣང་བ་ཐམས་ཅད་ཀྱང་ཆོས་ཉིད་བརྗོད་དུ་མེད་པའི་དབྱིངས་སུ་ཟད་པས་ན་ཆོས་ཉིད་ཟད་པ་སྟེ། དེ་ལྟར་ཟད་པའི་རང་བཞིན་ལ་ཟད་ལུགས་གཉིས་ཀྱི། རིམ་གྱིས་ཟད་པ་ནི། སྣང་བཞི་ཚད་དུ་ཕྱིན་པ་གང་ཡིན་པ་དང་། བློ་མཆོག་གཅིག་ཅར་བ་རེ་ཙམ་ནི་མངོན་སུམ་གྱི་སྣང་བ་ཉིད་གོམས་སུ་བཅུག་པས་གོང་འཕེལ་དང་ཚད་ཕེབས་ཀྱི་རིམ་པ་ལ་མི་ལྟོས་པར་ཟད་པའང་ཡོད་དོ། །དེ་ལ་ཕྱི་རྟགས་སུ་དབྱིངས་དང་ཐིག་ལེ་ཟད་པའི་སྔ་ཐོག་ཏུ་དབྱིངས་ཀྱི་སྣང་བ་མཐིང་གའི་ཀློང་དུ་ཐིག་ལེ་མཐིང་ག་བསེ་ཕུབ་ཙམ་གྱི་ནང་དུ་མི་བསྐྱོད་པ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་སེམས་དཔའ་སེམས་མ་བཞི་དང་བཅས་པ་ལྔ་ཚོམ་དུ་ཤར་བའི་བར་མཚམས་སུ་རྡོ་རྗེ་ལུ་ [41b] གུ་རྒྱུད་མཐིང་ནག་མུ་མེན་གྱི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་འཆར་ཞིང་། སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཟེར་མཐིང་གའི་སྣམ་བུ་རང་གི་སྙིང་གར་ཟུག་པའི་ཐིག་ལེ་མཐིང་ག་བཻཌཱུརྱའི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མར་བྱས་པ་འཆར་རོ། །དེ་རྫོགས་པའི་རྗེས་སུ་དབྱིངས་སྣང་དཀར་གསལ་གྱི་ཀློང་དུ་ཐིག་ལེ་དཀར་པོ་བསེ་ཕུབ་ཙམ་གྱི་ནང་དུ་རྣམ་སྣང་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་སེམས་དཔའ་སེམས་མ་བཞི་དང་བཅས་པ་ལྔ་ཚོམས་སུ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་ཤེལ་གྱི་ཕྲེང་བ་བརྒྱུས་པ་ལྟར་འཆར་ཞིང་། སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དཀར་པོ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་དཀར་པོ་དུང་གི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མར་བྱས་པ་འཆར་རོ། །དེ་རྫོགས་པའི་རྗེས་སུ་དབྱིངས་སྣང་སེར་པོའི་ཀློང་དུ་ཐིག་ལེ་སེར་པོ་བསེ་ཕུབ་ཙམ་གྱི་ནང་དུ་རིན་འབྱུང་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་སེམས་དཔའ་སེམས་མ་བཞི་དང་བཅས་པ་ལྔ་ཚོམས་སུ་ཤར་བའི་བར་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་ཕྲེང་བ་ལྟ་བུར་ཆེ་བ་འོད་དང་ལྡན་པ་འཆར་ཞིང་། སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཟེར་སེར་པོའི་སྣམ་བུ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་སེར་པོ་གསེར་གྱི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མར་བྱས་པ་འཆར་རོ། །དེ་ [42a] རྫོགས་པའི་རྗེས་སུ་དབྱིངས་སྣང་དམར་པོའི་ཀློང་དུ་ཐིག་ལེ་དམར་པོ་བསེ་ཕུབ་ཙམ་གྱི་ནང་དུ་སྣང་མཐའ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་སེམས་དཔའ་སེམས་མ་བཞི་དང་བཅས་པ་ལྔ་ཚོམས་སུ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་བྱི་རུའི་ཕྲེང་བ་བརྒྱུས་པ་ལྟར་འཆར་ཞིང་། ལྷ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དམར་པོ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་དམར་པོ་བྱི་རུའི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མར་བྱས་པ་འཆར་རོ། །དེ་རྫོགས་པའི་རྗེས་སུ་དབྱིངས་སྣང་ལྗང་གུའི་ཀློང་དུ་ཐིག་ལེ་ལྗང་གུ་བསེ་ཕུབ་ཙམ་གྱི་ནང་དུ་དོན་གྲུབ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་ལྔ་ཚོམས་སུ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་གཡུ་ཡི་ཕྲེང་བ་ལྟར་དཀྲིས་ཤིང་འཁྱུད་པའི་རྣམ་པར་འཆར་ཞིང་། སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཟེར་ལྗང་གུའི་སྣམ་བུ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་ལྗང་གུ་གཡུ་ཡི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མར་བརྒྱན་པ་འཆར་རོ། །འོད་དེ་དག་ཤར་མ་ཐག་ཏུ་འོད་ཟེར་ཆེན་པོའི་དབང་ནོད་དེ་དུང་ཁང་དུ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཐམས་ཅད་སྟེང་ཕྱོགས་ཀྱི་རྣམ་པར་སྣང་བའི་ཚེ་ན་སྣོད་བཅུད་སྣང་བ་ཐམས་ཅད་འོད་གསལ་དུ་ [42b] དེངས་ནས་རང་ལུས་ཀྱང་འོད་ཀྱི་ཀློང་དུ་ལག་པའི་སོར་མོ་བཀྲམ་པ་ཙམ་ལས་མི་སྣང་ངོ་། །དེ་ནས་འོད་གསལ་གྱི་སྣང་བ་སྐུ་དང་ཐིག་ལེ་ཐམས་ཅད་སྤྲིན་ཕུང་དབྱིངས་སུ་ཡལ་བ་ལྟར་རིམ་གྱིས་ཡལ་ནས་དག་དང་མ་དག་པའི་སྣང་བ་ཐམས་ཅད་ཟད་པ་སྟེ། དོན་དམ་པར་གནམ་སྟོང་གི་ཟླ་བ་ཅི་ཡང་མེད་པ་ལྟར་སྣང་ཡང་རང་གི་ངོ་བོ་ཆེར་སོང་བ་དང་ཆུང་དུ་སོང་བ་གང་ཡང་མེད་པས་རང་གདངས་དབྱིངས་སུ་ནུབ་པ་ཤེལ་འོད་ནང་དུ་ནུབ་པ་ལྟ་བུའོ། །ནང་རྟགས་སུ་ཚིག་དབང་གིས་སེམས་དག་པས་ཀུན་གཞིའི་སྒྲིབ་པ་དབྱིངས་སུ་དེངས་ནས་མ་རིག་པ་གཞི་ལ་སངས། ཉོན་ཡིད་ཀྱི་ངར་འཛིན་རང་སར་ཞི་བས་གཟུང་འཛིན་གྱི་འཆིང་བ་གྲོལ། ཡུལ་འཛིན་གྱི་ཤེས་པ་ངོ་བོར་གྲོལ་བས་བློ་ཡི་ཟུང་ཟད། ཚོགས་བརྒྱད་ཀྱི་རྟོག་པ་ཡེ་ཤེས་སུ་འཕོས་ཏེ་སེམས་དང་སེམས་བྱུང་གི་རྟོག་པ་ཟད། མཆེད་གཞིའི་སེམས་རྟོག་ཟད་པས་མཆེད་པ་རང་ཡལ། ཡུལ་འཛིན་གྱི་ཤེས་པ་ཟད་པས་གཟུང་བའི་ཡུལ་ཟད། བདག་འཛིན་གྱི་རྒྱ་གྲོལ་ཏེ་ཟག་བཅས་ཀྱི་ཕུང་པོ་ཟད་པའོ། །འདིའི་དུས་སུ་ལུས་དུར་ཁྲོད་ཀྱི་མི་རོ་རྟོག་མེད་ལྟ་བུའི་སྲོག་གཅོད་ཀྱི་གཤེད་མ་སྟོང་གིས་བསྐོར་ཀྱང་བག་ཚ་ཅུང་ཟད་ཙམ་ཡང་མེད་པ་དང་། ངག་བྲག་ཆ་ལྟ་བུར་སོང་ནས་སྒྲ་ཐམས་ཅད་རྗེས་སུ་ [43a] ཟློ་བ་དང་། སེམས་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་རིག་པ་གདོད་མའི་མགོན་པོའི་དབྱིངས་སུ་འབྱམས་ཀླས་པའོ། །དེ་ལྟར་ཆོས་ཉིད་ཟད་པའི་དུས་སུ་མདོ་ལམ་གྱི་ས་བཅུ་པ་ལས་ཆེར་འཕགས་ཤིང་སྔགས་ལམ་དུ་ལྷུན་གྲུབ་རིག་འཛིན་གྱིས་མཆོག་དོན་གྱིས་ཐོབ་པ་ཡིན་ནོ། །ལེའུའི་སྐབས་བསྡུ་བ་ནི། ཆོས་ཟད་བློ་འདས་ཆེན་པོའི་ཚུལ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ༔ ས་མ་ཡ༔ གུ་ཧྱ༔ གཉིས་པ་གཞོན་ནུ་བུམ་སྐུར་གྲོལ་ཚུལ་ནི་༔ སླར་ཡང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་ཉིད༔ དབྱིངས་སུ་ཞིག་ཏེ་དྲི་མ་དང་བྲལ་ནས༔ ཇི་ལྟ་མཁྱེན་པའི་ཡེ་ཤེས་ཆེན་པོ་ཡི༔ ཆོས་ཉིད་དེ་བཞིན་ཉིད་ལ་མངའ་དབང་བསྒྱུར༔ ཇི་སྙེད་གཟིགས་པའི་ཡེ་ཤེས་མངོན་གྱུར་ཏེཿ སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པས༔ འཕོ་ཆེན་དང་ནི་འཇའ་ལུས་ཆེན་པོ་རུ༔ ཡང་དག་རྫོགས་པའི་སངས་རྒྱས་ཐོབ་པ་ཡིན༔ ཞེས་པ་སྟེ། ད་དུང་ཡང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་བག་ལ་ཉལ་བ་ལངས་ཏེ་མཁའ་ལ་གློག་འཁྱུག་པས་སྣང་བ་སྟོན་པ་བཞིན་དུ་རང་ལུས་འོད་ཀྱི་ཀློང་དུ་འོད་ལུས་ལག་སོར་བཀྲག་པ་ཙམ་དུ་སྣང་སྟེ། སྣང་སེམས་སྐབས་འབྱེད་ཅིང་གཏམ་དང་ཆོས་ཚིག་སྔར་བཞིན་སྨྲ་བའི་སྐབས་ [43b] འགའ་མཆིས་ཤིང་། དེ་ནས་ཞག་བཅུ་འམ་ཟླ་བ་གཅིག་གམ་བདུན་ནམ་བཅུ་གཉིས་ནས་ཤེས་སྒྲིབ་ཕྲ་བའི་ཕྲ་བ་དབྱིངས་སུ་དྭངས་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་རྩལ་རྫོགས་ཏེ་ཀ་དག་གཞིའི་ཆོས་སྐུ་ལ་མངའ་དབང་བསྒྱུར། ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱི་རྩལ་རྫོགས་པས་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལ་མངའ་དབང་བསྒྱུར་ཏེ་འཕོ་ཆེན་གཞོན་ནུ་བུམ་སྐུར་སངས་རྒྱས་སྟེ། དེ་ཡང་སྐྱེ་འཆི་བ་སྒྲེས་རྒུད་ཐམས་ཅད་ལས་འདས་པས་གཞོན་ནུ། རང་ཉིད་ཡེ་ཤེས་ཀྱི་ཕུང་པོ་ལས་ཕྱི་རྒྱ་མ་རལ་བས་བུམ་པ། ཡེ་ཤེས་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པས་སྐུ་ཡང་དག་པའོ། །དེ་ལྟར་གྲོལ་བའི་དུས་སུ་དྭངས་མའི་ལུས་དེ་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟར་ཚེ་ཚད་ལ་མི་ལྟོས་པར་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་དུ་འབྱམས་ཀླས་པ་ནི་འཕོ་བ་ཆེན་པོའི་སྐུ་རུ་གྲོལ་བ་ཡིན། ལུས་ལ་འོད་ཁྲིགས་ཤིང་འོད་ཀྱི་ངང་དུ་ཡལ་བ་དང་། མཁའ་ལ་འཇའ་སྤྲིན་འཁྲིགས་པའི་འོད་ཀྱིས་སྣམ་བུས་དཀྲིས་ཤིང་འཇའ་ཚོན་གྱི་ངང་དུ་ཡལ་བ་ནི་འཇའ་ལུས་ཆེན་པོ་སྟེ། དེ་གཉིས་ནི་ལུས་སེམས་མ་བྲལ་བར་སངས་རྒྱས་པའོ། །ཡང་ལུས་སེམས་བྲལ་རྗེས་འཇའ་དང་འོད་ཀྱི་ངང་དུ་ཕུང་པོ་ལྷག་མ་མེད་པར་ཡལ་བ་ནི་འཇའ་ལུས་ཆུང་དུ་དང་། ཞག་གྲངས་བདུན་ [44a] ཕྲག་ཚུན་ཆད་དུ་ལུས་ཀྱི་ལྟོས་པ་ཇེ་ཆུང་དུ་སོང་ནས་མཐར་སྐྲ་སེན་ཙམ་ལས་ལུས་རྡུལ་ཕྲན་དུ་དེངས་པ་ནི་འཕོ་བ་ཆུང་ངུ་ཞེས་བྱ་སྟེ། སྔ་མ་དབང་རབ་དང་བར་པ་གཉིས་དབང་འབྲིང་ཕྱི་མ་གཉིས་དབང་པོ་ཐ་མའི་གྲོལ་ལུགས་ཡིན་ནོ། །དྲུག་པ་མཐའ་རྟེན་གྱི་མན་ངག་བསྟན་པ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་པས། འདི་ལ་མི་འགུལ་བ་གསུམ་གྱིས་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདིང་བཞིས་གྲོལ་ཚད་བསྟན་པ་དང་བཞི་ལས། དང་པོ་མི་འགུལ་བ་གསུམ་གྱིས་གཞི་བཅའ་བ་ནི། ཐལ་འགྱུར་ལས། མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་དུ་ཕེབས་པའོ། །ཞེས་པས། ལུས་བཞུགས་སྟངས་ལས་མི་འགུལ་བས་རྩ་རླུང་རང་དལ། མིག་གཟིགས་སྟངས་ལས་མི་འགུལ་བས་སྣང་བའི་འཕེལ་འཛིན། སེམས་བཟོ་མེད་ལས་མི་འགུལ་བས་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། སྔ་མ་ལས། སྡོད་པ་གསུམ་གྱིས་ཚད་བཟུང་བས། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངོས་བཟུང་བའོ། ། [44b] ཞེས་པས། ལུས་བྱ་བ་ལ་མི་གནས་པར་སྡོད་པས་འཁོར་བའི་འཁྲུལ་རྟོག་འགག །རླུང་འཕེལ་མེད་དུ་སྡོད་པས་རྣམ་རྟོག་གཡོ་བའི་རྐྱེན་ཟད། སྣང་བ་འདར་འཕྲིག་མེད་པར་སྡོད་པས་ཞིང་ཁམས་ཚད་ལ་ཕེབས་པར་བྱེད་དོ། །སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་བ་ནི། གསང་བ་སྒྲ་རྒྱུད་ལས། རབ་ལ་འཆར་དང་འབྲིང་གིས་ཤེས། །ཐ་མ་འགྱུར་བ་ངེས་པ་སྟེ། །ཞེས་པ་ལྟར་དབང་རྣོན་བརྩོན་འགྲུས་ཅན་རབ་ལ་རྨི་ལམ་དབྱིངས་སུ་དག་ནས་འོད་གསལ་དུ་འཆར། འབྲིང་གི་རྨི་ལམ་རྨི་ལམ་དུ་ཤེས་ཏེ་སྤྲུལ་བསྒྱུར་གྱིས་འདའ། ཐ་མ་བག་ཆགས་ངན་པའི་རྨི་ལམ་རྒྱུན་ཆད་ནས་བཟང་པོ་ཤ་སྟག་རྨི་བའོ། །ཞར་ལ་བར་ཆད་བདུད་ཀྱི་རྟགས། འཕེལ་འགྲིབ་ཉམས་ཀྱི་རྟགས། མི་འགྱུར་གསང་བའི་རྟགས་གསུམ་སྟོན་པ་ལ། དང་པོ་བར་ཆད་བདུད་ཀྱི་རྟགས་ནི། སྔར་བཤད་པ་པའི་ཉམས་སྣང་གོང་འཕེལ་གྱི་སྐབས་སུ་བར་ཆད་བདུད་ཀྱི་རྟགས་སྣ་ཚོགས་འབྱུང་སྟེ། ཕ་རོལ་གྱི་སེམས་ཤེས་པ་སྙམ་བྱེད་པ་དང་། ལུས་སྣ་ཚོགས་སུ་སྤྲུལ་ནུས་པའི་སྣང་བ་དང་། གྲིབ་མ་དང་མེ་ལོང་ལ་གཟུགས་བརྙན་གཉིས་སུ་འཆར་བ་རྣམས་བྱུང་ན་གུ་གུལ་གྱི་དུད་པས་བདུག་ཅིང་བདུད་རྩི་ཆེ་ཆུང་གིས་ལུས་བཀྲུས་ཏེ་ཡན་ལག་ལ་ལྡེར་ཚོ་རྙིང་པའི་འདག་པ་བྱུག་པས་སེལ་ལོ། །གཞན་ [45a] ཡང་བགེགས་ཡི་དམ་གྱི་གཟུགས་སུ་བརྫུ་བ་དང་། སྣ་ཚོགས་ལས་ཀྱི་མཁའ་འགྲོ་མ་རྣམས་ཡེ་ཤེས་ཀྱི་མཁའ་འགྲོར་བརྫུས་ནས་གཟུགས་སྟོན་པ་དང་ལུང་སྟོན་པ་སོགས་འབྱུང་བས། དེ་ལ་བདེན་ཞེན་སྐྱེས་ནས་བསྒྲུབ་ན་བདག་ཉིད་མཁའ་འགྲོའི་དབང་དུ་གྱུར་ནས་འཁོར་བ་མཐའ་མེད་དུ་འཁྲུལ་པ་ཡིན་པས། དེའི་དུས་སུ་འཁོར་འདས་རང་སྣང་ལས་མི་གཞན་པའི་ཚུལ་ཤེས་ཏེ་ཞེན་མེད་ཀྱི་ངང་དུ་བཞག་པས་མཁའ་འགྲོ་མ་བདག་གི་དབང་དུ་གྱུར་ནས་གསང་བ་མཆོག་གི་དངོས་གྲུབ་མ་བཙལ་རང་བབས་སུ་ཐོབ་པར་འགྱུར་རོ། །གཞན་ཡང་རང་ཡི་དམ་དྲག་པོ་བསྒོམ་ནས་དྲག་སྔགས་བཟླས་པས་ཀྱང་བར་ཆད་ཐམས་ཅད་ངེས་པར་སེལ་བ་ཡིན་ནོ། །གཉིས་པ་འཕེལ་འགྲིབ་ཉམས་ཀྱི་རྟགས་ནི། རླུང་སེམས་འདུས་ཚུལ་གྱི་རྐྱེན་ལས་ཡིད་བརྟན་མི་རུང་བའི་ཏིང་འཛིན་གློ་བུར་དུ་སྐྱེ་བ་དང་། ནམ་མཁར་ལྷ་སྐུ་དང་འོད་སྣང་འཁྲིགས་པ་སོགས་མ་ངེས་པར་བྱུང་ན། རེས་འགའ་ཆུ་ཡི་དཀྱིལ་དུ་འདུག །ཤིང་གི་བྱང་བུ་སོར་བཅུ་དྲུག་པའི་བར་དུ་མཇིང་པ་ལྟམས་ནས་ལུས་ལ་ཙནྡན་གྱི་མར་ཁུས་བཀུ་མཉེ་བྱ་ཞིང་བསིལ་བའི་ཁ་ཟས་བསྟེན། སྐྱེ་མེད་ཀྱི་སྙིང་པོ་ཨ་བསྒྲངས་པ་སོགས་ཀྱིས་ཡང་དག་པའི་ལམ་དུ་སོར་ཆུད་པར་འགྱུར་རོ། །གསུམ་པ་མི་འགྱུར་ [45b] གསང་བའི་རྟགས་ནི། ཕྱི་འབྱུང་བ་ལ་རང་དབང་བསྒྱུར་བས་ཇི་ལྟར་བསྒྱུར་ཀྱང་བསྒྱུར་བཏུབ་པ་དང་། ནང་འབྱུང་བ་ལ་རང་དབང་བསྒྱུར་པས་ལུས་ལ་གཉེར་མ་མེད་ཅིང་མེ་ལོང་གི་བྱད་ལྟར་དྭངས་པ་དང་། སྐྲ་དཀར་ནག་པོར་འགྱུར་ཞིང་སོའུ་སྐྱེ་བ་དང་། ལུས་ལ་རིགས་ལྔའི་ཕྱག་རྒྱ་དང་ཡི་གེ་བཀྲ་ཞིང་སྐྲ་སེན་སྐྱེ་བའི་རྒྱུན་ཆད་མེད་པ་དང་། ཕྱི་ནང་གི་སྲིན་བུ་ཐམས་ཅད་གྲོལ་བའི་རྟགས་སུ་ཤིག་སྲོ་མི་འབྱུང་བ་དང་། ལུས་ཤིང་བལ་ལྟར་ཡངས་ཤིང་དབུགས་ཀྱི་འགྲོ་འོང་མི་མངོན་པ་དང་། སྙིང་རྗེ་ཚད་མེད་པ་སྐྱེ་ཞིང་ཉོན་མོངས་པ་རང་རྒྱུད་དུ་མི་འཆར་བ་རྣམས་ནི་ཡང་དག་པའི་ལམ་མཐར་ཕྱིན་པའི་རྟགས་གོར་མ་འཕྱུག་པའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཀློང་གསལ་ལས། ཐོབ་པ་གསུམ་གྱིས་གཟེར་གདབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་པས། སྣང་བ་ལ་རང་དབང་ཐོབ་པས་སྣང་སྲིད་གཏེར་དུ་བསྒྱུར་ཀྱང་འགྱུར་བ་དང་། སྐྱེ་བ་ལ་རང་དབང་ཐོབ་པས་སེམས་ཅན་སུམ་སྟོང་ལ་རིག་པ་གཏད་པས་སྤྲུལ་པའི་སྐུ་སུམ་སྟོང་འབྱུང་ཞིང་འགྲོ་དོན་བྱེད་པ་དང་། སྒྲོལ་བ་ལ་རང་དབང་ཐོབ་པས་མཚམས་མེད་ལྔ་སྤྱོད་པའི་སྡིག་པ་ཆེ་ལའང་རིག་པ་གཏད་པ་ཙམ་གྱིས་སྒྲོལ་ནུས་པའོ། བཞི་པ་གདིང་བཞིའི་གྲོལ་ཚད་བསྟན་པ་ནི། རིན་ཆེན་སྤུངས་པ་ [46a] ལས། མི་འགྱུར་ལྟ་བའི་གདིང་ཆེན་བཞིས། །མ་རྟོག་ཡེ་ཤེས་ཚད་ཀྱང་གཟུང་། །ཞེས་པས། རང་རིག་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་གྱུར་པ་དེ་ལས་ཡུལ་རྐྱེན་ལ་མི་ལྟོས་པའི་ཕྱིར་སངས་རྒྱས་སུམ་སྟོང་གི་ཞལ་མཐོང་ཡང་དད་པ་ཅུང་ཟད་ཀྱང་མེད་པའི་གདིང་ཐོབ། རང་གཞི་ཆོས་སྐུ་མཚན་མ་དང་བྲལ་བའི་དབྱིངས་སུ་སད་པས་བདུད་དང་གཤེད་མ་འབུམ་གྱིས་བསྐོར་ཀྱང་བག་ཚ་བ་མེད་པའི་གདིང་ཐོབ། རང་ངོར་རང་གདིང་ཐོབ་པ་ལས་མྱང་འདས་རང་མཚན་མ་མེད་པའི་དོན་གཤིས་ཐོག་ཏུ་ཕེབས་པས་རྒྱུ་འབྲས་རྣམ་སྨིན་ལ་མི་རེ་བའི་གདིང་ཐོབ། རང་ངོ་གདོད་ནས་འཁྲུལ་མི་ཤེས་པའི་ངང་དུ་གྲོལ་བས་འཁོར་བ་དང་ངན་སོང་ལ་དོགས་པ་མེད་པའི་གདིང་ཐོབ་པའོ། །དེ་ལྟར་རྣམ་པ་བཞི་ཚད་དུ་འཁྱོལ་ནས་མྱ་ངན་འདས་པ་ལའང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། མངོན་པ་རྫོགས་པར་སངས་རྒྱས་པ་ལ་གཉིས་ལས། སྔ་མ་ནི་གོང་དུ་སྨོས་པ་ལྟར་ཕུང་པོ་ལྷག་མ་མེད་པར་གྲོལ་བ་དང་། ཕྱི་མ་ནི་འོད་དང་། སྒྲ་དང་། ས་གཡོ་བ་དང་། མི་ཤིགས་པའི་གདུང་དང་རིང་སྲེལ་རྣམས་གདུལ་བྱའི་ལྷག་མ་གྲོལ་བའི་ཆེད་དུ་སྣང་བའོ། །དེ་ཡང་ཆོས་ཀྱི་སྐུ་གཡོ་བ་མེད་པ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་འབྱམས་ཀླས་པ་ལས་གཟུགས་ཀྱི་སྐུ་གང་ [46b] ལ་གང་འདུལ་ཐབས་སྣ་ཚོགས་ཀྱི་སྒོ་ནས། འགྲོ་ཁམས་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་མཛད་པ་ནི་ཟླ་བ་དང་ཆུ་ཟླ་ལྟ་བུ་ཡིན་ནོ། །ད་ནི་གནད་ཀྱི་འགག་དོན་བཤད་པས་མཐའ་བསྡུ་བ་ནི། ལམ་འདིར་འཇུག་པའི་སྐྱེས་བུ་ལས་ཅན་རྣམས༔ མི་ལོ་བཅུ་གཉིས་བར་མ་ཆད་པ་རུ༔ ཉམས་ལེན་གནད་དུ་བསྣུན་པ་གང་སུ་དག༔ འཇའ་ལུས་ཆོས་སྐུ་འགྲུབ་པའི་གཏན་ཚིག་གོ༔ ཞེས་པ་སྟེ། ཟབ་གསང་ཐེག་མཆོག་རྒྱལ་པོའི་ལམ་འདིར་བཞུགས་པའི་སྐྱེས་བུ་སྔོན་སྦྱངས་ཀྱི་ལས་འཕྲོ་དང་ལྡན་པ་དག་གིས། མི་ལོ་བཅུ་གཉིས་བར་མ་ཆད་པར་ཉམས་སུ་བླངས་པས་འཇའ་ལུས་ཆོས་ཀྱི་སྐུ་ངེས་པར་འགྲུབ་པ་ནི་མི་བསླུ་བའི་གཏན་ཚིག་ཀུན་བཟང་རྡོ་རྗེ་འཆང་གི་བཀའ་ཚད་མའོ། །ལེའུའི་སྐབས་བསྡུ་བ་ནི། ཆོས་ཟད་བློ་འདས་ཆེན་པོའི་ས་ལ་ཕེབས་པའི་མཐར་ཟླ་བ་གཅིག་གམ་བདུན་ནམ་བཅུ་གཉིས་ནས་སངས་རྒྱས་ཚུལ་བསྟེན་པའི་ལེའུ་སྟེ་བཅོ་ལྔ་པའོཿ ས་མ་ཡ༔ གུ་ཧྱ༔ དེ་ལྟར་དབང་པོ་རབ་དང་སྦྱངས་བརྩོན་ཕུལ་དུ་གྱུར་པ་རྣམས་ཀྱི་ཚེ་གཅིག་གིས་གདོད་མའི་གྲོལ་གཞིར་དབུགས་འབྱིན་པའི་ཐབས་བསྟན་པ་སོང་ནས། བརྩོན་འགྲུས་སྐལ་པ་འབྲིང་དང་ཐ་མར་གྱུར་པ་རྣམས་ཀྱིས་ཉམས་སུ་ལེན་བྱ་བར་དོ་རྣམ་པ་གསུམ་དང་སྐྱེ་བ་སྤྲུལ་སྐུའི་ཞིང་དུ་ངལ་གསོ་བའི་ [47a] ཚུལ་གནས་ལུགས་རང་བྱུང་གི་རྒྱུད་སོགས་གཞུང་གཞན་དུ་བལྟ་བར་བྱའོ། །གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་གསུམ། ཟབ་ཆོས་གཉན་པོ་གཉེར་དུ་གཏད་པ། གསང་བ་ཆེན་པོའི་རྒྱས་བཏབ་པ། གང་གིས་གཏན་ལ་ཕབ་པའི་མཛད་བྱང་ངོ་། །དང་པོ་ཟབ་ཆོས་གཉན་པོ་གཉེར་དུ་གཏད་པ་ནི། བཀའ་སྲུང་དྲེགས་པ་གནོད་སྦྱིན་དམར་ནག་དང་༔ དབང་ཕྱུག་མ་ཧཱ་དེ་ཝ་ཉིད་ལ་གཏད༔ ཆོས་འདི་ཉམས་སུ་ལེན་པའི་སྐྱེས་བུ་རྣམསཿ ཀ་དག་ཀུན་ཏུ་བཟང་པོའི་ས་རུ་སྐྱོལ༔ བཀའ་ལོག་བསྟན་དགྲ་གདུག་པའི་སྙིང་ཁྲག་རོལ༔ དམ་ཉམས་ལག་ཏུ་མ་ཤོར་ཨ་ཐམ་རྒྱཿ ཞེས་པ་སྟེ། བསྟན་སྲུང་དྲེགས་པའི་གཙོ་བོ་གནོད་སྦྱིན་ཤན་པ་དམར་ནག་དང་དབང་ཕྱུག་མ་ཧཱ་དེ་ཝ་གཉིས་ལ་གཉེར་དུ་གཏད་དེ། ཟབ་ཆོས་འདི་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་དག་གི་མི་འདོད་པའི་འགལ་རྐྱེན་ས་ལམ་གྱི་བར་ཆད་ཐམས་ཅད་སོལ་ལ་མཐུན་རྐྱེན་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབས་ཏེ་ཀ་དག་ཀུན་ཏུ་བཟང་པོའི་ས་རུ་གྲོལ་བའི་སྡོང་གྲོགས་གཉན་པོ་མཛད་པ་དང་། བཀའ་འགལ་དམ་ལོག་བསྟན་དགྲ་གདུག་པ་ཅན་རྣམས་ཀྱི་སྙིང་ཁྲག་དམར་པོ་ཧུབ་ཀྱིས་རོལ་པ་དེ་ལྟ་བུའི་དམ་ཉམས་ཀྱི་ལག་ཏུ་མ་ཤོར་བར་སྲུངས་ཤིག་ཅེས་ཐ་ཚིག་བསྒོས་པའོ། །གཉིས་པ་ [47b] གསང་བ་ཆེན་པོའི་རྒྱས་བཏབ་པ་ནི། ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་རྒྱཿ ཟབ་རྒྱཿ གུ་ཧྱཿ ཨྠྀིཿ ཞེས་པ་སྟེ། རྡོ་རྗེའི་དམ་ཚིག་གཉན་པོ་སྐུ་གསུང་ཐུགས་ཀྱི་རྒྱ་དང་། གསང་ཆེན་གཉིས་ལྡན་གྱི་རྒྱ་དང་། ཟབ་པ་ཆོས་ཀྱི་དབྱིངས་ཀྱི་རྒྱས་བཏབ་པའོ། །གསུམ་པ་གང་གི་གཏན་ལ་ཕབ་པའི་མཛད་བྱང་ནི། ཅེས་པ་འདི་ཉིད་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་མངོན་དགའ་དང་དགེ་དཔལ་དང་ངག་ཕྲིན་རྣམས་ཀྱིས་ཡང་ཡང་ནན་དུ་བསྐུལ་བའི་ངོར༔ ཡུལ་སྐྱོངས་རྫ་རྒྱལ་འཕན་པོའི་ཉེ་འདབས་སུ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་ཡིག་མེད་མཁའ་འགྲོའི་གསང་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མངོན་པར་དགའ་བོ༔ ཞེས་པ་སྟེ། དེ་ལྟར་ཡང་ཟབ་བཅུད་ཀྱི་དྭངས་མ་འདི་ཉིད་རྒྱལ་དབང་པདྨ་མི་ཡི་ཟོལ་འཛིན་གཏེར་ཆེན་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱི་ཐུགས་གསང་འོད་གསལ་ནམ་མཁའི་སྒྲོམ་བུར་སྨོན་ལམ་ཟབ་མོའི་རྒྱས་བཏབ་པ་ཉིད་ཕྱིས་གདུལ་བྱ་འདུལ་བའི་དུས་ལ་བབ་པ་ན་སྔོན་སྨོན་ལས་ཀྱིས་འབྲེལ་བའི་སློབ་བུ་དག་གིས་བསྐུལ་བའི་རྐྱེན་ལས། བསྒོམ་བྱུང་གི་ཤེས་རབ་ཀློང་ནས་རྡོལ་བའི་ཟབ་ཆོས་ཡི་གེ་མེད་པའི་སྐོར། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀློང་ཆེན་ཀུན་ཏུ་བཟང་མོའི་མཁའ་རུ་འགྲོ་འོང་གི་རྣམ་པ་ལྟར་ [48a] དུ་སྣང་བ་མཁའ་འགྲོ་གསང་བའི་མཛོད་ཆེན་དགོངས་པའི་གཏེར་རྒྱ་ཟབ་མོ་ལེགས་པར་བཀྲལ་ཏེ་གཏན་ལ་ཕབ་པར་མཛད་པའོ། །སླར་སྨས་པ། དེ་ལྟར་ཡེ་ཤེས་ཀློང་ཆེན་ཡངས་མཛོད་ནས། །བྱུང་བའི་ཐེག་མཆོག་ཟབ་དོན་བདུད་རྩིའི་བཅུད། །ལེགས་བཤད་མན་ངག་རོལ་མཚོར་བསྐྱིལ་བ་འདི། །སྐལ་བཟང་གདུལ་བྱའི་ཚོགས་ཀྱིས་བརྟེན་བྱ་ཡིན། །ས་ལམ་མང་པོའི་ཡུན་ལ་མ་ལྟོས་པར། །ཚེ་ལུས་གཅིག་གིས་ནང་དབྱིངས་ཆོས་སྐུ། །ངེས་འགྲུབ་མྱུར་ལམ་སྙིང་པོ་འདི་ལྟ་བུར། །འཕྲད་པ་དེ་ཡང་སྔོན་གོམས་བརྟས་ལས་བྱུང་། རྟོག་གེས་རྒྱུད་བསླད་མཁས་རློམ་ཟོལ་ཟོག་ཅན། །སྙིང་པོའི་བསྟན་ལ་བཀུར་འདེབས་སྒྲོ་འདོགས་མཁན། །མེ་ཏོག་མདའ་ཅན་དུག་གིས་ཟིན་པ་ཡི། །ལྟོ་འགྲོས་ཅན་གྱི་རིགས་ལ་འདི་མ་འཚལ། །སྔོན་དགེའི་སྙིང་ཁམས་མཐོ་བའི་སྐྱེས་བུ་རྣམས། །དོན་བརྒྱུད་བྱིན་རླབས་ཕབ་ཀྱིས་ལེགས་དྲན་པའི། །མན་ངག་བདུད་རྩིའི་ཉིང་ཁུ་འདི་གསོལ་ལ། །ཆོས་ཟད་དབྱིངས་སུ་མྱོས་པའི་དགའ་སྟོན་མཛོད། །ཁོ་བོའི་སྟོང་ཉིད་ལྟ་བའི་ན་ཕྲ་ཞིང་། །སྣང་བཞིར་བསྒོམ་པའི་རྩལ་ཆེན་མ་རྫོགས་ཀྱང་། །སྔོན་སྦྱངས་མཐུ་ལ་ངེས་ཤེས་ཅུང་རྙེད་དེ། །འདི་ལྟའི་ [48b] ཟབ་དོན་སྨྲ་བའི་སྤོབས་པ་ཐོབ། །དེ་ལྟ་ནའང་རང་བློ་རྨོངས་པའི་དྲིས། །ནོངས་པར་གྱུར་པའི་ཉེས་པ་གང་མཆིས་པ། །ལྷག་པའི་ལྷ་དང་ཌྰ་ཀི་ཆོས་སྐྱོང་ཚོགས། །ཡེ་ཤེས་སྤྱན་ལྡན་རྣམས་པ་བཟོད་པར་གསོལ། །འདིར་རྟེན་ལེགས་བྱས་དགེ་བའི་དངོས་པོ་དེས། །གསང་ཆེན་བསྟན་པའི་སྙིང་པོ་འོད་སྟོང་ཅན། །མི་ནུབ་གདུལ་བྱའི་མཁའ་ལ་རྟག་འཆར་ཏེ། །ཕན་བདེའི་པདྨོ་རྒྱས་པའི་བཙས་སུ་ཤོག །གདམས་ངག་འདི་ཡང་ཞུས་ལོ་ཐོབ་ལོ་ཙམ། །མ་ཡིན་ཚུལ་བཞིན་ཉམས་སུ་བླང་ནས་ཀྱང་། །རང་གཞན་དོན་གཉིས་འགྲུབ་པའི་གང་ཟག་གིས། །ནོར་འཛིན་ཀུན་ཁྱབ་སྲིད་མཐར་གནས་གྱུར་ཅིག །འདི་སྨྲ་པོ་ཡང་ཚེ་རབས་ཐམས་ཅད་དུ། །ཟབ་དོན་མན་ངག་གཏེར་གྱི་སྒྲོམ་བཟུང་ནས། །རླབས་ཆེན་ཕྲིན་ལས་མཁའ་དང་མཉམ་པ་ཡིས། །འགྲོ་ཀུན་གཞོན་ནུ་བུམ་སྐུའི་སར་འགོད་ཤོག །དེ་ལྟར་ཟབ་གསང་རྫོགས་པ་ཆེན་པོའི་ཡང་ཟབ་མྱུར་ལམ་འཕོ་ཆེན་གདམས་པའི་དོན་འགྲེལ་མན་ངག་རོལ་མཚོ་ཞེས་བྱ་བ་འདི་ནི། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝའི་རྗེས་སུ་ཞུགས་པའི་སྐལ་བཟང་ཅན། སྤྲུལ་མིང་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་དགུར་སོན་པ་རྔ་ཆེན་གྱི་ལོ། ནག་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་ [49a] བའི་ཚེས་ལ་པདྨོ་རྣམ་པར་བཀོད་པའི་གྲོང་ཁྱེར་མཁན་པ་ལྗོངས་ཀྱི་ཆོས་གྲྭར་སྤེལ་བ་སྟེ། འདིས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།